འབྲོག་ཁྱིམ་ཞིག་དང་ཉེ་བར་བཅར་བ།

 

 

  སྐུ་ཞབས་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས་སྒྲོལ་མའི་མགུལ་རྒྱན་ལ་བལྟས་པ།

3194403804e5da7297ddd8fc.jpg

གཅིག  གླེང་སློང་བའི་རོལ་དབྱངས།

         ཆ་འཕྲིན་དུས་རབས་སུ་ཆེས་རྒྱུགས་ཆེ་བ་ནི་གློག་བརྙན་ཞེས་པ་གཟུགས་སུ་མཐོང་ཐུབ་པའི་སྒྱུ་རྩལ་བརྩམས་ཆོས་འདི་ཡིན་ལ། ནུབ་གླིང་བས་གློག་བརྙན་སྒྱུ་རྩལ་གྱི་རིམ་པ་དེ་ད་ལྟ་མིས་དངོས་སུ་འཁྲབ་པའི་ཚད་རིམ་ལས་བརྒལ་དེ་གློག་རྡུལ་དང་ཨང་གྲངས་ཀྱིས་བསྒྲིགས་པའི་མངོན་མེད་འཆར་ཡན་གྱི་སྟོང་བའི་ཡང་རྩེར་སོན་འདུག  ཡིན་ན་ཡང་འདི་དག་གི་ཁྲོད་ནས་ང་ཚོའི་མིག་ཟུང་གིས་དེའི་ཆེས་ལེགས་པའི་ཆ་དང་ཞན་པའི་ཆ་གང་ཡང་མཐོང་མི་ཐུབ། དེ་ནི་གཅིག་ན་ང་ཚོར་ད་རུང་མངོན་མེད་རྟོག་བཏགས་ཀྱི་འཆར་ཡན་འཇིག་རྟེན་ལ་ཆ་རྒྱུས་དབེན་པ་དང་གཉིས་ན་ང་ཚོར་གློག་བརྙན་བརྩམས་ཆོས་ཀྱི་རིག་གནས་ཐོག་མར་འབུས་བཞིན་པའི་སྒང་ཡིན་པའི་རེད། དྲང་མོར་བཤད་ན་ལོ་འདི་དག་གི་རིང་ལ་ང་ཚོ་བོད་ཁམས་སུ་རིན་ཐང་ཡོད་མེད་ཀྱི་གློག་བརྙན་བརྩམས་ཆོས་རེ་གཉིས་འཕྲོ་རིམ་འཕྲོར་ཐོན་བྱུང་ན་ཡང་བོད་རང་གི་འཚོ་བའི་ཟུར་ཁ་མང་པོ་གཟུགས་སུ་ཕབས་པའི་མར་དྲི་དང་རྩམ་དྲི་ཅན་གྱི་གློག་བརྙན་ཞིག་རྩ་བ་ནས་ཡོད་ཚོད་མ་རེད། ཡིན་ན་ཡང་མེ་ཁ་འདི་ཐོག་མར་གསོ་མཁན་ནི་སྐུ་ཞབས་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས་སྒྲོལ་མའི་མགུལ་རྒྱན་ཞེས་པ་དེ་རེད་ཅེས་བཤད་ན་ཡང་མི་ཆོག་པ་མེད། ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་འདིའི་ཁྲོད་ནས་ང་ཚོས་རང་གི་སྐྱིད་ལ་སྡུག་པའི་བྱིས་དུས་ཀྱི་ལང་ཚོར་ཕྱིར་དྲན་བྱེད་ཐུབ་ལ། ང་ཚོས་རང་གི་འཚོ་བའི་ཟུར་ཁ་ན་ཉམས་རྒུད་དུ་འགྲོ་བཞིན་པའི་སྲོལ་རྒྱུན་གྱི་རིག་གནས་རེ་རེ་ཡང་སྔོག་འདོན་བྱེད་ཐུབ། ང་ཚོས་ད་རུང་ཡ་རབས་ཚང་ལ་ཕྲེང་བཟུང་མང་ཟེར་བའི་བོད་མིའི་འཚོ་བ་རོལ་སྟངས་དང་རིན་ཐང་ལྟ་ཚུལ་མང་པོ་ཞིག་ཀྱང་རིམ་གྱིས་ཉམས་སུ་མྱངས་ཐུབ།

གཉིས། གློག་བརྙན་གྱི་བརྗོད་དོན་འོས་སྦྱོར་དང་བསམ་གཞིག།

           ད་ལོ་གསར་དུ་ཕབས་བསྐྲུན་བྱས་པའི་གློག་བརྙན་འདི་ནི་ཁོང་གིས་བོད་ཀྱི་གནའ་རབས་གཏམ་རྒྱུད་མོ་སྟོན་ཕག་མགོ་གཞིར་བཟུང་ནས་འཁྲབ་སྟོན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དེའི་བཞུག་གི་བརྩམས་ཆོས་ཡིན་ལ། ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་བྱུ་རུའི་སྐེ་རྒྱན་གྱི་ཞན་ཆ་རེ་འགའ་ཡོངས་སུ་དོར་ནས་བོད་ཀྱི་འཚོ་བ་མཚོན་པའི་ཟུར་མང་པོ་ཁ་གཟབ་བྱས་པའི་ཆ་ཚང་ཚད་ལྡན་གྱི་གློག་བརྙན་ཞིག་རེད་ལ།ལོ་རབས་བརྒྱད་བཅུ་བའི་ནང་གི་བོད་འབངས་མང་ཚོགས་ཀྱི་རིན་ཐང་ལྟ་ཚུལ་གཙོ་བོ་སྟེ།གཡུ་དང་བྱུ་རུའི་ལུས་པོ་གཅིར་རུང་མཛེས་དཔྱོད་དུ་བརྩི་བའི་འཚོ་བ་དེའི་ཁྲོད་ཀྱི་ཆེས་སྤྱིར་བཏང་ངམ་འཚོ་བའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་པའི་འབྲོག་ཁྱིམ་ཕལ་བ་ཞིག་གི་བྱིས་པ་ཕོ་མོ་གཉིས་ཀྱི་ལང་ཚོ་གཙོར་བཟུང་ནས་ཨ་ཅེ་སྒྲོལ་མའི་དུས་ནམ་ཡང་རང་ཉིད་ལ་རྩ་ཆེ་བའི་བྱུ་རུའི་སྐེ་རྒྱན་ཞིག་ཡོད་ན་སྙམ་པའི་ཕུགས་བསམ་གྱི་རྨི་ལམ་ནི་ནམ་ཡང་ཉམས་མ་མྱོང་ལ། ཉིན་དང་མཚན་ལ་རེ་ལྟོས་ཀྱིས་ཁེངས་པའི་ཁོ་མོས་སེམས་པ་མ་བསམ་ས་ནས་རྫོང་མཁར་ལ་ཚོང་རྒྱག་དུ་སོང་བའི་ཕ་རྒན་གྱི་ཆུ་འཁྱག་གང་གིས་བརླན་དུ་བཅུག་པས་མོའི་ཨ་མའི་མིག་ཆུ་ཡང་མཁུར་ཚོས་ངོས་ནས་དལ་གྱིས་བབས།

          ཨུ་ཐུག་ཐབས་ཟད་དུ་གྱུར་བའི་ཕ་རྒན་གྱིས་ཡ་ཁོག་གི་སྙིང་དང་ཡ་ཐོད་ཀྱི་མིག་ལྟ་བུའི་བུ་མོས་རེ་བ་འགྲུབ་ཆེད་མོར་ངེས་བཏགས་སུ་ཡོད་པའི་འབྲི་མོ་རྒྱ་ཐོ་མ་རྒྱ་ཤན་པའི་ལག་ལ་མི་འཇོག་ག་མེད་བྱུང་། བརྩེ་བ་ཞིག་དང་དུངས་བ་ཞིག སྤོབས་པ་ཞིག་དང་སྙིང་རྗེ་ཞིག་གི་རྐྱེན་གྱིས་སྲིང་མོ་སྒྲོལ་མའི་རྨི་ལམ་དུ་ཡང་བོར་མ་མྱོང་བའི་བྱུ་རུའི་སྐེ་རྒྱན་དེས་རང་གི་ངེས་བཏགས་འབྲི་མོས་ཚེ་སྲོག་དེ་ཤན་པའི་ལག་ནས་ཕྱིར་འཕྲོག་སོང་།ཚེ་སྲོག་དེའི་ཆེད་དུ་བྱུ་རུ་དམར་ཆུང་ལ་ཡང་རིན་ཐང་ཅི་ཡང་མེད་པའི་བརྒྱུད་རིམ་གསོན་པོ་ཞིག་ང་ཚོའི་མིག་ལམ་དུ་བསྟར་ཡོད།

         སྤྱིར་བཏང་གི་འབྲོག་ཁྱིམ་འདིའི་བརྙན་ཡོལ་བརྒྱུད་ནས་བདག་གིས་ནམ་ཡང་རང་ཉིད་ཆུང་དུས་སུ་མྱངས་པའི་ལང་ཚོའི་སྟོབས་ཤུགས་མང་པོ་ཞིག་གི་དྲན་པའི་སྒོ་མོ་ཡོངས་སུ་ཕྱེ་རུ་བཅུག་བྱུང་ལ། དེ་དང་མཉམ་པོར་མ་སྒུལ་མ་འགུལ་བར་རིམ་གྱིས་ཉམས་བཞིན་པའི་ངོ་གདོང་གཞན་ཞིག་གི་རྒས་གཉེར་རེ་རེ་ཡང་དྲན་པའི་རྩིག་ལྡེབས་ངོས་སུ་བབས་ཡོང་།

         དཔེར་ན་ཞོགས་པའི་སྐྱ་མདའ་དང་ལྷན་དུ་ཨ་མའི་མེ་ཁ་གསོས་ནས་ཇ་སྐོལ་བཞིན་ཚ་གསུར་ཁེམ་གང་འཕུད་རྒྱུ་ནི་གནའ་སྔ་མོ་ནས་ཡོད་པའི་བོད་མིའི་མཆོད་འབུལ་གལ་ཆེན་ཞིག་ཡིན་པ། ས་སྲོས་ཀྱི་ཉི་མ་ནུབ་རིར་བསྐྱལ་བ་དང་མཉམ་པོར་དགོང་ཟས་ཞིམ་པོའི་བཞུག་ནས་ཁ་བཏོན་འདོན་རྒྱུ་དེ་རིག་གནས་གསར་བརྗེ་ཆེན་པོས་ཀྱང་རྩ་གཏོར་གཏོང་མི་ཐུབ་པའི་བོད་མིས་རྣམ་ཤེས་གསོན་པོ་ཞིག་ཡིན་པ། བུ་མོ་འགྲོ་ས་གནས་ཡིན་ཟེར་ནས་ལོ་ལོན་ཏག་འཚོགས་དེ་གཞོན་ནུ་མ་དེ་རང་གི་སྐྱ་ཡ་ཅི་འདྲ་ཞིག་ལ་ཐུག་པར་ཨ་མའི་ནུ་རིན་བླངས་བའི་རྗེས་ནས་མ་གཏོགས་ཤེས་མི་ཐུབ་པ་ནི་འབྲོག་པའི་གླེན་རྟགས་ཚ་བོ་ཞིག་དང་སྙིང་ཉེ་བའི་ཁོ་མོའི་ལས་དབང་ཡིན་པ། གྲྭ་ལྭ་གྱོན་མཁན་ཞིག་ཡིན་ན་ལོ་ཡི་ཆེ་ཆུང་ལ་མི་བལྟ་པར་ལས་དབང་ལ་བལྟ་མཁན་ཡིན་པར་འདོད་ནས་ཕྱག་ཕྲེང་གཡུག་གཡུག་འགའ་བྱས་པའི་སྐད་ཆ་མང་པོ་ཞིག་ལ་ཁུངས་ལུང་མེད་རུང་ལྷ་ཡི་མཛུབ་སྟོན་དུ་བསམ་པ།གློག་བརྙན་འདིའི་འདི་དང་འདི་ལྟ་བུའི་ང་ཚོས་གནས་བབ་ཀྱི་ཚུལ་མང་པོ་ཞིག་ལྷང་ལ་འཕུད་འདུག་པས་ང་ཚོས་སྤྱི་ཚོགས་སུ་ད་བར་དུ་འདི་ལྟ་བུའི་འཚོ་བ་གསོན་པོའི་གློག་བརྙན་ཞིག་གཏན་ནས་བྱུང་མྱོང་མེད། སྤྱི་འགྲོས་གཅིག་ལྟ་བུའི་སློབ་ཆེན་པ་སྐོར་ཞིག་གིས་ནང་འཁྲུག་ལ་རྒོལ་བའི་གློག་བརྙན་ལྟ་བུ་རེ་འཁྲབ་སྟོན་བྱེད་ཁུལ་བྱས་མོད། ཡིན་ན་ཡང་དེའི་ནང་ནས་མི་སྣའི་སེམས་ཁམས་གསོན་པོར་རིག་དུ་འཇུག་པའི་སྟོབས་ཤུགས་རྩ་བ་ནས་འདོན་མྱོང་མེད་ལ།མིག་ལམ་དུའང་རི་མོ་བྲིས་པ་བཞིན་གྱི་སྣང་བརྙན་ཐར་ཐོར་རེ་ཙམ་མོ། གློག་བརྙན་འདིའི་ནང་དུ་ད་རུང་མཐོང་དཀོན་པའི་འབྲོག་པའི་འཚོ་བའི་ལས་རིགས་མང་པོ་ཞིག་གི་ཟུར་སྣེ་ཡང་བརྙན་ཡོལ་བརྒྱུད་ནས་ང་ཚོའི་མིག་ལམ་དུ་བསྟར་ཡོད་སྟེ། དཔེར་ན་སྒྲོལ་མའི་ཨ་མས་དུས་ཚོད་ཙམ་ཡོད་དུས་སུ་འཕང་བཀལ་ནས་མགོ་སྦྲའི་སྣམ་བུ་འཐག་པའི་རྨང་གཏིངས་བཞིན་པ།སྒྲོལ་མ་མོས་ཀྱང་ཕྲ་ཆལ་སྐལ་བཟང་ནོར་རྫིར་སོང་ཤུལ་ནས་ཨ་མར་རོགས་བྱས་ནས་རྡོ་མཆིག་བསྐོར་བཞིན་རྩམ་པ་འཐག་པ་སོགས་ད་ལྟ་ཕལ་ཆེར་དཀོན་པའི་ཚོད་དུ་འདུག་པ་འདི་འཁྲབ་ཁྲིད་པའི་མིག་གིས་གཏོང་མ་ཐུབ་པའི་བོད་ཀྱི་འཚོ་བ་དངོས་ཡིན་ལ།མི་འགྱང་བར་བརྙན་ཡོལ་ངོས་ནས་མ་གཏོགས་ཉམས་རྒུད་དུ་འགྱུར་བའི་བོད་ཀྱི་འཚོ་བའི་ལོ་རྒྱུས་དངོས་ཡང་ཡིན་ངེས། 

 གསུམ། གློག་བརྙན་འདིའི་ཁྱད་ཆོས།

          གློག་བརྙན་འདིར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་འདིའི་བོད་རང་གི་སྤྱི་ཚོགས་འཚོ་བའི་ངོས་སུ་འཐིམས་མྱོང་བའི་གནའ་རབས་ཀྱི་རྩེད་འཇོར་རོལ་སྟངས་ཁྱད་པར་བ་མང་པོ་ཞིག་ང་ཚོའི་མིག་ལམ་དུ་བསྟན་ཡོད་ལ། འདི་དག་དུས་རབས་གཅིག་ལྷག་འགོར་ན་ཕྱི་རབས་པས་གཏན་ནས་ཤེས་ཐབས་མེད་པའི་བསྡུས་གཟུགས་ཙམ་དུ་མི་འགྱུར་བའི་ངེས་པ་ཡང་གཏན་ནས་མེད། བདག་གིས་འདི་དག་ནི་གློག་བརྙན་འདིའི་ཆེས་ལེགས་པའི་ཆ་རུ་འདོད་ལ། རང་རིགས་ཀྱི་འཚོ་བའི་ཆ་དངོས་སུ་ཕབས་བསྐྲུན་བྱས་པའི་ལོ་རྒྱུས་ཀྱི་རིན་ཐང་ཡང་ལྡན་སྙམ། དེ་དག་རེ་རེ་བཞིན་ཞིབ་དཀྲོལ་བྱས་ན།  སྐལ་བཟང་དང་བདེ་སྐྱིད། སྒྲོལ་མ་གསུམ་གྱིས་རི་འགོ་ནས་ནོར་ལུག་འཚོ་བཞིན་འབའ་འདེབས་པ་དེའི་བོད་པ་མང་པོ་ཞིག་ལ་རང་གི་འདས་ཟིན་པའི་ལང་ཚོའི་འོད་མདངས་ལ་ཕྱིར་དྲན་བྱེད་དུ་འཇུག་སྲིད་ལ། རང་རིགས་ལ་མ་གཏོགས་མེད་པའི་ཁྱད་འཕགས་ཀྱི་བྱིས་པའི་རྩེད་འཇོ་འདི་ལྟ་བུ་ད་ལྟ་ཉམས་ཟིན་པའི་མི་ཚད་འདིར་སྤྲོ་སྣང་ལྡན་པའི་བྱིས་པ་ཡང་མང་པོ་མི་འདུག དེ་མིན་ད་རུང་བྱ་བ་གང་དང་གང་ལ་ཡང་བར་ཆད་གཏོང་མཁན་ཡོད་པ་ནི་ཆོས་ཉིད་ཡིན་པའི་དགོས་གལ་རང་བཞིན་དེ་སྒྲོལ་མ་དང་བདེ་སྐྱིད་གཉིས་ཀྱིས་འབའ་བཏབ་ནས་སྐལ་བཟང་ལ་ར་མ་འགེལ་དུས་སུ་ཁོས་གདོང་ལ་ཕྲ་ཆལ་གྱི་མདངས་མངོན་ནས་ཁོང་གཉིས་ལ་འབའ་སྒུལ་བྱས་ན་ཡང་ཁོ་མོ་གཉིས་ཀྱིས་དེར་སྣང་དོགས་མི་བྱེད་པ་དང་རྒྱུན་ལྡན་ཞིག་ཏུ་བརྩི་བ་འདི་ཡང་ང་ཚོའི་རང་གི་འཚོ་བའི་ཁྲོད་ཀྱི་བསླབ་བྱ་ཞིག་ཏུ་ངེས་བཟུང་ན་ཡང་མི་འགྲིག་པ་མེད་སྙམ། བོད་པའི་གཏམ་དཔེར་བུ་བཟང་ན་ལག་ཆ་ཐང་ན་ཡོད་ཟེར་བ་འདིར་གོ་བ་གཞན་ཞིག་བླངས་ན་ང་ཚོ་བོད་པའི་རང་གི་གནས་བབ་དང་ཁོར་ཡུག་ལ་མཐུན་པའི་འཚོ་བ་རོལ་སྟངས་ཧ་ཅང་མང་པོ་ཞིག་གསར་གཏོད་བྱས་ཡོད་པ་དང་དེ་ལ་དེ་མཐུན་གྱིས་བློ་རིག་ཉིས་འཛོམས་ཡིན་ན་ས་གང་དང་གནས་གང་ནས་ཡིན་རུང་རང་གི་འཚོ་བ་རང་གིས་བཀོད་སྒྲིག་བྱེད་ཐུབ་པ་ཡང་རིམ་གྱིས་རྟོགས་ཡོང་།

          གདོད་མ་ནས་རྟ་ཞོན་མྱོང་བའི་མི་རིགས་འདིར་རྟ་ཐོག་གི་མི་རིགས་ཞེས་མ་ཐོགས་ན་ཡང་ཆུང་བྱིས་པ་ནས་རྒན་མགོ་དཀར་མན་གྱི་མི་སུ་ཞིག་ཡིན་རུང་རང་ཉིད་ལ་ལུག་ནོར་འཚོ་རོགས་སུ་མཁོ་བའི་ཅང་ཤེས་ཡ་མེད་ཞིག་དགོས་པ་ནི་མ་རབས་སྐལ་བཟང་གིས་སྨྱུག་མ་ཞོན་ནས་ཅང་ཤེས་ཀྱི་ཚད་དུ་འཛིན་པའི་དགོས་མཁོའི་ཀུན་སློང་གཙང་མ་དང་མ་འོངས་ཕུགས་འདུན་ཡག་པོ་འདི་ཡིས་ཀྱང་ཅི་ལ་མི་ཤེས་སམ། ཐ་ན་རང་གི་ཨ་ཅེ་སྒྲོལ་མས་ཀྱང་སྨྱུག་མ་ཞོན་ནས་ཞེས་འཕྱ་སྨོད་མི་བྱེད་པའི་མི་ཚད་རྟ་ཞོན་ན་ཐང་ཡངས་སར་སོང་ནས་ཞོན་ཟེར་བ་འདིས་ཀྱང་སྟག་ཤར་ཞིག་ལ་མཁོ་བའམ་དགོས་པ་ནི་རྟ་ཡིན་པའི་གནས་ལུགས་དེ་བདེན་དཔང་བྱས་པའི་མི་ཚད་བྱིས་པ་དག་གི་རྩེད་འཇོར་རོལ་བའི་སྨྱུག་མ་དེ་ཡང་ང་ཚོ་བོད་མིའི་མིག་ལམ་ནས་ནམ་ཡང་ཅང་ཤེས་དངོས་མ་ཞིག་ལ་བརྩི་བ་ཡང་རྒྱུན་འཇུམ་དུ་སོང་འདུག  འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་མ་འདྲ་བའི་དབང་གིས་བྱིས་པ་དག་གིས་མྱངས་བའི་སློབ་གསོའི་བརྒྱུད་རིམ་ཡང་དེ་དང་འདྲ་བར་མི་འདྲ་བ་ཡང་འདི་ནས་ཤེས་རྟོགས་ཐུབ།

          དེ་མིན་ད་རུང་གློག་བརྙན་འདིའི་ནང་དུ་སྐབས་དེའི་བོད་སྤྱི་ཚོགས་ཀྱི་འཚོ་བའི་ཟུར་སྣེ་གཞན་མང་པོ་ཞིག་ཀྱང་ཡོད་དེ། དཔེར་ན། སྒྲོལ་མའི་ཨ་མ་ནད་པ་ཡིན་རུང་བཟོད་བསྲན་བྱས་ནས་སྨན་ཁང་དུ་མི་འགྲོ་བའི་མི་ཚད་ཁྱིམ་ལས་ཙག་ཙིག་མང་པོ་ཞིག་ལ་རང་གིས་ཨུ་ཚུགས་བྱས་ནས་འཐམ་པའི་མཇུག་འབྲས་སུ་ཡུལ་ན་མི་གཅིག་ཀྱང་མེད་པའི་སྐབས་སུ་ནོར་ལྷས་ནས་དྲན་མེད་ངང་བརྒྱལ་བ། མ་རབས་སྐལ་བཟང་དང་ཨ་ཅེ་སྒྲོལ་མ་གཉིས་ཀྱི་ཁ་བརྡ་ཞིག་གི་ཁྲོད་ནས་སྐལ་བཟང་སློབ་གྲྭར་འགྲོ་འདོད་ཡོད་རུང་ཕ་མས་འགྲོ་རུ་འཇུག་འདོད་མེད་པ་དང་རྒྱུ་མཚན་ནི་བུ་གཅིག་པུ་དང་གཅེས་ཕྲུག་ཡིན་པས་ཡིན་པ། མ་རབས་སྐལ་བཟང་གིས་རྣམ་ཤེས་ཡར་མར་ལ་འཁོར་ནས་ལྕགས་ར་ལས་དུས་ལག་པ་ཚེར་མས་བསྣད་ན་ཡང་རྨ་ཁར་ས་བཏབ་ནས་སྨན་གསོ་བྱེད་བཞིན་པ། འདི་དང་འདི་ལྟ་བུའི་མཐོང་སྣེ་མང་པོ་ཞིག་དོན་དངོས་ཐོག་ང་ཚོའི་སྤྱི་ཚོགས་སུ་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ང་ཚོས་ལོ་རྒྱུས་ཞེས་པ་ནི་གདོས་ཆེ་ཞིང་བརྩེགས་མཐོ་བའི་གསུང་འབུམ་ཁོ་ནར་ངོས་བཟུང་ན་མི་འགྲིག་ལ། ནམ་ཞིག་འདི་ལྟ་བུའི་སྣང་བརྙན་མང་པོ་ཞིག་ཀྱང་ལོ་རྒྱུས་སུ་མི་འགྲུབ་པའི་བདེན་དཔང་ཡང་སུ་ལ་མེད་དོ།

 བཞི། ཚེ་སྲོག་གི་རྒྱང་འབོད།

          སྔོན་ཆད་ནས་བཟུང་བོད་པ་ཚང་གིས་ནོར་ལུག་གི་རྨིག་རྗེས་ནས་རང་ལ་དབང་བའི་རི་ཀློང་གི་མཛེས་སྡུག་ལོངས་སུ་སྤྱོད་བཞིན་ལྷིང་འཇགས་དང་ཁུ་སེམ་གྱི་འཚོ་བ་ཞིག་བསྐྱལ་དེ་འོངས་བ་རེད། འཚོ་བ་འདིའི་ཁྲོད་ནས་ཁོ་ཚོས་རང་བྱུང་དང་ཆོས་ཉིད་གྱི་འགྲོ་ཚུལ་ལ་རྡོག་བརྫིས་གཏན་ནས་བཏང་མ་མྱོང་བའི་མི་ཚད་མཛའ་མཐུན་གྱི་ལག་རྡང་སྦྲེལ་བའི་རང་བྱུང་གི་འབོད་པ་མང་པོ་ཞིག་ལ་ཡང་གཡབ་མོ་བྱས་མྱོང་། གློག་བརྙན་འདིའི་ཁྲོདདུ་ཡང་འདི་ལྟ་བུའི་དཔེར་མཚོན་གྱི་བརྗོད་གཞི་ཡང་རིམ་གྱིས་ང་ཚོའི་མིག་ལམ་དུ་བསྟར་འདུག ཨ་ཅེ་སྒྲོལ་མ་དང་ཁོའི་ནུ་བོ་སྐལ་བཟང་གཉིས་ཀྱིས་ཨ་མས་བཤད་པ་ལྟར་རི་འགོར་བུད་ཤིང་འཐུ་རུ་སོང་དུས་ཀྱང་ལོ་ཟླའི་རླུང་ཆར་དང་བུ་ཡུག་བཙག་སྐམ་གྱིས་བཏུལ་བའི་སྡོང་བོའི་ཡན་ལག་སྐམ་པོ་ས་རུ་འཐོར་བ་ཏག་བཏུས་པ་མ་གཏོགས་ཚེ་སྲོག་ཙམ་ཡོད་པའི་ཉམ་ཐག་ཡལ་ག་ཚོ་བཙན་གྱིས་མ་བཅད་མ་འཐུས་པར་མ་ཟད་སྒྲོལ་མ་རང་ཉིད་ཀྱང་བསམ་ཤེས་གྱི་ཚུལ་དུ་འགྲེང་ནས་སྐལ་བཟང་ལ་སྡོང་བོའི་ཡན་ལག་རློན་པ་གཅོད་མི་ཉན་པའི་ཁ་ཏ་བསླབ་བྱ་བཏང་། འདི་ནི་འབྲོག་ཁྱིམ་དངོས་མ་ཞིག་གི་གཅེས་ཕྲུག་ཆུང་ཆུང་གཉིས་ཀྱིས་ནམ་རྒྱུན་རི་ཀློང་དང་ཆུ་འགྲམ་ནས་འཚོ་བ་རོལ་བའི་ལོ་རྒྱུས་ཀྱི་དོན་དངོས་ཡིན་ལ། ཁོ་ཚོས་རང་བྱུང་ལ་སྲུང་སྐྱོབ་བྱས་པའི་མ་སྐུལ་དང་བླངས་ཀྱི་འབོད་བརྡ་ཡང་ཡིན།ང་ཚོར་འདི་དང་འདི་ལྟ་བུའི་རང་རྟོག་གི་འདུ་ཤེས་གསོན་པོ་ཞིག་ཡོད་པས་མི་རབས་མང་པོར་ལྷིང་འཇགས་དང་ཁུ་སེམ་གྱི་འཚོ་བའི་དཔའ་ཀློང་ནས་རང་བྱུང་གི་ཉེས་ཆད་དང་ཁྲིམས་ཡིག་མ་དགོས་པ་རེད། ང་ཚོར་འདི་དང་འདི་ལྟ་བུའི་རང་སྲུང་གཞན་གཅེས་ཀྱི་ཀུན་སློང་གཙང་དྭགས་ཅིག་ཡོད་པས་ཆུང་བྱིས་པ་ཡིན་རུང་གཞན་ལ་མི་གཙེས་པའི་ཞི་དུལ་གྱི་རང་གཤིས་ཤིག་ཆགས་པ་རེད། ད་ལྟ་ཡོད་ཚད་སྟོང་སང་སང་ནས་སྐྱ་ཐིང་ཐིང་དུ་གྱུར་བའི་འབྲོག་སྡེ་ཆེན་པོ་འདིའི་ཕྱི་ནང་གསང་གསུམ་ལ་ཕྱིར་མིག་རེ་འཕེན་དུས་ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་ལོ་རྒྱུས་གྱི་བདེན་ཁ་ནས་འགྲེང་བའི་བྱིས་པ་ཆུང་ཆུང་འདི་གཉིས་ལ་བསྟོད་པའི་འདེམས་བྱང་མི་འཕེན་མཁན་སུ་ཞིག་ཡོད་དམ།

ལྔ་བ། སྐྱེལ་ཞུས་ལག་བརྡ།

          གློག་བརྙན་བརྩམས་ཆོས་ཡང་ཡིག་ཐོག་བརྩམས་ཆོས་དང་འདྲ་བར་སེམས་པའི་གཏིང་རིམ་ལ་སྦས་པའི་ན་ཟུག་གིས་ཉམས་སུ་མྱང་ཆོག་ལ། ཡིད་ཀྱི་མཁའ་དབྱིངས་སུ་འཕྱོ་བའི་འདར་སྐྱོམས་ཀྱི་གཡོ་འགུལ་གྱིས་མྱང་ན་ཡང་ཆོག གང་ལྟར་ཀྱང་སྒྲོལ་མའི་སྐེ་རྒྱན་ཞེས་པའི་གློག་བརྙན་འདིས་ཁོ་བོ་མཐའ་ཡས་པའི་རྩྭ་ཐང་ཆེན་པོ་ཞིག་གི་འབྲོག་སྡེ་རུ་ཁྲིད་ནས་འདས་ཟིན་པའི་ལང་ཚོ་མང་པོ་ཞིག་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་མཉམ་པོར་རང་གི་ཉེ་འཁོར་ན་ཉམས་རྒུད་དུ་འགྲོ་བཞིན་པའི་རིག་གནས་ཤིག་གི་སྔ་ཕྱི་ལ་ཡང་ཡིད་ཚིམ་པའི་དྲིས་ལན་སྟབས་བདེ་ཤིག་བཏབ་བྱུང་། དེའི་ཕྱིར་ཆར་བ་ཟམ་ཟིམ་འབབ་པའི་སྨག་གནག་གི་མཚན་ལྗོངས་ཤིག་ལ་ངས་ཡང་སྙིང་ཅི་ལྟར་མྱོང་རོལ་བྱེད་དགོས་པ་མི་ཤེས་པའི་གློག་བརྙན་འདིའི་ཁྱད་མཚར་གྱི་ཆ་ཤས་དག་ཀློག་པོ་དག་ལ་བཞག་པ་ཡིན།

དཔྱད་མཆན་ཡོད།