གློག་བརྙན་འོས་སྦྱོར། ཧའེ་ཏིས་དང་སྤོ་བོ། 【海蒂和爷爷】

ཁག་དང་པོ།༼མུ་འགོད།༽

                                                            དཀར་མཛེས། བཞོ་ལུང་།

774535733.jpg

        གློག་བརྙན་འདི་ནི་དུས་རབས་19པའི་*“སུའེ་ཙེར”་གྱི་མིང་དུ་གྲགས་པའི་བྱིས་པའི་རྩོམ་རིག་མཁས་ཅན་“*ཡུའེ་ཧན་ནཱ-ཟི་པིས་ལིས”ཡི་བརྩམས་སྒྲུང་ཞིག་གློག་བརྙན་དུ་བཟོ་བཅོས་བྱས་པ་ཞིག་རེད།   “ང་རང་གློག་བརྙན་འདི་ལས་ཕྱིར་ལོག་ཐུབ་མ་བྱུང་ཟེར་མཁན”ནི་གློག་བརྙན་འདིར་ལྟ་མཁན་ཡོངས་ཀྱི་གཅིག་གྱུར་གྱི་སྐད་ཆ་ཉག་གཅིག་རེད།  དེ་ལ་ཡང་ཁག་ཅི་ཡོད་དེ།   གློག་བརྙན་མགོ་བརྩམས་མ་ཐག་ནས་*“ཨ་ཨར་པེ་སི་”ཡི་རི་བོའི་མཛེས་སྡུག་དང་།   སྔོ་ཐིང་ཐིང་གི་ནམ་མཁའ་རུ་རང་དབང་གི་བྱ་གླག་བཞིན་ལག་གཉིས་གང་འདོད་དུ་བརྐྱང་བསྐུམ་ཆོག་ལ།  ལྟ་ན་སྡུག་པའི་ཁོར་ཡུག་དེ་དག་མིག་ལམ་དུ་མངོན་ཡོང་དུས།  སྐྱེ་འགྲོ་ཡོད་ཚད་ཀྱི་ལུས་སེམས་གཉིས་འཇམ་ཐིང་ངེར་གློག་བརྙན་ཁྲོད་ཀྱི་རང་བྱུང་གི་བཀོད་པ་དང་གཉིས་སུ་དབྱེར་མེད་ངང་འཐིམ་དུ་འཇུག་ཅི་ལ་མི་སྲིད།

222916144.jpg

          རི་བོ་ཨ་ཨར་པེ་སིའི་ཉེ་འདབ་ནས་མིང་ལ་*“ཧའེ་ཏིས”་ཟེར་བའི་བུ་མོ་ཆུང་ཆུང་ཞིག་མངོན་བྱུང་། ཁོ་མོ་རྩྭ་ཐང་དུ་རྒྱུག་གིན་འདུག ཁོ་མོའི་མིག་ཟུང་ན་རང་བྱུང་ལ་དུངས་བའི་བརྩེ་གདུང་གིས་ཁེངས་ནས་འདུག  ཁོ་མོ་ནི་ཨ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་ཞིང་ཨ་ནེའི་ལས་ཀས་རྐྱེན། རི་མགོར་ར་ལུག་འཚོས་ནས་བསྡད་ཡོད་པའི་ཨ་མྱེ་སར་བཙན་གྱིས་བཅུག་པ་རེད། ངག་རྒྱུན་དུ་ཨ་མྱེ་ནི་སྡུག་རྩུབ་ཀྱིས་ཁེངས་བའི་མི་ཞིག་ཡིན་ཟེར། ཡིན་ན་ཡང་ཧའེ་ཏིས་ཡི་ཞི་འཇམ་གྱི་གཤིས་ཀ་དང་། དྭངས་གཙང་གིས་ནམ་རྒྱུན་མི་མངོན་པའི་ཨ་མྱེ་ལགས་ཀྱི་བརྩེ་བ་ཡང་ཕྱིར་མངོན་འདོན་བྱུང་བ་རེད་ལ། དོན་དུ་ཨ་མྱེ་ནི་སྡེ་བའི་ནང་གི་འཆལ་གཏམ་བཤད་པ་ལྟ་བུའི་མི་ཞིག་མ་ཡིན་ཏེ། དེ་ནི་རྒྱ་ནག་པ་ལུའུ་ཞུན་གྱིས་བཤད་པ་བཞིན་*“མི་རྣམས་ཀྱི་གོ་རྟོགས་སད་ཚེ་ཁ་རོག་གེར་འགྱུར་ངེས་ཡིན།  དེ་ནི་མི་དང་འབྲེལ་འདྲིས་བྱེད་པའི་ནུས་པ་མེད་པ་མིན་པར། མི་ལ་ཐུག་དུས་ཟློས་གར་འཁྲབ་པའི་སྤྲོ་སྣང་མེད་པ་དེ་རེད།”ཞེས་པ་དང་གཉིས་སུ་མེད་པ་ཞིག་རེད།  ཨ་མྱེ་ལགས་ནི་འཚོ་བ་མངོན་ཆུང་གིས་རོལ་ཞིང་། གྲོང་ཁྱེར་ལྟ་བུའི་འདུ་འཛི་ལ་ཡིད་སུན་ཡོད་མཁན་ཞིག་རེད།  དེ་ལྟར་ཧའེ་ཏིས་ཨ་མྱེ་ལགས་དང་ཧ་ཅང་མཐུན་པར་གྱུར་ལ་ཧའེ་ཏིས་ཡིས་རིམ་བཞིན་ལུག་འཚོ་བའི་རྒྱུད་རིམ་ཁྲོད་པྲ་ཆལ་གྱི་*“ཕིས་ཏི”དང་ཕིས་ཏི་ཡི་རྨོ་རྨོ་ལགས་ཀྱང་ངོ་ཤེས་པར་གྱུར་བ་རེད།

1278802478.jpg

         ཉིན་ཞིག་ཨ་ནེས་འབྱོར་ལྡན་ཁྱིམ་ཚང་ཞིག་གི་བུ་མོའི་རྐང་པ་ཞ་ཡོད་ས་སུན་སྣང་སེལ་བྱེད་ལ་རྩེད་རོགས་མེད་པས། ཧའེ་ཏེས་འདུག་རོགས་ལ་བཙོང་འཆར་བྱས་ཏེ་རི་མགོར་ཧའེ་ཏེས་ལེན་པར་ཡོང་བ་རེད། དེ་ལ་ཨ་མྱེ་མོས་འཐད་གཏན་ནས་མེད་པར་མ་ཟད་ཨ་ནེ་ལ་ཡང་དུས་རྒྱུན་ཏུ་རྣམ་འགྱུར་ཡག་པོ་ཞིག་ཀྱང་སྟོན་པར་མི་བྱེད། འོན་ཀྱང་ཨ་ནེས་སྒོར་མོའི་ཆེད་ཧའེ་ཏེས་ཡི་བྱིས་བློ་བེད་སྤྱད་དེ་ལུག་འཚོ་བའི་གོ་སྐབས་དུ་བསྟུན་ཨ་མྱེས་འཐད་ཡོད་པའི་རྫུན་བཤད་དེ་ར་རྫི་ནས་ཧའེ་ཏེས་ཕྱིར་གྲོང་ཁྱེར་གྱི་འབྱོར་ལྡན་པ་ཞིག་གི་བུ་མོའི་རྩེད་རོགས་ལ་བཙོང་བ་རེད། དེ་ལྟར་རིམ་བཞིན་ཧའེ་ཏེས་འབྱོར་ལྡན་གྱི་སྲས་མོ་*“ཁུ་ལཱ་ལཱ”དང་གྲོགས་པོར་གྱུར་སོང་ལ། ཁོང་གཉིས་ཀྱི་རང་རང་གི་ནང་སེམས་སུ་གནོན་མི་ཐུབ་པའི་སྡུག་བསྔལ་རིག་ཞིག་གབ་སྦས་ཀྱི་ཚུལ་དུ་ཡོད་པར་མ་ཟད། ཧའེ་ཏེས་ཡིས་སྐུ་དྲག་འཚོ་བ་མི་གོམས་བཙན་གྱིས་རོལ་དགོས་བྱུང་ཡོད། ཡིན་ནའང་རྐྱེན་ངན་གྲོགས་སུ་ཤར་ནས་ཉིན་ཞིག་སྒྲུང་བཤད་པའི་ཨ་ཕྱི་ཞིག་གིས་མཚར་སྣང་ཅན་ཅན་གྱི་སྒྲུང་ཞིག་གི་མཇུག་ཤེས་ཆེད་ཧའེ་ཏེས་ཡིས་རིམ་བཞིན་ཡི་གེ་འབྲི་ཀློག་ཐུབ་པར་གྱུར་ན་ཡང་། དེ་ལྟར་གྲོང་ཁྱེར་ནས་རྒྱང་རིང་ལ་ཕྱོགས་པའི་ནས་སེམས་ཀྱི་དྲན་པས་ཧེའེ་ཏེས་ཡི་མཚན་ལ་རྨི་ལམ་འཁྲུལ་བར་གྱུར་ལ་ཉིན་ཀར་ཟ་འཐུང་གི་ཡི་གའང་འགག་པར་གྱུར། ཉིན་རེའི་འཚོ་བ་ལམ་ལུགས་ཅན་རོལ་མགོ་ཚུགས་པ་ནས་ཧེའེ་ཡི་སེམས་སུ་རང་ཉིད་ཕྱིར་ལོག་འདོད་ཆེ་ཞིང་། ཨ་མྱེ་དང་ཕིས་ཏི་ད་དུང་ཕིས་ཏི་ཡི་རྨོ་རྨོ་ལགས་ལ་འཕྲད་འདོད་ཤིན་ཏུ་ཆེ། ད་དུང་གང་འདོད་ལྟར་ཟ་འཐུང་བྱ་ཆོག་པའི་ཨ་མྱེ་ཡི་ལག་ཟས་དང་ཞོགས་ཇའི་འོ་མ་འཐུང་བར་འདོད་ཅིང་། དེ་ལས་ལྷག་པ་ནི་ཨ་མྱེ་ལགས་ཀྱི་བྱམས་སྐྱོང་དང་བརྩེ་བ་དྲན་པ་རེད། ཧའེ་ཏེས་ཡིས་རྒྱུན་ཏུ་ཁུ་ལཱ་ལཱར་ཨ་ཨར་པེ་སི་རི་བོའི་མཛེས་སྡུག་དང་ལམ་ལུགས་མེད་པའི་ཨ་མྱེ་ལགས་དང་མོ་གཉིས་ཀྱི་འཚོ་བ་བཤད་བཞིན། མལ་ཁྲི་གཅིག་ལས་ཉིན་ཞག་མང་པོ་འདས་པ་རེད།  ཨ་མྱེ་ལགས་ཀྱིས་ཀྱང་ཧའེ་ཏེས་མེད་པའི་ཉིན་མཚན་ནི་འདའ་དཀའ་བར་བྱུང་ནས་ཡོད།

1824579839.jpg

           ཧའེ་ཏེས་ནི་སྒྲིག་ལམ་དྲ་བའི་ནང་གི་སྐུ་དྲག་གི་འཚོ་བར་གོམས་ལོབ་སུ་འགྲོ་མི་ཐུབ་པར། རང་དབང་གི་རྩྭ་ཐང་དང་གངས་འདབ་སུ་ལོག་འདོད་ཆེ་བས་ཉིན་ཞིག་སེམས་སྡུག་གིས་ན་ནས་སྨན་པ་དང་ཡི་གེ་སློབ་པས་ཨ་ཕྱི་གཉིས་ཀྱིས་ཕྱིར་བསྐྱལ་དགོས་རྒྱུའི་སེམས་ཐག་བཅད་པ་རེད།  དེར་ཁུ་ལཱ་ལཱ་མི་འཐད་པའི་རྣམ་འགྱུར་བསྟན་ན་ཡང་ཧའེ་ཏེས་ཕྱིར་མ་ལོག་ཚེ་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད་ལུགས་ཀྱིས་ཧའེ་ཏེས་ཕྱིར་རི་མགོར་ལོག་སོང་པ་རེད།

        ཧའེ་ཏིས་ཡིས་ཁུ་ལཱ་ལཱར་འཕྲིན་ཡིག་བཏང་བ་དང་མི་མཐུད་ལུག་འཚོས་ནས་བསྡད་ཡོད།   བློ་ཡུལ་འདས་པ་ཞིག་ལ་ཉིན་ཞིག་ཁུ་ལཱ་ལཱའང་ཧའེ་ཏེས་དྲན་པས་ཨ་ཨར་པེ་སི་རི་བོའི་ཉེ་འགྲམ་གྱི་ཧའེ་ཏེས་ལ་བལྟ་རུ་ཡོང་བ་རེད།   དེ་སྔོན་ཁུ་ལཱ་ལཱ་ཡིས་རང་བྱུང་གི་མཛེས་པ་ལོངས་སུ་སྤྱད་མ་མྱོང་ལ། ཧེའེ་ཏེས་ཡིས་ནམ་རྒྱུན་བཤད་པའི་འཚོ་བ་ནི་ཁུ་ལཱ་ལཱར་མཚོན་ན་སྒྲུང་དེབ་ནང་གི་འཇིག་རྟེན་ཞིག་ཏུ་སྣང་ཡོད། ཁོ་མོའི་འཚོ་བ་སྐུ་དྲག་ཁྱིམ་རྒྱུད་ཡིན་ནའང་། དོན་དུ་འཚོ་བ་སྡོམ་གཅུན་དང་ལམ་ལུགས་ཅན་གྱིས་རོལ་ཡོད་པས་རེད།   དེའི་ཕྱིར་ཁོ་མོའི་སླད་མེད་ཀྱི་གྲོགས་པོ་ཧའེ་ཏིས་ཡི་བརྩེ་བ་དང་།  རང་བྱུང་གི་མཛེས་པ། ད་དུང་རྒྱ་ཆེ་ལ་གཏིང་མཐའ་མི་དཔོག་པའི་ནམ་མཁའ།  མཐོ་ལ་བརྗིད་ཆེ་བའི་ཨ་ཨར་པེ་སི་རི་བོའི་ཉེ་འགྲམ་དེ་ལྟ་བུ་ཞིག་ལོངས་སུ་སྤྱད་མ་མྱོང་། བསམ་ཡུལ་ལས་འདས་པ་ཞིག་ནི་དེ་ལྟ་བུའི་ཁོར་ཡུག་ཞིག་ནས་རྐང་པ་ཞ་་ཡོད་པའི་ཁུ་ལཱ་ལཱ་ཡང་ཡར་ལང་ནས་འགྲོ་ཐུབ་སོང་བ་རེད།   འཚམ་འདིར་སླེབ་དུས་གློག་བརྙན་མཇུག་གྲུབ་ལ་ཉེ་ཞིང་མ་ཡིག་བརྩམས་སྒྲུང་གི་ཡང་མཇུག་མཐའི་ལེའུ་ལ་ཐོན་ཡོད་ཚོད་རེད།  དེ་དུས་ཧའེ་ཏེས་ལ་ཡི་གེ་ཀློག་སློབ་མཁན་གྱི་ཨ་ཕྱི་དེ་ཡང་ཧའེ་ཏེས་ལ་བལྟ་རུ་ཡོང་ཡོད་ལ།  ཧའེ་ཏེས་ལ་སྔོན་ཆད་བཤད་མྱོང་བའི་སྒྲུང་དེབ་ལྟ་བུ་ཞིག་ལེགས་སྐྱེས་ལ་ཁྱེར་ནས་ཐོན་མེད་པར་འབྲི་དེབ་སྟོང་བ་ཞིག་དང་སྨྱུ་གུ་ཞིག་སྐྱེས་ལ་སྤྲད་པ་རེད། ཧའེ་ཏེས་ཡིས་ཅིའི་ཕྱིར་དེ་ལྟའི་འབྲི་དེབ་སྟོང་པ་ཞིག་སྤྲད་པས་དོན་མ་གོ་བར་རེ་ཞིག་མགོ་འཐོམ་པར་གྱུར་པ་ལ།  ཨ་ཕྱི་ལགས་ཀྱིས་བཤད་རྒྱུར། “ད་ནི་ཁྱོད་ཀྱིས་གཞན་གྱི་སྒྲུང་རྐྱང་པ་བཀླགས་ནས་འདུག་རྒྱུ་མིན་པར།  རང་གི་མི་ཚེའི་སྒྲུང་འབྲི་བའི་དུས་ཚོད་ལ་སླེབས་པ་རེད་ཞེས་བཤད།” ད་དུང་“གལ་ཏེ་ཚེ་སྲོག་གི་ཁྲོད་དུ་ཁྱོད་ལ་སྤྲོ་སྣང་སྐྱེས་སུ་བཅུག་ན་ཁྱོད་ཀྱིས་དེ་སྒྲུབ་ཆོག   གཞན་གྱིས་ཅི་ཞིག་བཤད་པར་ཁ་ཡ་མ་བྱེད་”ཞེས་ཧའེ་ཏིས་དང་ཧའེ་ཏིས་ལྟ་བུའི་མི་རེ་རེའི་མི་ཚེར་སྡོམ་ཚིག་ལྟ་བུ་ཞིག་བཞག་ནས་གློག་བརྙན་གྱི་མཇུག་གྲུབ་པ་བྱས་ཡོད།

2017490997.jpg


གློག་བརྙན་བལྟ་སའི་སྦྲེལ་ཐག https://mp.weixin.qq.com/s/yD31ZfeREsrgQbDOdw-7KA

*1 瑞士 བསྡུས་མིང་ལ་"་སུའེ་ཙེར་"་ཟེར་། ཡོ་རོབ་གླིང་གི་དབུས་རྒྱུད་དུ་ཡོད་ཅིང་། བྱང་འཇར་མན་དང་ས་མཚམས་འབྲེལ་ནས་ཡོད་པ། ཤར་ཨོ་སི་ཁྲུ་རི་ཡ་དང་ལེ་ཀྲི་ཏུན་ཧྲི་ཏེང་དང་། ལྷོ་དབྱི་ཊ་ལི་དང་ནུབ་ཧྥ་རན་སི་བཅས་ལ་འབྲེལ་ཡོད། ནགས་ཚལ་དང་ཆུ་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་41284ཡོད་པ་དང་། 2021ལོའི་བར་དུ་མི་གྲངས་བསྡོམས་འབོར་ཁྲི་873.8ཡོད་པ་དང་། སྡོད་དམངས་ཀྱིས་གཙོ་བོ་གནམ་བདག་ཆོས་ལུགས་དང་ཆོས་ལུགས་གསར་པར་དད་མོས་བྱེད་ཀྱི་ཡོད།
*2  约翰娜·斯比丽  (1827-1901) 1827 ལོར་ཡུའེ་ཧན་ན་·ཟི་པིས་ལིས་ནི་སུའེ་ཙེར་སུའུ་ལི་ཧྲི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་སྐྱེས། ཁོ་མོའི་ཨ་ཕ་ནི་སྨན་པ་ཞིག་ཡིན་པ་དང་། ཨ་མ་ནི་སྙན་ངག་པ་ཞིག་རེད། 
*3  阿尔卑斯山 ཨ་ཨར་པེ་སི་རི་རྒྱུད་ནི་ཡོ་རོབ་ནུབ་རྒྱུད་ཀྱི་ཆེས་མཐོ་བའི་རི་རྒྱུད་དེའི་མིང་ཡིན་པ་དང་། རི་རྩེ་ཧྲིལ་པོར་གངས་གསོག་ཐེབས་པས་རི་ལུང་ཡོངས་ལ་འཁྱགས་རོམ་ཆགས་ཡོད་པ་རེད། ཡོ་རོབ་གླིང་གི་ལྷོ་ཕྱོགས་ན་ཡོད་།  ནུབ་ཧྥ་རན་སིའི་ཤར་ལྷོའི་རྒྱུད་ནས་དབྱི་ཐ་ལིའི་བྱང་རྒྱུད་དང་སུའེ་ཙེར་གྱི་ལྷོ་རྒྱུད།  ལེ་ཀྲི་ཏུན་ཧྲི་ཏེང་།  འཇར་མན་གྱི་ལྷོ་རྒྱུད་བཅས་བརྒྱུད་དེ་ཤར་ཨོ་སི་ཁྲུ་ལེ་ཡ་དང་སི་ལོ་ཝུན་ནེས་ཡ་བར་ཡིན། 
*4  阿努克·斯特芬 “海蒂”ཧའེ་ཏིས་ནི་གློག་བརྙན་གཙོ་འཁྲབ་ཁྲོད་ཀྱི་བུ་མོ་སྙིང་རྗེ་མོ་དེའི་མིང་ཡིན།  2004ལོའི་ཟླ་12ཚེས་19ཉིན་སུའེ་ཙེར་དུ་སྐྱེས་པ་དང་འཁྲབ་སྟོན་པ་ཡིན།
*5  རྒྱ་ནག་པ་ལུ་ཞུན་གྱི་སྐད་ཆ།“人一旦悟透了就会变得沉默,不是没有与人相处的能力,而是没有了逢人作戏的兴趣。”——鲁迅 
*6  昆林·艾格匹“彼得”ཕེས་ཏི་ནི་ར་ལུག་འཚོ་རོགས་ཀྱི་བྱིས་པ་བྲ་ཆལ་དེའི་མིང་ཡིན།2001-06-01 ཉིན་སུའེ་ཙེར་དུ་སྐྱེས་པ་དང་འཁྲབ་སྟོན་པ་ཡིན།
*7  གསལ་བཤད།  百度གོང་བཀོད་ཀྱི་པར་དང་རྒྱུ་ཆ་འཚོལ་ཞིབ་རྒྱ་འདུ་ནས་བླངས་པ་ཡིན།

                                                                   ༢༠༢༣.༡༡.༢༨

དཔྱད་མཆན་ཡོད།