གློག་བརྙན«རླུང་»ཟླ12པའི་ཚེས28ཉིན་རྒྱལ་ཡོངས་ནས་གཟིཊ་འབུལ་བྱ་རྒྱུ་རེད།

1608884637316713.jpg

       ལུའུ་ཞུན་རྩོམ་རིག་བྱ་དགའ་དང་མའོ་ཏུང་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཨ་ལེ་ཡི་སྒྲུང་གཏམ«ཁྱི་ཕྲུག་དགེ་ལེགས»ཞེས་པ་བཅོས་སྒྲིག་བྱས་ཤིང་། ཚེ་རིང་སྒྲོལ་མ་དང་བསོད་ནམས་དབང་མོ། དགེ་འདུན་ཕུན་ཚོགས། དབང་སྒྲོན་འཚོ་སོགས་ཕུལ་བྱུང་འཁྲབ་སྟོན་པ་དག་གིས་གཙོ་འཁྲབ་བྱས་པ་མ་ཟད། ན་གཞོན་འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«རླུང་»ཞེས་པ་ཟླ12པའི་ཚེས28ཉིན་ཏེ་མི་འགྱངས་བར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་སྟོན་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

       འདི་ནི་བོད་ཀྱི་བུད་མེད་ཀྱི་ལས་དབང་གླེང་བའི་གློག་བརྙན་ཐོག་མ་དེ་ཡིན་འདུག་ལ། མིག་སྔའི་བར་དུ་སྐབས27པའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་དུ་གྲངས་ཉུང་མི་རིགས་སྡེ་ཚན་གྱི་ཆེས་ཕུལ་དུ་བྱུང་བའི་འཁྲབ་གཞུང་གསར་གཏོད་ཀྱི་བྱ་དགའ་ཐོབ་མྱོང་ཞིང་། ལྷག་པར་དུ་སྐབས25པའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཟིགས་འགྲེམ་སྡེ་ཚན་དུ་བདམས་པ་མ་ཟད། རོམ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ད་དུང་སི་ཕེན་གྱིImagine Indiaགློག་བརྙན་དུས་ཆེན་སྟེང་གཟིགས་འབུལ་བྱས་པ་དང་ཀྲེ་ཕུའུ་ཨར་རྒྱལ་སྤྱིའི་གློག་བརྙན་དུས་ཆེནJIFFགཏམ་རྒྱུད་རྩེ་གྲའི་འོས་མིང་སོགས་ཐོབ་མྱོང་།

1608884679782575.jpg

         གཟིགས་བཟོས་ཆེན་པོ་ཐོབ་པའི་གློག་བརྙན་འདི་ལྟ་བུར་མ་གཞི་ནས་རང་ཉིད་ཀྱི་ཁྱད་ཆོས་དང་བྱམས་བརྩེས་ཕྱུག་ཡོད་དེ། མ་རྩོམ་ཁྲོད་ཀྱི་དགེ་ལེགས་ནི་ཞི་ལུ་ཞིག་ཡིན་མོད་ཀྱང་། ང་ཚོས་དེ་ཞི་མོ་ཞིག་ཏུ་བསྒྱུར་དོན་ནི། བོད་ཁུལ་དུ་བུད་མེད་ཀྱི་མཐོང་སྣེ་བེད་སྤྱད་དེ་གཏམ་རྒྱུད་བརྗོད་ཚུལ་ཧ་ཅང་ཉུང་བས། ཁོ་མོ་ཚོའི་དཀའ་སྡུག་ལ་མི་ཚོས་དོ་འཁུར་བྱས་པ་མི་འདང་། དེ་བས་ངས་སྤོབས་པ་ཆེན་པོས་མ་རྩོམ་ཁྲོད་ཀྱི་གཙོ་འཁྲབ་དེ་ཞི་མོ་ཞིག་ཏུ་བསྒྱུར་བ་ཡིན་ཞེས་འཁྲབ་ཁྲིད་པས་བཤད།

       གློག་བརྙན་ཁྲོད་དུ་མ་བསམ་གཏན་དང་བུ་མོ་དགེ་ལེགས་མ་སྨད་གཉིས་ཀྱི་དཀའ་སྡུག་གི་འཚོ་བ་དང་ནར་སོན་གྱི་བརྒྱུད་རིམ་དེ་དཀྱིལ་སྙིང་དུ་བཟུང་སྟེ། སྙིང་སྟོབས་ཆེན་མོས་རང་ཉིད་ཀྱི་བདེ་སྐྱིད་ལ་བརྩོན་ལེན་བྱས་ཚུལ་བརྗོད་ཡོད།

1608884718133153.jpg

  • འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ།

       རྟ་མགྲིན་དབང་རྒྱལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། 1995ལོར་ཁོ་རང་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ལས་མཐར་ཕྱིན་རྗེས། མཛོད་དགེ་རྫོང་ནས་དགེ་རྒན་གྱི་ཕྱག་ལས་ལོ4ལ་གཉེར། དེ་ནས་བརྙན་འཕྲིན་ཁང་ལ་སོང་སྟེ་གསར་འགྱུར་གྱི་ལས་ཀ་བསྒྲུབས། སྐབས་དེར་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་ནས་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ་སྐོར་ལ་སློབ་གཉེར་བྱས། 2006ལོར་པེ་ཅིང་གློག་བརྙན་སློབ་གླིང་ནས་ལོ་གཅིག་ལ་སློབ་སྦྱོང་བྱས་ཏེ་འཁྲབ་སྟོན་པའི་ལས་ལ་གཞོལ་བ་རེད། ཁོའི་བརྩམས་ཆོས་ལ་ཟིན་བྲིས་བརྙན་འཕྲིན«མིག་འབལ་བ»དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བོད་འབྲེལ་ཟིན་བྲིས་བརྙན་འཕྲིན་ཆེན་པོ«ཤམ་བྷ་ལའི་ཟབ་ས།» ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཚན་རིག་སློབ་གསོ་བརྙན་ལམ་གྱིས་བསྟན་པའི«ཀྲུང་གོའི་བརྙན་རིས་ལོ་རྒྱུས»ཞེས་པའི་ལེའུ2300བདག་ཉིད་ཅན་གྱི་བོད་འབྲེལ་ལེའུ་མང་བོ། གློག་བརྙན«བླ་མ་ཆུང་ཆུང་གི་ལོ་སར།» «རླུང་»བཅས་ཡོད། གློག་བརྙན«བླ་མ་ཆུང་ཆུང་གི་ལོ་སར།» ལ་ཟི་ལིང་ན་གཞོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཆེས་ཕུལ་དུ་བྱུང་བའི་ཟིན་བྲིས་བརྙན་འཕྲིན་མིང་འདོན་གྱི་བྱ་དགའ་ཐོབ་ཡོད།


དཔྱད་མཆན་ཡོད།