བོད་ཀྱི་འགུལ་རིས་གློག་བརྙན«ཡར་ཀླུང་།»

微信图片_20210522154155.png

           «ཡར་ཀླུང་»(YarLung)ཞེས་པའི་གློག་བརྙན་འདི་ནི་ཁ་ན་ཏའི་ཝན་ཁུ་ཧེ་གཞིས་ཆགས་བོད་མི་ཀུན་བཟང་སྐྱིད་རོང་གིས་བཟོས་པའི་འགུལ་རིས་གློག་བརྙན་ཞིག་ཡིན་ལ། དེ་སྔ་ཨོ་ཐྲོ་ཧྭ་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་སྟོན(渥太华国际动画电影节)ནང་ཚུད་མྱོང་།

         ཀུན་བཟང་སྐྱིད་རོང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྗོད་པ་ལྟར་ན། ཡར་ཀླུང་གཙང་པོ་ནི་ས་དེའི་མི་དམངས་འཚོ་བའི་ཁྲོད་མེད་ཐབས་མི་རུང་བའི་ཆུའི་འབྱུང་ཁུངས་ཤིག་ཡིན་པས། བོད་ཀྱི་འགུལ་རིས་བརྙན་ཐུང་འདིར་མཚམས་གཅོད་དང་བསྟན་པ། དེ་མིན་བསྟན་འཛིན་སོགས་བྱིས་པ་གསུམ་དང་ཡར་ཀླུང་གཙང་པོའི་བར་གྱི་ཐུན་མིན་གྱི་འབྲེལ་བ་ཞིག་བརྗོད་ཡོད་ལ། ཡར་ཀླུང་གཙང་པོས་ཁོ་ཚོར་བསྐྱལ་འོངས་པའི་འཇིགས་སྣང་དང་། ཡང་ཁོ་ཚོས་ཡང་ཀླུང་གཙང་པོ་ལ་བཅངས་པའི་བརྩེ་དུང་སོགས་མཚོན་པར་བྱས་ཡོད།

             དེ་དང་མཉམ་དུ་ཁོ་མོས་ཡང་བསྐྱར་བསྟན་དོན། ཁོ་མོའི་ཨ་མ་ནི་རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ(tezu)བོད་ཁུལ་དུ་སྐྱེས་ཤིང་། ཁོ་མོ་རང་ཉིད་ཡང་ཕལ་ཆེར་གནས་དེ་ཀ་ནས་དབྱར་ཁ་སྐྱེལ་མྱོང་བས། ཉིན་མ་རྟག་པར་ཆུ་འགྲམ་དུ་སོང་ནས་གྱོན་པ་འཁྲུད་པ་དང་། དཀར་ཡོལ་འཁྲུད་པ། འཐུང་ཆུ་བླངས་མྱོང་ལ། རོགས་པ་ཚོ་དང་ལྷན་དུ་ཆུ་རྐྱལ་མྱོང་བས། གཙང་པོ་འདི་ནི་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པས། ཁོ་མོས་ཡང་འདི་འདྲའི་རྒྱབ་ལྗོངས་ཤིག་ལ་བརྟེན་ནས་ད་གཟོད་གློག་བརྙན་མིང་ལ«ཡར་ཀླུང་»ཞེས་བཏགས།

      དེ་ལས་གཞན། ཀུན་བཟང་སྐྱིད་རོང་གིས་ཆུ་བོའི་སྟོད་རྒྱུད་དུ་ཆུ་མཛོད་གང་འདོད་བསྐྲུན་པ་དེས་ཆུ་བོའི་སྨད་རྒྱུད་ཀྱི་ཉ་པ་དང་ཞིང་བའི་འཚོ་བ་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་པས། སྣང་ཚུལ་འདིས་ཁོ་མོར་ད་གཟོད་དངོས་ཡོད་གནས་ཚུལ་དང་མཐུན་པའི་གློག་བརྙན་འདི་བཟོ་བར་བློ་བསྐྱེད་ཐེབས་ཞེས་བཤད།

        དེ་དང་ཆབས་གཅིག་ཏུ། ཀུན་བཟང་སྐྱིད་རོང་གིས་ནམ་རྒྱུན་ཡིན་ན་རང་ཉིད་གཏམ་རྒྱུད་བརྗོད་རྒྱུར་དང་ཉན་རྒྱུར་དགའ་མོད། ཐེངས་འདིར་གློག་བརྙན་འདི་ལྟ་བུ་ཞིག་བཟོ་དོན་ནི་འཛམ་གླིང་ཡོངས་ཀྱིས་ཡར་ཀླུང་གཙང་པོས་མིའི་རིགས་ཀྱི་འཚོ་གནས་ལ་ཐེབས་པའི་གལ་ཆེན་རང་བཞིན་རྟོགས་ཆེད་ཡིན་ཞེས་བརྗོད།

           ཤེས་གསལ་ལྟར་ན། ཀུན་བཟང་སྐྱིད་རོང་ནི་ཁ་ན་ཏའི་ཨ་མི་ལེ་ཁར་སྒྱུ་རྩལ་དང་འཆར་འགོད་སློབ་ཆེན(Emily Carr University of Art+Design)ནས་སློབ་མཐར་ཕྱིན་ཅིང་། མིག་སྔར་ཁོ་མོས་ཤིང་བཟོས་འདྲ་གཟུགས་ཀྱི་འགུལ་རིས་གློག་བརྙན་སྒྲིག་བཟོའི་བྱ་བ་གཉེར་གྱིན་འདུག


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།