གློག་བརྙན་འོས་སྦྱོར། ཁྲོས་མིན་གྱི་འཇིག་རྟེན།【楚门的世界】

ཁག་གཉིས་པ།༼མུ་འགོད།༽

དཀར་མཛེས། བཞོ་ལུང་།

微信图片_20231213180230.jpg

       གློག་བརྙན་འདི་ནི་སྔ་རྗེས་སུ་ཐེངས་16ཙམ་ལ་བཟོ་བཅོས་བྱས་པ་དང་མ་དངུལ་ཧ་ཅང་འབོལ་ཆེན་བཏང་བ་རྒྱུད། སྤྱི་ལོ་1999 ལོར་སྐབས་71པའི་*“ཨོ་སི་ཁཱ”ཡི་ཆེས་ལེགས་པའི་གསར་གཏོད་འཁྲབ་གཞུང་གི་བྱ་དགའ་ཨང་དང་པོའི་མིང་ཐོབ་པ་དང་། *“ཅིན་ཁེ་རུའེ”ཡིས་གློག་བརྙན་འདི་ལ་བརྟེན་ནས་སྐབས་56པའི་*“ཨ་རིའི་གསེར་ལྒང་”གི་སྐྱེས་པ་གཙོ་འཁྲབ་པའི་བྱ་དགའ་བླངས། སྤྱི་ལོ1998ལོའི་ཟླ་6ཚེས་1ཉིན་གློག་བརྙན་འདི་ཨ་རི་ནས་ཤར་གཏོང་བྱས་པ་དང་། གོ་ལ་ཧྲིལ་བོར་པ་སེ་བཙོང་ཚད་དུང་ཕྱུར་གཅིག་དང་ཁྲི་བཞི་སྟོང་ལ་ཉེ་བར་བཤད།

微信图片_20231213180242.jpg

         གློག་བརྙན་ལེགས་པོ་ཞིག་ཡིན་ཕྱིན་གཏམ་རྒྱུད་ཙམ་བཤད་པ་མ་ཡིན་པར་གློག་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་བེད་སྤྱད་ནས། མི་ཚེའི་གནས་ལུགས་དང་འཚོ་བའི་ཉམས་མྱོང་། མིའི་གཉུག་གཤིས་ཀྱི་བག་ཉལ་འདུ་ཤེས་སོགས་སྤྱི་བསྡོམས་གྱི་ཚུལ་གྱིས་འཁྲབ་ཚིག་དང་འཁྲབ་སྟོན་པ་བརྒྱུད་ལྟད་མོ་བར་ཚུར་སྣང་བྱ་རྒྱུ་དེ་རེད། གློག་བརྙན་འདི་ཡང་དེ་ལས་མ་འདས་ཏེ། *“ང་ཚོ་ནི་གློག་བརྙན་ཡིན་ལ། གློག་བརྙན་ཡང་ང་ཚོ་ཡིན་ཞེས་བཤད་”པ་ནི་གློག་བརྙན་འདི་ལྟ་བུ་ཞིག་ལ་བཤད་པ་མིན་ན་གློག་བརྙན་གཞན་ཞིག་བགྲང་དཀའ་སྟེ། ཁྱོད་ཀྱིས་གྲགས་ཆེ་བའི་*“ཁྲོས་མིན་གྱི་འཇིག་རྟེན”ཞེས་པའི་གློག་བརྙན་འདིར་ལན་གཅིག་བལྟས་ན། ཁྲོས་མིན་ནི་ཟློས་གར་འཁྲབ་ཡོལ་ཞིག་ལས་ཧམ་སེམས་ཆེ་བའི་ལེ་ཚན་ཞིག་གིས་ཁོ་རང་ཟློས་གར་མཁན་ཞིག་གི་ཚུལ་གྱིས་གསོ་སྐྱོང་བྱས་ཡོད། ཁོའི་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ། གྲོགས་དང་གཉེན་ཉེ། མཐའ་ན་ཁྱིམ་ཚང་གཅིག་པའི་ཕ་མ་དང་ཆུང་མ་སོགས་ཀྱང་ཟློས་གར་འཁྲབ་མཁན་ཞིག་གམ་ཁྲོས་མིན་ལ་མགོ་སྐོར་གཏོང་མཁན་ཡིན་ཏེ། མི་ལོ་སུམ་ཅུའི་གོང་གི་ཁྲོས་མིན་ནི་གསོ་འཕེལ་རང་བཞིན་གྱི་ལག་རྩལ་ཚོད་ལྟ་ཞིག་ཡིན་ལ། ཁོའི་འཚོ་བ་མི་ཕལ་བ་ཞིག་ལྟར་བསྐྱེལ་ཐུབ་མིན་གོ་ལ་ཧྲིལ་བོར་དུས་ཚོད་ཉེར་བཞིའི་རིང་ཐད་གཏོང་བྱས་ཡོད།

微信图片_20231213180248.jpg

       ཁྲོས་མིན་ནི་བློ་རིག་བཀྲ་བའི་མི་ཞིག་ཡིན་ཕྱིན། རང་གི་འཇིག་རྟེན་ལ་སོམ་ཉི་བྱ་མགོ་བརྩམས་ཤིང་། ལད་ཟློས་རང་བཞིན་གྱི་ཞོགས་པ་ནས་མཚན་མོའི་འཚམ་འདྲི་ཡིས་ཁྲོས་མིན་གྱི་འཚོ་བའི་བསྐྱར་ཟློས་མཚོན་ཡོད་ལ། ལད་ཟློས་དེ་དག་གིས་ཁོའི་ནང་སེམས་ལ་སྔར་ལས་ལྷག་པའི་ཐེ་ཚོམ་དང་དྲི་གཞི་མང་པོ་བཏོན་པར་གྱུར། རང་གི་ཆུང་མའི་བྱ་སྤྱོད་དང་གཞན་གྱི་མིག་འོག་ན་འཚོ་ཞིང་རྗེས་འདེད་ཀྱི་ཁ་མིག ད་དུང་གཟེབ་དྲ་ལྟ་བུའི་གླིང་ཕྲན་ཆུང་ཆུང་དེ་རུ་རང་གི་མ་འོངས་པ་ཡང་གཞན་གྱིས་བཀོད་སྒྲིག་དང་འཆར་འགོད་བྱས་ཡོད་པ་ཤེས་རྗེས། ཁྲོས་མིན་ཟློས་གར་འཁྲབ་ཡོལ་འདི་ལས་བརྒལ་འདོད་དང་རང་དབང་གི་རྨི་ལམ་འཚོལ་བསྙེག་བྱ་ཆེད་རང་གི་ཚེ་སྲོག་ཀྱང་འདོར་ཕོད་ཀྱི་ཆོད་སེམས་ཤིག་སེམས་སུ་བཅངས་ནས། འཚོ་བ་དང་མི་ཚེའི་རིན་ཐང་ལ་རེ་བསྙེག་བྱས་ཤིང་། མིག་གིས་ཟིན་ཙམ་གྱི་ནང་སེམས་ལ་དྲང་མོའི་ལམ་བུ་སྟོན་མཁན་གྱི་བདེན་པའི་བུད་མེད་ཅིག་ཀྱང་བཙལ་བ་རེད།

       མ་གཞི་ནས་ཤེས་རབ་ཆེ་བའི་མི་དག་ནི་ཕལ་བའི་ཚོགས་དང་འདྲེས་པར་མི་འགྱུར་བར་བདེན་པའི་ལམ་བུར་གོམ་པ་སྤོ་རྒྱུར་དགའ་བ་འདྲ་སྟེ། སྔོན་གཞོན་ནུ་དོན་གྲུབ་ཀྱིས་ཀྱང་ཐེ་ཚོམ་གྱི་དྲ་བ་གཅོད་ཕྱིར། རྒྱལ་སྲིད་འཁོར་འབངས་དང་། ཆུང་མ་བུ་ཕྲུག ཡབ་ཡུམ་སྐུ་འཁོར་དང་བཅས་པ་ཤུལ་དུ་བཞག་ནས་རྟ་མཆོག་བསྔགས་ལྡན་གྱིས་གཙང་པོ་ཡིད་འོང་ལྡན་གྱི་ཕ་རོལ་བརྒལ་ཐབས་བྱས་པ་མིན་ནམ། རིན་ཆེན་རྒྱན་ཆ་དཀྲོལ། གནག་སྣུམ་སྐྲ་ལོ་གཅོད་བྱེད་ཀྱི་རྩ་བ་ཡང་ཟློས་གར་ལྟ་བུའི་འཚོ་བ་རོལ་མི་འདོད་ཅིང་། རང་དབང་གི་འཚོ་བ་དང་དྲི་གཞིས་ཁེངས་པའི་ནང་སེམས་ཀྱི་སོམ་ཉིའི་འཆིང་བ་གྲོལ་ཕྱིར་དབེན་པ་རུ་སེམས་ཀྱི་དྲིས་ལན་འཚོལ་དུ་ཕྱིན་པ་མིན་ནམ།

微信图片_20231213180302.jpg

           དོན་དུ་མི་ཚང་མ་ཁྲོས་མིན་གྱི་འཇིག་རྟེན་ན་གསོན་ཡོད། ཁྲོས་མིན་གྱིས་སྲོག་དང་བསྡོས་ནས་ཟློས་གར་གྱི་འཁྲབ་ཡོལ་གཙང་པོ་ཆེན་པོ་དེ་བརྒལ་རྗེས། མི་རེ་རེའི་བསམ་བློར་བར་སྟོང་རྒྱ་ཆེན་པོ་ཞིག་བཞག་པ་དང་གློག་བརྙན་དྲི་བ་ཐེངས་ཤིག་གི་ཟོལ་གྱིས་མཇུག་གྲུབ་པ་བྱས་ཡོད། མཇུག་ཏུ་ལེ་ཚན་གཙོ་སྒྲུབ་པས་བཤད་པ་བཞིན་མི་རེ་རེ་གློག་བརྙན་ཁྲོད་ཀྱི་ཁྲོས་མིན་ཡིན་པའི་ཚུལ་གྱིས་དྲི་གཞི་ཆེན་པོ་ཞིག་བཏོན་ཡོད། “ཕྱི་ཡི་འཇིག་རྟེན་ཀྱང་ཟློས་གར་ལྟ་བུའི་འཇིག་རྟེན་གཞན་ཙམ་ཡིན་པའི”དབང་དུ་བྱས་ན། ཁྱོད་ཀྱིས་མཐར་ཐུག་གདམ་ག་གང་ཞིག་བྱ་རྒྱུ་དེ་རེད།

        མཐར་གློག་བརྙན་གྱི་ཚོར་འདུ་གླུ་གཞས་སུ་བྲིས་པའི་གཞས་པ་ཞིག་གིས་བབ་ཆགས་རང་བཞིན་གྱི་ཚིག་དབྱངས་ངག་གསུམ་གྱིས། གློག་བརྙན་གྱི་ཚོར་བའི་རླབས་རིས་བྲག་ཅ་འཁོར་བའི་ཚུལ་གྱིས་ཁྱོད་ཀྱི་རྣ་བར་སྙན་འཇེབས་ཀྱིས་འཁོར་འོང་ཞིང་། དེ་དང་ལྷན་དུ་གློག་བརྙན་ལ་ཕྱིར་མིག་བལྟ་སའི་སྒེའུ་ཁུང་ལན་གཅིག་ཕྱེས་ཡོང་ངེས། བཀྲ་ཤིས།

微信图片_20231213180307.jpg

གླུ་གཞས་ཉན་གནས། https://mp.weixin.qq.com/s/7MgAx5Bv1uGwzfP7uJjk9g

གློག་བརྙན་བལྟ་སའི་སྦྲེལ་ཐག https://mp.weixin.qq.com/s/hC6SDiSmLKKQhnKaG4DONg


མཆན། 

*1 奥斯卡

       ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་བྱ་དགའ་ཡང་ཟེར། བྱ་དགའ་དེ་ནི་ཨ་རིའི་ལོ་རྒྱུས་སྟེང་ཆེས་རིང་བ་དང་དབང་གྲགས་རང་བཞིན་ཆེ་ཤོས། ཆེད་ལས་རང་བཞིན་ལྡན་པའི་གློག་བརྙན་རིགས་ཀྱི་བྱ་དགའ་ཡིན་ལ། འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེ་ཤོས་དང་གཟི་བརྗིད་ཆེ་བའི་གློག་བརྙན་གྱི་བྱ་དགའ་ཞིག་ཀྱང་ཡིན། 

*2 金球奖

    1944ལོ་ཡས་མས་ནས་དར་བའི་ཨ་རིའི་བཟང་རྟགས་ཤིག གསར་འགོད་པ་སོགས་ཀྱི་འདེམས་ཤོག་གི་ཐག་གཅོད་བརྒྱུད་བཟང་རྟགས་འབུལ་བ་དང་། རྒྱལ་ཡོངས་མི་སྒེར་གྱི་ཤུགས་རྐྱེན་ཆེ་བའི་རྟགས་མ་ཆེ་གྲས་རིགས་ཤིག་ཡིན།

*3 金·凯瑞(Jim Carrey)

        ཁྲོས་མིན་ནི་ཁྲོས་མིན་གྱི་འཇིག་རྟེན་ཞེས་པའི་གཙོ་འཁྲབ་པ་ཡིན་ཞིང་། དངོས་མིང་ལ་ཅིན་ཁའེ་རུའེ་ཞེས་འབོད་ལ་1962ལོའི་ཟླ་1ཚེས་17ཉིན་ཁ་ན་ཏ་ཨན་ཏ་ཨན་ཞིང་ཉིག་མ་ཁེ་ཐེ་རུ་སྐྱེས་པ་དང་། ཁཱ་ན་ཏ་དང་གློག་བརྙན་འཁྲབ་སྟོན་པ་ཡིན། ཟློས་གར་དང་དགོད་བྲོའི་གློག་བརྙན་གཙོ་བྱས་དགའ་རྟགས་ཆེ་ཆུང་མང་དུ་ཐོབ་མྱོང་མཁན་ཞིག་རེད།

*4 戴维·安森曾说过:“我们就是电影,电影就是我们。”

*5 百度 གསལ་བཤད།  གོང་བཀོད་ཀྱི་པར་དང་རྒྱུ་ཆ་འཚོལ་ཞིབ་རྒྱ་འདུ་ནས་བླངས་པ་ཡིན།

དཔྱད་མཆན་ཡོད།