ཞི་འཇགས་ཀྱིས་བསླུས་པའི་འབྲུག་ཡུལ།

1.jpg

ཞི་འཇགས་ཀྱིས་བསླུས་པའི་འབྲུག་ཡུལ།

                                                      ——«སློབ་ཁང་ནང་གི་ནོར»ཞེས་པའི་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་ཚོར།

                                                                                                         ཚེ་རིང་རྣམ་རྒྱལ།(རྩེ་ཁོག)

    

        གཟའ་པ་སངས་ཀྱི་མཚན་མོར་སློབ་གླིང་གི་ལོ་རེའི་བཀོད་སྒྲིག་ལྟར་སློབ་དཔོན་རྣམ་པ་དང་སློབ་མ་ཡོངས་ཀྱིས་མཉམ་དུ་གློག་བརྙན་ལ་བལྟས་པ་ཡིན། གློག་བརྙན་དེ་ནི་བོད་ཡུལ་ལ་གནས་ཡུལ་དང་གོམས་གཤིས། ཆོས་ལུགས་སོགས་གང་གི་ཐད་ནས་ཀྱང་ཁ་ཐག་ཧ་ཅང་ཉེ་བའི་འབྲུག་རྒྱལ་ཁབ་ནས་འཁྲབ་པའི་གློག་བརྙན«སློབ་ཁང་ནང་གི་ནོར»[教室里的一头牦牛]ཞེས་པ་དེ་ཡིན་ལ། མིང་གཞན་ལ«འབྲུག་ཡུལ་གྱི་སློབ་ཁང»[不丹是教室] ་དུ་ཡང་འབོད། གློག་བརྙན་འདི་ནི་2019ལོའི་ཟླ་བཅུ་བའི་ནང་དུ་ཧྥོའུ་ཧྲན་གློག་བརྙན་ཁང་དུ་འགྲེམས་གཏོང་བྱས་ལ། འཁྲབ་གཞུང་རྩོམ་པ་བོ་ནི་ཕུར་བུ་རྡོ་རྗེ་དང་གཙོ་འཁྲབ་པ་ནི་ཤེས་རབ་རྡོ་རྗེ་ཞེས་པ་དེ་ཡིན།

       གློག་བརྙན་འདིའི་ཆེས་ཐོག་མའི་བརྙན་མིག་ཏུ་འབྲུག་རྒྱལ་ཁབ་ཀྱི་གྲོང་ཁྱེར་ན་ཡོད་པའི་དགེ་རྒན་ན་གཞོན་ཞིག་གི་འཚོ་བ་དང་ཁོའི་ཕྱིའི་རྒྱལ་ཁབ་ཏུ་འགྲོ་བའི་སེམས་འདུན་གཞི་བྱས་ནས་ཕབ་པ་ལ་བརྟེན་ནས་ལྟད་མོ་བར་ངོ་སྤྲོད་དམ་ཐོག་མའི་གླེང་སློང་བར་བྱས་ཡོད་ལ། ཁོ་བོས་ཐོག་མར་མཐོང་དུས་འདི་ནི་བོད་ཡུལ་གྱི་དབུས་གཙང་ས་ཁུལ་ཞིག་མིན་ནམ་སྙམ་སོང་། རྒྱུ་མཚན། ཁྱད་པར་ཅུང་ཙམ་ལས་ཁོ་ཚོས་གོན་ཡོད་པ་ནི་བོད་ལྭ་དང་བཤད་བཞིན་པ་ཡང་བོད་སྐད་རེད། ཤ་མདངས་ཀྱང་བོད་དང་མཚུངས་ལ། དེ་བཞིན་རྩེ་མོ་སྨུག་པས་བཟུང་བའི་གངས་རི་དང་རྫ་རི། ཤང་ཤང་འབབ་པའི་ཆུ་བོ་དག་ཀྱང་བོད་ཡུལ་དང་འདྲ་བའི་དབང་གིས་ང་རང་ཕ་ཡུལ་དུ་སླེབས་སོང་སྙམ་པའི་དུངས་པ་འགོག་མེད་ཅིག་སྐྱེས་སུ་བཅུག མི་ལོ་བརྒྱ་ཕྲག་འགའ་ཤས་སམ་ཡང་ན་དེའི་ཡན་ཆོད་ཅིག་ཏུ་བོད་འབྲུག་གཉིས་རྒྱལ་ཁབ་གཅིག་དང་ཕ་མེས་ཡང་མེས་རྣམས་རིགས་རྒྱུད་གཅིག་མིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་བསླངས་སོང་།

      བར་དུ་ཁོ་རང་རི་ཁུལ་གྱི་གྲོང་ཚོ་དེར་དགེ་རྒན་དུ་སོང་བར་འཚོ་བ་ཧ་ཅང་ཞན་པ་མཐོང་ནས་ཕྱིར་ལོག་དགོས་སྙམ་ཡང་། དྭངས་གཙང་གི་བྱིས་བློ་དང་སློབ་སྦྱོང་གི་འདུན་མས་ཕྱུག་པའི་སློབ་མ་དག་སེམས་ཀྱིས་གཏོང་མ་ཕོད་པར་གནས་དེ་ནས་འདུག་རྒྱུ་ཐག་གིས་བཅད་ཅིང་། སློབ་ཁང་དུ་ནོར་གསོས་ཏེ་ལྕི་བ་བཏུས། མཐར་རི་གྲོང་གི་གླུ་སྐད་དང་ལྷན་དུ་འདྲེས་ཚུལ་དེས་མི་དང་རང་བྱུང་། སྲོག་ཆགས་བཅས་གཅིག་ཏུ་སྦྲེལ་པར་བྱས་ཡོད། འབྲུག་ཡུལ་གྱི་རི་གྲོང་གི་སློབ་གསོ་དང་དཔལ་འབྱོར་ཅི་ཙམ་ཞན་ནའང་ཡུལ་མི་རྣམས་རྒྱུན་དུ་སྤྲོ་སྣང་གིས་ཕྱུག་པ། བྱིས་པ་དེ་ཚོ་སློབ་སྦྱོང་ལ་བརྩོན་སེམས་ཀྱིས་ཁེངས་པ་དེས་ང་ལ་ཡིད་སྨོན་དང་དད་སེམས་ཤིག་སྐྱེ་རུ་བཅུག་སོང་། ངས་ནམ་རྒྱུན་འུ་ཚོའི་སློབ་གླིང་ནི་དཔལ་འབྱོར་འཚོ་བ་སོགས་གཞན་དང་བསྡུར་ན་ཞན་སྙམ་མོད།  འདི་དང་བསྡུར་ན་རྫོགས་ལྡན་གྱི་དུས་རབས་ལྟ་བུ་ཞིག་ཏུ་མཐོང་བས་ང་ལ་ངོ་གནོངས་དགོས་པ་ཞིག་བྱུང་ཞིང་། ད་ནས་བཟུང་མིག་མདུན་གྱི་ཡོད་ཚད་བདེ་སྐྱིད་ལྡན་ལ་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཆུད་ཟོས་སུ་གཏོང་མི་རུང་བ་ཡང་ངོས་ཟིན་པར་གྱུར།

2.jpg

           སློབ་ཁང་ནི་ཕྱུག་ར་དང་འདྲ་བར་སློབ་མ་དང་ནོར་མཉམ་དུ་གནས་པ། ཐ་ན་སློབ་ཁྲིད་བྱེད་སའི་ནག་པང་དང་ས་སྨྱུག་ཙམ་ཡང་མེད་ནའང་། མི་ཡུལ་ནས་ཞི་འཇམ་དང་དྲང་བདེན། དད་བརྩོན་གྱིས་འཚོ་བ་རོལ་ཞིང་ལྷད་མ་ཞུགས་པའི་རང་བྱུང་གི་མངའ་ཐང་ནས་གླུ་སྐད་ཀྱིས་བརྩེ་བ་བཏེགས་ཏེ་བཞུགས་པ་ནི་འཛམ་གླིང་ན་སྙན་པ་འབར་བའི་“བདེ་སྐྱིད་ལྡན་པའི་འབྲུག་ཡུལ་’’རེད།

      མཐའ་མར་ཁོས་འཚོ་བའི་དཀའ་ཁག་དེ་ཡོངས་སུ་བརྒལ་ཏེ་སེམས་འདུན་ཅི་བཞིན་རང་ཉིད་འགྲོ་འདོད་པའི་གནས་དེར་སླེབས་ཟིན་ནའང་ཕ་ཡུལ་དུ་ལུས་པའི་བྱིས་པ་དེ་ཚོའི་འཛུམ་མདངས་ཀྱི་མིག་ཟུང་དང་སློབ་སྦྱོང་གི་འདུན་པ། ཐབས་ཆག་གི་སློབ་ཁང་། རི་གྲོང་གི་གླུ་སྐད་བཅས་ནི་ནམ་ཡང་བརྗེད་མཐའ་བྲལ་བའི་ཕྱིར་དྲན་གྱི་སྨུག་པར་འདྲེས་ཤིང་། བདེ་སྐྱིད་ཀྱི་རྩ་བ་ནི་འབད་བརྩོན་གྱི་ཁྲོད་དུ་གནས་ལ། དོན་དམ་རང་སེམས་ཀྱི་འཛིན་སྟངས་ཙམ་ལས་ཁོར་ཡུག་གིས་སློབ་སྦྱོང་ལ་བཀག་རྒྱ་བཟོ་མི་ཐུབ་པའང་ཤེས། རྒྱང་གི་ཕ་མཐར་གནས་ནའང་ཕ་ཡུལ་ཀྱི་ལྷིང་འཇགས་ཀྱིས་ང་ཚོར་བསླུ་བྲིད་གཏོང་ཞིང་ནམ་ཡང་རྣ་ལམ་དུ་འབོར་ཐབས་མེད་པ་ཡང་རང་བྱུང་དང་གཅིག་ཏུ་སྦྲེལ་བའི་གླུ་སྐད་ཀྱི་འབོད་པ་ཡིན་པས། ཕྱིར་ཕ་ཡུལ་ལ་ཕྱོགས་པའི་མིག་ཟུང་དེ་གཏན་དུ་གཟིམ་པ་མེད་པར་ཕ་ཡུལ་གྱིས་ང་ཚོར་ངང་སྒུག་གི་ཕྱག་བརྡ་གཏོང་བཞིན་མཆིས།

       དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཀྱིས་“གློག་བརྙན་ལ་བལྟ་བ་ནི་ངལ་གསོའི་ཁྲོད་ཀྱི་སློབ་སྦྱོང་ཞིག་རེད་’’ཅེས་གསུངས་པ་བཞིན་གློག་བརྙན་ལ་ལན་གཅིག་ལ་བལྟས་པས་ཀྱང་ཤེས་རབ་འཕེལ་བར་བྱེད་ལ། གློག་བརྙན་ཡག་པོ་ཞིག་གིས་ང་ཚོ་དྲང་བདེན་གྱི་ལམ་དུ་འཁྲིད་པར་བྱེད་ཅིང་བལྟས་པའི་མྱོང་བས་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་གཏང་ཡང་སྲིད། དེ་བཞིན་གློག་བརྙན་ནི་མ་གཞི་ནས་རིག་གནས་ཤིག་ཡིན་པས། གློག་བརྙན་ལས་བྱུང་བའི་སྒྱུ་རྩལ་དང་གཏམ་རྒྱུད་ཀྱི་མཐོང་སྣེ་ན་མིའི་རིགས་ཀྱི་སྐྱིད་སྡུག་རུམ་པའི་གསང་བརྡ་ཡོད་ཅིང་བརྗོད་དུ་མེད་པའི་འཚོ་གནས་ཀྱི་གྲིབ་གཟུགས་ཀྱང་ཡོད།

       མཚན་ནུབ་ཀྱི་ཆར་བའི་ཁྲོད་ནས་གློག་བརྙན་འདིས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་མང་བོ་ཞིག་བྱིན་ནའང་། ནང་སེམས་ཀྱི་མཁའ་དབྱིངས་ན་སྤྲིན་དཀར་བཞིན་འཕྱོ་བ་ནི་ཞི་འཇགས་ཀྱི་འབྲུག་ཡུལ་དང་འབྲུག་པ་ཨོ་རྒྱན། འབྲུག་མོའི་གླུ་སྐད་ལ་སིམས་པའི་རི་གྲོང་གི་འཚོ་བ་ཁོ་ན་རེད། མདོར་ན། གློག་བརྙན་འདིའི་ཡོད་ཚད་རྨི་ལམ་ཞིག་དང་འདྲ་བར་ངའི་སེམས་གཞུང་ལ་ཡང་ཡང་འདྲེས་ཤིང་། སེམས་གཞུང་ལ་འདྲེས་པའི་ཞེན་ཆགས་ལྕི་མོ་འདིས་ང་རང་འཁྲིད་དེ་དཔལ་ལྡན་འབྲུག་པའི་ཕྱོགས་སུ་བསམ་གཞིག་གི་སྐོར་བ་ལན་མང་རྒྱག་ཏུ་བཅུག་སོང་།    

                               2021/4/10མཚན་མོར།

微信图片_20210529103412.jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།