གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག (སྟོད་ཆ)

གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག

 ______གློག་བརྙན་རྒྱུན་ཤེས་སྐོར་གྱི་ཟིན་བྲིས།

  ཟིན་བྲིས་པ།  • ཨ་ཇོ།   (རྔ་བ།)2023.9.13

t01356b01e20e48e03e.jpg

          གློག་བརྙན་ནི་སྒྱུ་རྩལ་གྱི་ཆ་མང་པོ་ཞིག་ལྷན་དུ་འདུས་པའི་རིག་གནས་ཤིག་ཡིན་པས། གློག་བརྙན་ལ་བལྟས་པས་ནི་དཔེ་དེབ་ཀློག་པ་ལས་ཀྱང་རིག་གནས་དང་ཡུལ་སྲོལ་ལོ་རྒྱུས་ཀྱི་འགྱུར་བ་སོགས་ལ་རྒྱུས་ལོན་ཐུབ་ཅིང་། བག་ཆགས་ཀྱི་ཤན་ཤུགས་ཀྱང་ཐེབས་ཀྱིན་ཡོད། ལྷག་ཏུ་གློག་བརྙན་ནི་རིག་གནས་ཀྱི་ཧེ་བག་ལ་མ་ལྟོས་པར་ཐུན་མོང་གི་ཉམས་སུ་མྱོང་བྱ་ཞིག་ཡིན་པས། གློག་བརྙན་རིག་གནས་ནི་དེང་སྐབས་འཛམ་གླིང་ཧྲིལ་བོར་ཆེས་ཁྱབ་ཆེ་ཞིང་དགའ་མོས་ཆེ་བའི་རིག་གནས་གཅིག་པུར་འགྱུར་གྱིན་འདུག་གོ །   

 -«ན་གཞོན་གསར་བ།» སྤྱིའི་དེབ་གྲངས་བརྒྱད་པ་ལས་དྲངས།


གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག

 (སྟོད་ཆ)

དཀར་ཆག

ས་བཅད་དང་པོ།  གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་གླེང་བ།

གཅིག  གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་།  

        ༡.གློག་བརྙན་སྒྱུ་རྩལ།  

       ༢.གློག་བརྙན་གྱི་ཕྱིའི་རྣམ་པ།  

       ༣.གློག་བརྙན་གྱི་བརྗོད་བྱ།  

       ༤.གློག་བརྙན་གྱི་རིགས་དབྱེ་དང་གྲུབ་མཐའ།   

       ༥.གློག་བརྙན་སྒྱུ་རྩལ་ནང་འདྲེན་བྱེད་པའི་རིན་ཐང་།   

       ༦.འཛམ་གླིང་གློག་བརྙན་གྱི་འཁྲུངས་སྐར་ཉིན་མོ།    

གཉིས།  གློག་བརྙན་ཚོང་རྫས་སུ་གྱུར་པའི་དུས་སྐབས།   

གསུམ།  གློག་བརྙན་སྒྱུ་རྩལ་དུ་གྱུར་པའི་དུས་སྐབས།    

ས་བཅད་གཉིས་པ།  བརྙན་ཕྲན་སྒྱུ་རྩལ་གྱི་རིན་ཐང་གླེང་བ།   

གཅིག   བརྙན་ཕྲན་སྒྱུ་རྩལ་གྱི་རིན་ཐང་།   

གཉིས།   བརྙན་ཕྲན་གྲགས་ཅན་ཁག་གི་བརྗོད་དོན་མདོར་བསྡུས།   

         ༡.བརྙན་ཕྲན་ «ལྷམ་ཆ་གཞན་ཞིག » ཅེས་པའི་བརྗོད་དོན།   

         ༢.བརྙན་ཕྲན་ «མི་གཤིས » ཞེས་པའི་བརྗོད་དོན།   

         ༣.བརྙན་ཕྲན་ «བུ་ག་ནག་པོ། » ཞེས་པའི་བརྗོད།   

ས་བཅད་གསུམ་པ།  དྲ་ལམ་གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་གླེང་བ།


ཐོག་མའི་གཏམ།

གཅིག

          «གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག» ཅེས་པའི་ཟིན་དེབ་འདི་ནི་གློག་བརྙན་སྐོར་གྱི་དཔེ་ཀློག་ཟིན་བྲིས་ཤིག་སྟེ། དེ་ལ་ཀླུ་རྒྱལ་རཱ་ཏིས་བརྩམས་པའི་«གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ » ཞེས་པ་དང་།  ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས་པའི་«གློག་བརྙན་སྒྱུ་རྩལ་གྱི་གསང་བ » དང་«གློག་བརྙན་དང་རྒྱང་ལྟ » ཞེས་པའི་དེབ་གསུམ་གྱི་ནང་ནས་བརྗོད་བྱའི་སྙིང་བོའི་སྐོར་ཁོལ་དུ་ཕྱུང་བ་ཞིག་ཡིན་ཞིང་། དེ་ལས་གཞན་གློག་བརྙན་སྐོར་གྱི་དཔེ་ཆ། «འཁྲབ་ཁྲིད་པ་དྲུག་ཅུ » ཞེས་པ་དང་།   དུས་དེབ་«ན་གཞོན་གསར་བ » དེབ་གྲངས་བརྒྱད་པ་དང་།  «བོད་བརྙན» དུས་དེབ་ཀྱི་འདོན་ཐེངས་དང་པོ། དེ་ལས་གཞན་«པྲ་དྲ » བོད་ཀྱི་གློག་བརྙན་དྲ་ཚིགས་དང་གློག་བརྙན་དང་འབྲེལ་བའི་འཕྲིན་སྟེགས་རེ་ནས་ཀྱང་གློག་བརྙན་སྐོར་གྱི་རྒྱུན་ཤེས་སྐོར་ཁོལ་ཕྱུང་གིས་ཟིན་བྲིས་འདི་ལ་ཟུར་རྒྱན་ལྟ་བུ་ཞིག་བྱས་ནས་གྲུབ་ཡོད།  མདོར་ན་འདི་ནི་གློག་བརྙན་སྐོར་གྱི་དཔེ་ཆ་དྲུག་གི་ནང་དོན་གཙོ་བོའི་སྐོར་ཁོལ་ཕྱུང་གིས་ཟིན་བྲིས་སུ་ཕབ་པ་ཞིག་ཡིན། འོན་ཀྱང་ཟིན་བྲིས་འདིའི་སྤྱི་ཁོག་གི་ས་བཅད་དང་དེ་དག་གི་ཁ་བྱང་ཙམ་རེ་ལས། དོན་ཧྲིལ་བོ་བཀླག་བྱའི་དེབ་ལས་ཕབ་པ་ཡིན་པས་འདིར་རང་གིས་གློག་བརྙན་སྐོར་ལ་ཧོལ་རྒྱུག་དང་ཤེས་མདོག་གི་ཆ་ཅི་ཡང་བརྗོད་མི་སྤོབས་ལ་བརྗོད་ཀྱང་མེད་དོ། དེ་བས་ཟིན་བྲིས་འདིའི་ཚིག་ཕྲེང་གཅིག་ཚུན་ཆད་ཀྱི་ཡོངས་ཁུངས་སོགས་ཀྱང་དཔེ་ཆ་གང་ནས་བཤུས་པ་གསལ་བོར་མཆན་དུ་བཀོད་ཡོད་དོ། ། 

གཉིས།

          ད་ལོ་རང་གི་ཁོམ་ལོང་གི་བར་གསེང་ནས་གློག་བརྙན་སྐོར་གྱི་དཔེ་དེབ་རེ་འགར་བཀླགས་པར་དེ་དག་ལས་རང་བློ་བབས་པའི་ཚིག་དུམ་དག་ཟིན་བྲིས་སུ་ཕབ་པ་ཡིན་ལ། རིམ་བཞིན་ཟིན་བྲིས་དེ་ཡང་ཡིག་འབྲུ་ཆིག་ཁྲི་ཡན་ལ་བརྒལ་འདུག བར་སྐབས་ཤིག་ཏུ་རང་དང་འབྲེལ་བ་ཟབ་པའི་རིག་པ་དོན་གཉེར་ཅན་ཁ་ཤས་ལ་ཟིན་བྲིས་དེ་སྤྱན་བསྟར་ཞུས་པས། རེ་འགས་སྨྲས་པར། འདི་ནི་གློག་བརྙན་རྒྱུན་ཤེས་སྐོར་གྱི་ཟིན་དེབ་ཅིག་ཏུ་གྲུབ་འདུག་ཕྱིར། གློག་བརྙན་སྐོར་ལ་རྒྱུས་ལོན་བྱེད་འདོད་མཁན་གྱི་ལས་དང་པོ་བ་རྣམས་དང་ལྷག་ཏུ་གློག་བརྙན་ལྟད་མོ་བ་རྣམས་ལ་ནི་ཕན་དུ་ངེས་པས། སྤྱི་སྟེགས་རེ་ནས་སྤེལ་ན་ཕན་ཐོགས་ཡོད་པར་སྨྲས་སོང་། དེ་བཞིན་རང་ལ་ནི་དཔེ་ཆ་འདི་དག་གིས་གློག་བརྙན་སྐོར་ལ་ཉེ་བར་གཅར་ཐབས་སུ་ཕན་ཐོགས་དང་བློ་སྐྱེད་ཆེན་པོ་ཐོབ་པས། མཐར་རང་གིས་ཀྱང་ཟིན་བྲིས་ཏེ་གློག་ཀླད་དུ་ཉར་ཚགས་ཙམ་ལས་མ་བསྐྱུར་བར། རང་དང་སྐལ་མཉམ་རྣམས་ལ་གློག་བརྙན་སྐོར་ནས་རྒྱུན་ཤེས་ཕྲན་ཙམ་རེའི་ཕན་པ་འབྱུང་ན་དགའ་འོས་པའི་དོན་ཞིག་ཡིན་ཕྱིར། ཡང་བསྐྱར་དེ་ལ་འཕྲི་སྣོན་དང་དག་བཅོས་གང་མང་ཞིག་བྱས་པ་ཡིན་མོད། ཕྲན་ལ་ནི་རྣམ་དཔྱོད་ཀྱི་བུ་ག་ཁབ་མིག་ལས་དོག་པས་འདིར་ནོར་འཕྲུལ་གྱི་སྐྱོན་ཆ་གང་མཆིས་པ་མཐའ་དག་དེབ་འདི་དག་གི་བྱེད་པོ་རྣམས་ཀྱིས་གཙོས་བྱས་ཏེ་ཀུན་ལ་བཟོད་པར་གསོལ་བ་ཡིན་ཞིང་། དེ་ལས་གཞན་ཅུང་ཟད་ཕན་པའི་འབྲས་བུ་གང་ཞིག་མཆིས་པ་ཐམས་ཅད་དེབ་འདི་དག་གི་བྱེད་པོ་རྣམས་ཀྱིས་གཙོས་བྱས་ནས་རང་ཅག་ལ་རིག་གཞུང་གསར་བ་ནང་འདྲེན་གྱི་ལས་ལ་འབད་པ་ལྷུར་ལེན་གནང་བཞིན་པའི་སྐྱེས་བུ་ཡོད་དོ་ཅོག་ལ་ནད་མེད་ཚེ་རིང་ཡོང་ཞིང་།  ཁ་ལས་རླུང་རྟ་དར་བའི་རྒྱུ་རུ་གྱུར་ཅིག་གུ །

29eb4ae90817170099e09cef48bc317a_副本.jpg

ས་བཅད་དང་པོ། གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་གླེང་བ།

 ___ «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» ཞེས་པའི་དེབ་ཀྱི་དཔེ་ཀློག་ཟིན་བྲིས།

 གཅིག གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་།

༡.གློག་བརྙན་སྒྱུ་རྩལ། 

          གློག་བརྙན་སྒྱུ་རྩལ་ཞེས་པ་ནི། “གློག་བརྙན་ནི་རི་མོ་དང་འཇིམ་བརྐོས། གླུ་དབྱངས། ཟློས་གར། རྩོམ་རིག་དང་བཟོ་བཀོད་བཅས་སྒྱུ་རྩལ་རྣམ་པ་དྲུག་གི་རྗེས་སུ་བྱུང་བའི་སྒྱུ་རྩལ་ཞིག་ཡིན་པ་རེད། ཅེས་དང་། ཡང་ན།“གློག་བརྙན་ནི་སྒྱུ་རྩལ་གྱི་ཆ་མང་པོ་ཞིག་ལྷན་དུ་འདུས་པའི་རིག་གནས་ཤིག་ཡིན་པས། གློག་བརྙན་ལ་བལྟས་པས་ནི་དཔེ་དེབ་ཀློག་པ་ལས་ཀྱང་རིག་གནས་དང་ཡུལ་སྲོལ་ལོ་རྒྱུས་ཀྱི་འགྱུར་བ་སོགས་ལ་རྒྱུས་ལོན་ཐུབ་ཅིང་། བག་ཆགས་ཀྱི་ཤན་ཤུགས་ཀྱང་ཐེབས་ཀྱིན་ཡོད། ལྷག་ཏུ་གློག་བརྙན་ནི་རིག་གནས་ཀྱི་ཧེ་བག་ལ་མ་ལྟོས་པར་ཐུན་མོང་གི་ཉམས་སུ་མྱོང་བྱ་ཞིག་ཡིན་པས། གློག་བརྙན་རིག་གནས་ནི་དེང་སྐབས་འཛམ་གླིང་ཧྲིལ་བོར་ཆེས་ཁྱབ་ཆེ་ཞིང་དགའ་མོས་ཆེ་བའི་རིག་གནས་གཅིག་པུར་འགྱུར་གྱིན་འདུག”(«ན་གཞོན་གསར་བ།» [G] དུས་དེབ་སྤྱིའི་དེབ་གྲངས་བརྒྱད་པའི་ཤོག་ངོས་༡༩༠ ལས་གོ་ཐེའི་རྩོམ་ཡིག་(གློག་བརྙན་བདེ་སྐྱིད་ཀྱི་གཏུག་གཤེར་ལ་བལྟས་བརྗེས་ཀྱི་མྱོང་ཚོར) ཞེས་པ་ལས་དྲངས།)ཅེས་དང་། དེ་ལྟར། “ གློག་བརྙན་གྱིས་མངོན་པར་བྱེད་པ་ནི་མི་ཚེ་ཡི་རེས་སྐྱིད་རེས་སྡུག་གི་གཏམ་རྒྱུད་སྣ་ཚོགས་ཡིན་ཏེ། གློག་བརྙན་ནི་མིའི་ནང་སེམས་ཀྱི་ཆེས་ཉེ་སར་བཅར་ནུས་པའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་གོ །”([EB]《པྲ་དྲ》དྲ་ཚིགས་སུ་ 《ལྟད་མོ་བས་གློག་བརྙན་ཉམས་སུ་མྱོང་ཚུལ།》 ཞེས་པ་ལས་བཤུས། རྩོམ་པ་པོ། གུ་རུ། 2013-05-23)

༢.གློག་བརྙན་གྱི་ཕྱིའི་རྣམ་པ། 

           གློག་བརྙན་གྱི་ཕྱིའི་རྣམ་པའི་ཕྱོགས་ནི། རི་མོའི་ཁྲོད་ཀྱི་འོད་དང་། གླུ་དབྱངས་ཀྱི་འགྲོས། ཟློས་གར་གྱི་དོན་རྐྱེན། འཇིམ་བརྐོས་ཀྱི་ཁམས་ཀྱི་བཀོད་པ། བཟོ་སྐྲུན་གྱི་སྒྲིག་གཞི། ཞབས་བྲོ་ཡི་ཉམས་འགྱུར། རྩོམ་རིག་གི་དོན་བརྗོད་སོགས་འདུས་ཡོད།

༣ གློག་བརྙན་གྱི་བརྗོད་བྱའི་ཕྱོགས། 

          གློག་བརྙན་གྱི་བརྗོད་བྱའི་ཕྱོགས་ནི། ཉི་ཟླ་གཟའ་སྐར་རི་ར་བ་ཁང་ཁྱིམ། ཐ་ན་མི་ཆོས་རིག་པ་དང་མཛེས་དཔྱོད་རིག་པ་སོགས་རིག་གནས་ཤེས་བྱ་གང་རུང་བཞག་ཆོག་པས་གློག་བརྙན་ནི་ཀུན་འདུས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན། ཞེས་དང་། ཡིན་ཡང་། (རང་ཅག་བོད་པ་རྣམས་ལ་མཚོན་ན་རོལ་རྩེད་ཙམ་དུ་གྱུར་པའི་ཚོང་བའི་གློག་བརྙན་གྱིས་ཤན་ཤུགས་ཐེབས་དྲག་པས་གློག་བརྙན་ནི་ཕུལ་བྱུང་གི་ཤེས་རིག་གཅིག་ཏུ་བརྩི་མཁན་ཧ་ཅང་ཉུང་ཤས་རེད། )”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༡-༢)ཅེས་དང་།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་བཅར་འདྲི་ཞིག་ཏུ་གློག་བརྙན་ཐར་ལོའི་བསྡུས་གཟུགས་དང་འབྲེལ་བའི་དྲིས་ལན་དུ་“ངས་ཐར་ལོ་ནི་ང་ཚོའི་གཏམ་རྒྱུད་ཡིན་ཞེས་ལབ་མྱོང་། ང་ཚོ་ཞེས་པ་ནི་བོད་མི་རྐྱང་བ་མ་ཡིན་པར། དེའི་སྣང་ཚུལ་དེ་སུའི་སྟེང་ལ་ཡོད་ན་དེ་ལྟར་ཡིན། དེ་ལས་བརྗོད་བྱའི་ཐད་ནས་ང་རང་ཉིད་ལ་མཚོན་ན་ཚད་བཀག་གཅིག་ཀྱང་མེད། སྤྱིར་བཏང་ཐར་ལོའི་རྒྱབ་ལྗོངས་མཚོན་ཐབས་ཀྱི་ཆ་ནས་རིག་གསར་གྱི་བག་ཆགས་མཐུག་པའི་བོད་མི་ཞིག་གི་གཏམ་རྒྱུད་རེད། རྒྱལ་ནང་ལ་མཚོན་ན་རིག་གསར་གྱི་རྒྱབ་ལྗོངས་ལ་ངེས་ཆ་ཡོད་རྐྱེན། ཁོང་ཚོས་མི་ཞིག་གིས་རང་གི་ཐོབ་ཐང་འཚོལ་གྱིན་འདུག་ཅེས་ལབ་ཡོང་གིན་འདུག འོན་ཀྱང་། ཕྱི་རྒྱལ་བ་ཚོར་མཚོན་ན་རིག་གསར་ལ་རྒྱུས་མངའ་མེད་རྐྱེན། ཁོང་ཚོས་ཐར་ལོ་ནི་མིའི་རིགས་ཀྱི་ཁེར་རྐྱང་མཚོན་བྱེད་ཅིག་རེད་ཅེས་གླེང་གིན་འདུག དེ་བས་མི་རེ་རེར་གོ་བ་ལེན་སྟངས་རེ་རེར་དང་མྱོང་ཚོར་མི་འདྲ་བ་རེ་རེ་ཡོད་པས། ང་རང་ཉིད་ལ་དེའི་མཚོན་དོན་གྱི་ཆ་ནས་ཚད་བཀག་གཅིག་ཀྱང་མེད།”(«ན་གཞོན་གསར་བ།» [G] དུས་དེབ་སྤྱིའི་དེབ་གྲངས་བརྒྱད་པའི་ཤོག་ངོས་༢༦་ལས་(ནུབ་བྱང་མི་རིགས་སློབ་ཆེན་དུ་གློག་བརྙན་ཐར་ལོའི་སྐོར་གྱི་བགྲོ་གླེང་འཚོགས་པའི་ཡུལ་དངོས་ཟིན་ཐོ) སྙུག་བཅུད་ལེན་གྱིས་༢༢༡༦.༡༡.༢༩.ཟིན་བྲིས་སུ་བཏབ།)ཅེས་བརྗོད་འདུག་གོ །

༤.གློག་བརྙན་གྱི་རིགས་དབྱེ་དང་གྲུབ་མཐའ།

          “གློག་བརྙན་གྱི་རིགས་དང་གྲུབ་མཐའི་དབྱེ་བ་ནི། སྲོལ་རྒྱུན་གློག་བརྙན་ལ་དབྱེ་ན། དངོས་བཤུས་གློག་བརྙན། གཏམ་རྒྱུད་གློག་བརྙན། མཛེས་རྩལ་གློག་བརྙན། ཚན་རིག་སློབ་གསོའི་གློག་བརྙན་བཞི་རུ་དབྱེ། ཡང་ན་གློག་བརྙན་ལ་དབྱེ་བ་གསུམ་གྱིས་བསྡུས་ན། སྒྱུ་རྩལ་གློག་བརྙན། ཚོང་ལས་གློག་བརྙན། ཚོད་ལྟའི་གློག་བརྙན་གསུམ་ཞེས་སྡུད་ཚུལ་ཡང་ཡོད། དེ་དག་ནི་སྤྱི་ཙམ་གྱི་དབྱེ་བ་ལས། བྱེ་བྲག་གི་གློག་བརྙན་རིགས་ལ་དབྱེ་བ་ཧ་ཅང་མང་ངོ་། །”( [EB]《པྲ་དྲ》དྲ་ཚིགས་སུ་ 《གློག་བརྙན་སྐོར་གྱི་གལ་གནད་རྩ་ཆེན་བརྒྱད།》 ཞེས་པ་ལས་བཤུས། རྩོམ་པ་པོ། ཀུན་གྲུབ་ཚེ་རིང་། 022-04-04) ཞེས་དང་།

            ཡང་ན། “གློག་བརྙན་གྱི་རྩ་བའི་རིགས་ནི། སྒྱུ་རྩལ་གློག་བརྙན་དང་ཚོང་ལས་གློག་བརྙན་ཞེས་པའི་རིགས་ཆེན་པོ་གཉིས་ཡོད་པ་སྟེ། སྒྱུ་རྩལ་གློག་བརྙན་ནི་གཙོ་བོ་འཁྲབ་ཁྲིད་པ་རང་ཉིད་དང་རིགས་འདྲ་བའི་སྒྱུ་རྩལ་གྱི་ལྟ་ཚུལ་ཅན་ཁག་ཅིག་གི་ཚོར་བ་གཙོ་གནད་དུ་བཟུང་ནས་ཕབ་སྐྲུན་བྱེད་པ་ཞིག་རེད་ལ། ཚོང་ལས་གློག་བརྙན་ནི་གཙོ་བོ་མིའི་རིགས་སྤྱིའི་སེམས་ཁམས་ཀྱི་མྱོང་ཚོར་གཙོ་བོར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་པ་འདྲ། སྒྱུ་རྩལ་གློག་བརྙན་ནི་ཚོང་ལས་གློག་བརྙན་དང་ཁ་གཏད་དུ་འགྲེང་བའི་གློག་བརྙན་གྱི་རིགས་ཤིག་ཡིན། གློག་བརྙན་ནི་ཚོང་ལས་བྱ་འགུལ་ཁོ་ན་མ་ཡིན་པར་དེ་ཡང་སྒྱུ་རྩལ་གྱི་བྱ་འགུལ་ཞིག་ཀྱང་ཡིན་པས། འདི་ནི་སྒྱུ་རྩལ་གློག་བརྙན་གྱིས་ཐོན་སྐྱེད་དང་གོང་སྤེལ་དུ་གཏོང་བའི་རྨང་གཞི་རེད། ཚོང་ར་ལ་དམིགས་པའི་གློག་བརྙན་དང་སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་འདི་གཉིས་ཀྱིས་རྒྱ་ཆེ་བའི་ལྟ་མཁན་རྣམས་ལ་དུས་རབས་དང་མིའི་རིགས་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པས་ན། དེ་ཉིད་ཀྱི་འཕེལ་རྒྱས་དང་མཆོང་བསྐྱོད་ལ་དུས་རབས་གསར་བའི་སྤྱི་ཚོགས་ནང་དུ་གནས་ཐུབ་པའི་ནུས་པ་དང་འགུགས་ཤུགས་སྟོབས་ཅན་ཞིག་ཡོད་པ་དཔོག་ཐུབ། གློག་བརྙན་འདི་སྒྱུ་རྩལ་དུ་འགྱུར་དོན་ནི་གློག་བརྙན་གྱི་ཆོས་ཉིད་དང་ཁག་ཐེག་རང་བཞིན་གྱི་མཚན་ཉིད་རིག་པའི་བསམ་བློ་ཡིན། དེའི་ཞིབ་འཇུག་གི་ཁ་ཕྱོགས་ནི་གློག་བརྙན་གྱི་སྤྱི་ཁོག་ཡིན་ལ། དེ་ནི་སྤྱི་ཡི་རྣམ་པ་དང་ནང་དོན་གྱི་རྒྱུ་ཆ་ཡིན་པས་རེད།”([EB] 《པྲ་དྲ》དྲ་ཚིགས་སུ་ 《གློག་བརྙན་གྱི་རྩ་བའི་ཤེས་བྱ་གལ་ཆེ་འགའ།》 ཞེས་པ་ལས་བཤུས། རྩོམ་པ་པོ། ལྷ་མོ་དོན་གྲུབ། 2013-05-19 )

༥.གློག་བརྙན་སྒྱུ་རྩལ་ནང་འདྲེན་བྱེད་པའི་རིན་ཐང་།

            “གློག་བརྙན་ནི་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས། འཚོ་བ་དང་རིན་ཐང་གི་ལྟ་ཚུལ་སོགས་ཕན་ཚུན་ལ་བརྗེ་རེས་སམ་ཁྱབ་བསྒྲགས་བྱེད་པར་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པས། ཐོག་མར་གློག་བརྙན་ནི་ཚོང་ལས་གློག་བརྙན་ཁོ་ནར་ངོས་མི་འཛིན་པར་ཤེས་བྱ་རིག་གནས་གང་མང་ཞིག་གཞིག་གཅིག་ཏུ་འདུས་པའི་ཀུན་འདུས་རིག་གནས་སྒྱུ་རྩལ་ཞིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་ནི་བོད་རང་ལ་ཆ་རྒྱུས་མེད་པའི་ཤེས་རིག་གསར་བ་འདི་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པའི་སྔོན་འགྲོ་ཡིན།”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༣-༤)ཞེས་དང་། བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གསུང་བར་“སྤྱིར་བོད་ལ་མཚོན་ན་གློག་བརྙན་ཟེར་བ་འདི་གསར་དུ་དར་བའི་རིག་གནས་ཤིག་ཡིན་པས་རྨང་གཞི་བརྟན་པོ་ཞིག་ཆགས་མེད་པ་རེད། གློག་བརྙན་ཞིག་དར་དགོས་ན་ཕྱོགས་ཡར་མར་གྱི་མཐུན་རྐྱེན་མང་བོ་ཞིག་འཛོམས་ཏེ། ཆེད་ལས་ཀྱི་གློག་བརྙན་ལས་མཁན་སྐོར་ཞིག་དགོས་པ་དང་། དེ་ནས་ཁོག་ཡུག་ཅིག་དང་གློག་བརྙན་ལས་པའི་ཚོང་ལས་ཀྱི་ཁྲོམ་ར་ཞིག མ་རྩ་གཏོང་མཁན་སྐོར་ཞིག ལྟ་མཁན་ཚད་དང་མཐུན་པ་ཞིག་མཁོ་བ་སོགས་མཐུན་རྐྱེན་མང་བོ་ཞིག་ཚང་དགོས་པ་རེད། ལྟ་མཁན་ཡིན་རྒྱུ་ན་ཡང་བསྐྱེད་བསྲིང་བྱ་དགོས་པར་འདོད། ཡོ་རབ་རྒྱལ་ཁབ་ལ་མཚོན་ན་ཆེད་དུ་སྒྱུ་རྩལ་གློག་བརྙན་གྱི་འགྲེལ་སྟོན་གྱི་ཁོག་ཡུག་ཅིག་བཙུགས་ཡོད་པ་རེད། ལོ་རེར། ཟླ་བ་རེ་རེར། དེ་འདྲའི་སྒྱུ་རྩལ་གྱི་གློག་བརྙན་དག་གློག་བརྙན་ཁང་ཆུང་ཆུང་སོགས་ནས་ཡུན་རིང་སྟོན་པའི་ཤུགས་ངེས་ཅན་ཞིག་ཕུལ་ཡོད་པ་རེད། དེ་ཡིན་ན་ལོ་བརྒྱའི་གློག་བརྙན་འཕེལ་རྒྱས་ཀྱི་གོ་རིམ་འཕེལ་བའི་ཁྲོད་གློག་བརྙན་བལྟ་མཁན་ཡང་རིམ་གྱིས་བསྐྱེད་བསྲིང་བྱས་ནས་ཡོང་བ་ཞིག་རེད། ང་ཚོ་བོད་ལ་མཚོན་ན་དེ་ནི་ཧ་ཅང་ཁག་པའི་ལས་ཤིག་ཡིན་པས་ང་ཚོ་མི་རང་ངོས་ནས་འདིའི་ཕྱོགས་ཀྱི་ངོས་ཤེས་ལ་ཤུགས་སྣོན་བྱེད་དགོས་སྙམ། ” («ན་གཞོན་གསར་བ།» [G] དུས་དེབ་སྤྱིའི་དེབ་གྲངས་བརྒྱད་པའི་ཤོག་ངོས་༡༥་ལས་རྣོ་སྦྲེང་གིས་(གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་བཅར་འདྲི་བྱས་པ།)ཞེས་པ་ལས་དྲངས།)ཞེས་དང་། ཡང་ན་སྐྱབས་ཆེན་བདེ་གྲོལ་གྱིས་ཀྱང་(གློག་བརྙན་གྱི་བསླུ་བྲིད)ཞེས་པའི་རྩོམ་ཡིག་ལས་བོད་མི་མང་བོ་ཞིག་གིས་པདྨ་ཚེ་བརྟན་ཁོང་གི་“«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ལ་དྲང་ལྡོག་གང་རུང་གི་གཏམ་བརྗོད་སྣ་ཚོགས་སྤེལ་བཞིན་འདུག་ལ། བསྟོད་མཁན་ཚོས་ཀྱང་བསྟོད་མི་ཤེས་པ་དང་སྨད་མཁན་ཚོས་ཀྱང་སྨད་མི་ཤེས་པ་མཐོང་ཚེ་འཆད་དཀའ་བའི་ཚོར་བ་གཞན་ཞིག་བྱུང་། ལྷག་པར་དུ་དུས་རྒྱུན་པར་གློག་བརྙན་ལ་ལྟ་བའི་གོམས་གཤིས་ཆགས་མེད་པའི་ཟི་ལིང་གི་མཁས་པ་ཤས་ཀྱིས་གློག་བརྙན་སྐོར་གྱི་དཔྱད་པ་རིང་མོ་རེ་སྤེལ་བ་ཐོས་ཚེ་ཅི་ཡང་ཤེས་ལ་ཅི་ཡང་མི་ཤེས་པའི་མི་དེ་ཚོར་ཞེ་མེར་རྒྱུ་ཞིག་ཀྱང་བྱུང་། ཁོ་ཚོས་གློག་བརྙན་ལ་གློག་བརྙན་སྒྱུ་རྩལ་རང་ངོས་ནས་འགྲེལ་བཤད་མི་བྱེད་པར་གནས་གཅིག་ནས་ཙོག་པུར་བསྡད་དེ་བསྟན་དོན་རིལ་བུ་མ་བཙན་གྱིས་ཕྱུང་བར་བྱས་རྗེས་ཡིད་ཚིམས་པའི་ངང་རང་གིས་རང་ལ་བདེན་ཁ་སྟེར་བ་རེད། དྲང་མོར་བཤད་ན། གལ་སྲིད་ཚོང་ལས་དང་དྲིལ་བསྒྲགས་ཀྱི་ཁེ་ཕན་ལ་དམིགས་དགོས་པ་མིན་ན་པདྨ་ཚེ་བརྟན་གྱི་«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ» ཐོག་མར་སྟོན་ས་དེ་ཟི་ལིང་ཟློས་གར་ཁང་དེ་མ་བདམས་པར་རྒྱ་ནག་གི་འཁྲབ་སྟོན་གྲགས་ཅན་ཅཱ་ཀྲང་ཁི (贾樟可)བཞིན་གློག་བརྙན་ལ་དགའ་བའི་གྲོགས་པོ་ཚོ་བདམས་ན་ལེགས་པ་རེད།  ཉིན་དེར་པདྨ་ཚེ་བརྟན་གྱིས་ཟི་ལིང་ནས་ཁོ་རང་གི་གློག་བརྙན་དེར་དཔྱད་པའི་ཚོགས་འདུ་ཆུང་ཆུང་ཞིག་བསྡུ་རྒྱུ་བཀོད་སྒྲིག་བྱས་མོད། འོན་ཀྱང་རྒྱུ་རྐྱེན་མང་བོའི་རྐྱེན་གྱིས་ཚོགས་འདུ་དེ་བསྡུ་མ་ཐུབ།”([EB] «བོད་ཀྱི་གློག་བརྙན་སྤྱི་སྟེགས» ལས་བཤུས། རྩོམ་འབྲི་བ་ཡུལ་ཤུལ་ལྷ་བུ་བློ་དཀར། 2016-12-30)

u=4041056164,197249931&fm=30&app=106&f=JPEG.jpg

༦.འཛམ་གླིང་གློག་བརྙན་གྱི་འཁྲུངས་སྐར་ཉིན་མོ། 

            “(ལུའུ་མེ་རེ་སྤུན་གཉིས )(卢米埃尔兄弟) ཕུ་བོའི་མིང་ལ་ཨོ་ཀི་སི་ཐི•ལའོ་མའེ་ཨེར་(1862.10.19—1954.4.10)དང་ནུ་བོའི་མིང་ལ་ལུའོ་ཡི་སི•ལའོ་མའེ་ཨེར་(1864.10.5—1948.6.6)ཟེར། སྤུན་མཆེད་གཉིས་པོས་ཨ་རིའི་གསར་གཏོད་པ་ཨེར་ཏི་ཧྲིན་(爱迪生)གྱི་གློག་ཆས་གསར་གཏོད་ཀྱི་རིག་པ་དེའི་རྨང་གཞི་བྱས་པའི་འོག་ནས་གློག་བརྙན་དང་གློག་བརྙན་འགྲེམ་སྟོན་ཆས་གསར་གཏོད་བྱས་ཤིང་།  «མེ་འཁོར་ས་ཚིགས་སུ་སླེབས་པ»«火车进站»དང་«སྐྱེད་ཚལ་དུ་ཆུ་འདྲེན་པ»«水浇园丁»«བཟོ་གྲྭའི་སྒོ་ཆེན»«工厂的大门»སོགས་གློག་བརྙན་བརྩམས་ཆོས་མང་བོ་གསར་གཏོད་བྱས་མྱོང་། འདི་ནི་གློག་བརྙན་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་ངེས་དོན་གྱི་རླབས་ཆེན་མི་སྣ་གཉིས་ཡིན།”([EB] «བོད་ཀྱི་གློག་བརྙན་སྤྱི་སྟེགས» ལས་བཤུས། རྩོམ་འབྲི་བ་ཡུལ་ཤུལ་ལྷ་བུ་བློ་དཀར། 2016-12-30)ཞེས་དང་། “ཆེས་ཐོག་མའི་གློག་བརྙན་བརྩམས་ཆོས་སྟོན་མཁན་ནི་ཡོངས་གྲགས་སུ་(ལུའུ་མེ་རེ་སྤུན་གཉིས་)རེད། ཁོང་གཉིས་ཀྱིས་ལོ་དུ་མའི་རིང་ལ་དཀའ་སྤྱད་སྙིང་རུས་བྱས་མཐར། སྤྱི་ལོ་༡༨༩༥.ལོའི་ཟླ་༡༢.ཚེས་༢༨. ཉིན། ཧྥ་རན་སེའི་རྒྱལ་ས་པ་ལིའི་གྲོང་ཁྱེར་གྱི་ཁོ་ཧྥེ་ཁང་ཞིག་ཏུ་ཁོང་རྣམ་པ་གཉིས་ཀྱིས་ཐོག་དང་པོ་ཕབ་སྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་ཏེ། «མེ་འཁོར་ས་ཚིགས་སུ་སླེབས་པ»དང་«སྐྱེད་ཚལ་དུ་ཆུ་འདྲེན་པ»«བཟོ་གྲྭའི་སྒོ་ཆེན»སོགས་སྤྱི་ལོ་༡༨༩༥་ལོར་གློག་བརྙན་ཐུང་ངུ་བཅུ་གཉིས་མང་ཚོགས་ལ་བསྟན་པ་ཡིན་ལ། འདིའི་ཉིན་ནི་མིའི་རིགས་ལ་ཤེས་རིག་གསར་བ་ཞིག་བྱུང་བའི་ཉིན་བཟང་ཞིག་སྟེ། བླ་ན་མེད་པའི་འཛམ་གླིང་གློག་བརྙན་གྱི་འཁྲུངས་སྐར་རེད། ”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༡༡- ༡༢) ཅེས་དང་། “«བཟོ་གྲྭའི་སྒོ་ཆེན»ཞེས་པ་ནི་ངེས་དོན་གྱི་འཛམ་གླིང་གི་གློག་བརྙན་དང་པོ་དང་མིའི་རིགས་ཀྱི་དངོས་བཤུས་གློག་བརྙན་ཟིན་ཐོ་ཐོག་མའང་ཡིན་ཞེས་དང་།”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༦༣) ཡང་“(ལུའུ་མེ་རེ་སྤུན་གཉིས) ཀྱིས་གློག་བརྙན་གྱི་འཕྲིན་ལས་གསར་དུ་མཛད་པ་བརྒྱུད་ནས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གཏན་འབེབས་(སྤྱི་ལོ་1895.12.28. ཉིན) བྱས་པ་རེད།” (ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༢༦༢)ཅེས་དང་།  “ཕྱིས་སུ་གློག་བརྙན་གྱི་ལོ་རྒྱུས་སྨྲ་བ་དག་གིས་ཁ་གྲོས་གཅིག་མཐུན་གྱིས་དེ་ནི་འཛམ་གླིང་གི་ཆེས་ཐོག་མའི་གློག་བརྙན་དང་ཉིན་མོ་(ཟླ་༡༢.ཚེས.༢༨ཉིན་)དེའང་མིའི་རིགས་ཀྱི་གློག་བརྙན་གྱི་ཐོག་མའི་འཁྲུངས་སྐར་དུ་གཏན་ཁེལ་བྱས་ཡོད་པ་རེད། «བཟོ་གྲྭའི་སྒོ་ཆེན»ནི་ཧྥ་རན་སིའི་འཁྲབ་ཁྲིད་པ་ལུའོ་ཡེས་སི•ལའོ་མའེ་ཨེར་གྱིས་བླངས་པ་ཞིག་ཡིན་ལ། དུས་ཡུན་སྐར་མ་གཉིས་ལ་ཉེ་བ་ཙམ་ལ་སྒྲ་«རྒྱབ་ལྗོངས་ཀྱི་རོལ་དབྱངས་ནི་ཕྱིས་སུ་སྒྲིག་བསྣན་བྱས་པ་རེད»དང་མཚོན་མདངས་གང་ཡང་མེད་པའི་གློག་བརྙན་ཞིག་ཡིན། ལྗོངས་རིས་ནང་དུ་ལས་འཚོགས་གྲོལ་མ་ཐག་སྒོ་འགྲམ་ནས་རྐང་ཐང་དུ་འགྲོ་མཁན་དང་ཤིང་རྟ། ལྕགས་རྟ་ཞོན་མཁན་སོགས་ཕར་འགྲོ་ཚུར་འོང་གི་འཚང་ཁ་ཤིག་ཤིག་བྱེད་པའི་དངོས་ཡོད་ཀྱི་འཚོ་བ་ཞིག་ཟིན་ཐོར་བཀོད་ཡོད། དེ་ནས་ད་བར་མི་ལོ་༡༢༡་ལྷག་ཙམ་ཞིག་འགོར་ཟིན་ལ། བྱ་དངོས་གང་ཡིན་ཡང་མེད་པ་ནས་ཡོད་པ་དང་། ཡོད་པའང་མཐུས་ཚང་བཞིན་ཅན་དུ་འགྲོ་དགོས་པ་ལས་གདོད་མ་ནས་གྲ་དག་སྤུས་ཡག་ཅིག་མེད་པ་ཤེས་གསལ་རེད། གློག་བརྙན་ལའང་དེ་ལས་མ་འདས་ཏེ། དང་ཐོག་བརྙན་ཆས་ཟེར་བ་ད་ལྟའི་འདི་འདྲའི་སྟབས་བདེ་བོ་ཞིག་མིན་པར། གཅིག་ནས་བརྙན་ཆས་ཆེ་བ་དང་། གཉིས་ནས་སྤྱིན་ཤོག་(胶卷)ལག་པས་བསྐོར་ནས་ལེན་དགོས་སྟབས་རྙོག་འཛིང་ཆེ་བ། གསུམ་ནས་འཐེན་འདེད་(推拉)ཀྱི་བྱེད་ནུས་ཕྱོགས་གང་ཡང་མེད་ལ། དེ་ལས་ཀྱང་དང་དུས་རབས་ཉི་ཤུ་བའི་ལོ་རབས་༣༠བའི་ཡར་སྔོན་གྱི་གློག་བརྙན་ཚང་མ་སྒྲ་མེད་རྐྱང་རྐྱང་རེད། ༡༩༢༠.ལོའི་ཡར་སྔོན་ཙམ་ནས་ད་གཟོད་གློག་བརྙན་རིག་གནས་ཀྱང་ཚད་ངེས་ཅན་གྱི་སྒྱུ་རྩལ་ཆ་ཚང་ཅན་གྱི་ལམ་དུ་ཆས་འགོ་ཚུགས་ཏེ། རིམ་པ་བཞིན་སྣ་མང་གི་རིགས་དབྱེ་དང་གཞུང་ལུགས་རང་བཞིན་ཅན་དུ་སྒྱུ་རྩལ་གྱི་རིག་པ་ཞིག་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་རེད།”([EB] «བོད་ཀྱི་གློག་བརྙན་སྤྱི་སྟེགས» ལས་བཤུས། རྩོམ་འབྲི་བ་ཡུལ་ཤུལ་ལྷ་བུ་བློ་དཀར། 2016-12-30)ཅེས་སོ། །

5900ba7e1afc3_610.jpg

གཉིས། གློག་བརྙན་ཚོང་རྫས་སུ་གྱུར་པའི་དུས་སྐབས།

           “གློག་བརྙན་ཤེས་རིག་ལ་ལས་དབང་གི་ཁ་ལོ་བསྒྱུར་བའི་དུས་ནི་སྤྱི་ལོ་༡༩༠༠ ལོ་ཡིན། སྐབས་ཤིག་ལ་(ཨ་རིའི་ཉིའུ་ཡེའུ་(美国纽约) ཡི་ཁོ་ཧྥེ་ཁང་དེ་གཟའ་འཁོར་གཅིག་གི་ནང་གློག་བརྙན་ཁང་ཞིག་ནས་རྩེད་མོ་བ་རྣམས་ཁེ་སྤོགས་ཀྱི་ཆེད་དུ་སྦྱིན་བདག་དང་མ་མཐུན་པར་ལས་མཚམས་བཞག་པས་སྦྱིན་བདག་ལ་རེ་ཞིག་གྱོང་གུད་ཆེན་པོ་ཐེབས་ཏེ་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་བ་རེད། སྦྱིན་བདག་གིས་འཚོ་རྟེན་ཙམ་གྱི་ཆེད་དུ་ཁོ་ཧྥོ་ཁང་དེ་གཟའ་འཁོར་གཅིག་གི་ནང་གློག་བརྙན་ཁང་ཞིག་ཏུ་བསྒྱུར་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་གློག་བརྙན་ཁང་གི་ཚོང་ལས་ཤིན་ཏུ་དར་ཏེ། ཐ་ན་གློག་བརྙན་བརྩམས་ཆོས་ཀྱང་རང་གིས་འཚོལ་མི་དགོས་པར་ཕབ་སྐྲུན་པ་རྣམས་ཀྱིས་སྒོ་མདུན་དུ་སྐྱེལ་ཡོང་བའི་རྣམ་པ་བྱུང་བས། ཚོང་བ་གཞན་དག་ཀྱང་འདིའི་རྗེས་སུ་འབྲངས་ཏེ་ཏག་ཏག་ལོ་ངོ་བཞིའི་རིང་ལ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གློག་བརྙན་ཁང་ཁྲི་ཕྲག་ལྷག་བྱུང་བའི་རྐྱེན་གྱིས་གློག་བརྙན་ཤེས་རིག་ནི་ཚོང་ལས་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བར་རྨང་བཏིང་བ་རེད། ཕྱིས་སུ་སྤྱི་ལོ་༡༩༠༦.ལོར། ཨ་རིའི་འཁྲབ་ཁྲིད་པ་(ཀོ་ལི་ཧྥེ་སི་)(格里菲斯文) ཡིས་སྔོན་ཆད་གློག་བརྙན་ཐུང་ངུ་བརྒྱ་ཕྲག་ལྷག་ཕབ་སྐྲུན་བྱས་པའི་ཉམས་མྱོང་སྟེང་«རྒྱལ་ཁབ་གཅིག་གི་བྱུང་ཚུལ» «一个国家的诞生»ཞེས་པའི་སྐད་གྲགས་ཅན་གྱི་གློག་བརྙན་ཞིག་ཕབ་སྐྲུན་བྱས་པ་ན་ཡོངས་གྲགས་སུ་དུས་འདི་ནས་བཟུང་གློག་བརྙན་གྱི་ཁོ་ལག་རྒྱས་པའི་སྐབས་རེད་ཅེས་ཁ་ཚོན་བཅད་ཡོད་པ་རེད་ལ།”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༡༣ - ༡༤) “སྤྱི་ལོ་༡༩༡༥.ཟླ་༢.ཚེས་༨.ཉིན།  «རྒྱལ་ཁབ་གཅིག་གི་བྱུང་ཚུལ» «一个国家的诞生» ཞེས་པའི་གློག་བརྙན་བཏང་བའི་ཉིན་དེ་ནི་(ཧའོ་ལའེ་ཝུའུ་)(好莱坞)(“ཧའོ་ལའེ་ཝུའུ་”(好莱坞) ཞེས་པའི་ཐ་སྙད་འདི་ནི་ཨ་རིའི་ཅ་ཀྲུའུ་ལྷོ་རྒྱུད་ཀྱི་གློག་བརྙན་བཟོ་ལས་ལ་ཐད་ཀར་ཟེར། དེའི་ནང་གྲོང་ཁྱེར་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བའི་གློག་བརྙན་བཟོ་བ་དང་འགྲེམས་སྤེལ་ཀུང་སི་སོགས་ཚུད་ཡོད་ཅིང་། དེའི་ནང་འབྲས་ཀའོ་མེ་དང་། ཕའེ་ལ་མེང་གློག་བརྙན་ལས་རིགས་དང་། ཀོ་ལུན་པི་ཡའི་གློག་བརྙན་ལས་རིགས། ཧྭ་ན་སྤུན་ཟླའི་གློག་བརྙན་ལས་རིགས། ཧྭ་ཐེ་ཏི་ཧྲི་ཉི་ཀུང་སི། དུས་རབས་༢༠བའི་ཧྥུ་ཁེ་སི་ཀུང་སི་སོགས་གོ་ལ་ཧྲིལ་བོའི་གློག་བརྙན་ལས་རིགས་གྲགས་ཅན་གྱི་གོ་གནས་ཟིན་ཡོད་པ་རེད། དེ་ལྟར་“ཧའོ་ལའེ་ཝུའུ་ནི་ཨ་རིའི་རིག་གནས་ཀྱི་ཟོང་རྟགས་གྲགས་ཀྱི་ཅན་ཡ་གྱལ་ཞིག་ཡིན་ཞིང་། དུས་རབས་གཅིག་ཙམ་གྱི་རིང་ལ་དེས་རང་ཉིད་ཀྱི་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་ཀྱིས་འཛམ་གླིང་ཟིལ་གྱིས་གནོན་པ་ཆབས་ཅིག  ཨ་རིས་རིག་གནས་འདིའི་ཟོང་རྟགས་གྲགས་ཅན་དེ་དུས་རབས་གཅིག་སྟེ་ལོ་བརྒྱ་ཡི་ནང་དུའང་གསོན་ཤུགས་མི་ཉམས་པར་གནས་ཡོད་ལ། མ་གཞིར་བརྙན་ལེན་དང་གློག་བརྙན་བཟོ་སའི་ས་ཆ་ཞིག་ད་ལྟར་ཨ་རིའི་ཡུལ་སྐོར་བྱེད་སའི་གནས་མཆོག་གཅིག་ཏུ་བསྐྲུན་འདུག་ཡོད་དོ། །)ཡི་གློག་བརྙན་བཟོ་གྲྭ་ཡིས་འཛམ་གླིང་གློག་བརྙན་ལ་དབང་བསྒྱུར་བའི་མགོ་ཚུགས་པ་རེད་ཅེས་གསུངས་ཡོད།”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས༡༤)

               “གློག་བརྙན་འདི་ལེགས་འགྲུབ་ཆེན་པོ་བྱུང་བ་ལ་བརྟེན་ནས་ཨ་རིའི་ཚོང་བ་རྣམས་ཀྱིས་གློག་བརྙན་སྟེང་གི་དཔལ་འབྱོར་གྱི་རིན་ཐང་ཤེས་པར་མ་ཟད། གློག་བརྙན་ཚོང་ལས་སུ་བསྒྱུར་བར་ཐབས་བཀོད་སྣ་ཚོགས་སྤྱད་ཡོད་དེ། ལ་ལས་སྤྲོ་གར་གྱི་ཁྱད་ཆོས་དང་ལ་ལས་བརྩེ་དུང་། ལ་ལས་ཇག་ཚོགས་དང་ལ་ལས་དཔའ་བོའི་ལོ་རྒྱུས་སོགས་བརྗོད་བྱ་དང་ཁྱད་ཆོས་མི་གཅིག་པའི་བཟུང་ནས་གློག་བརྙན་གྱི་བཟོ་གྲྭའང་ནམ་མཁའི་སྐར་ཚོགས་ལ་འགྲན་ནུས་པའི་རྣམ་པ་བྱུང་བ་རེད། ཨ་རིའི་ཚོང་བ་རྣམས་ཀྱིས་གློག་བརྙན་སྟེང་གི་ཚོང་ལས་རིན་ཐང་རྙེད་པ་ནས་བཟུང་གློག་བརྙན་འཁྲབ་གཞུང་དང་ཕབ་སྐྲུན། སྒྲིག་སྦྱོར་དང་འགྲེམས་སྤེལ་སོགས་གློག་བརྙན་གྱི་མ་ལག་ཚད་ལྡན་ཞིག་བཟོས་ཡོད་ལ། ཚོང་ལས་ཀྱི་མ་ལག་འདི་ལ་བརྟེན་ནས་(ཧའོ་ལའེ་ཝུའུ་)(好莱坞)གློག་བརྙན་བཟོ་གྲྭ་ཡིས་འཛམ་གླིང་གློག་བརྙན་ལ་དབང་བསྒྱུར་བར་རྨང་བཏིང་བས། ཡོངས་གྲགས་སུ་དུས་སྐབས་འདི་ལ་གློག་བརྙན་ཚོང་ལས་སུ་གྱུར་པའི་དུས་སྐབས་ཟེར།(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༡༥)

གསུམ། གློག་བརྙན་སྒྱུ་རྩལ་དུ་གྱུར་པའི་དུས་སྐབས།

            སྤྱི་ལོ་༡༩༡༡ ལོར་དབྱི་ཐ་ལིའི་སྙན་ངག་པ་(ཆའོ་ཐུའོ•ནུའུ་ཏུའུ།)(乔托·卡努杜)«ཨང་བདུན་པའི་སྒྱུ་རྩལ་བསྒྲགས་གཏམ» «第七艺术宣言» ཞེས་པའི་དཔྱད་བརྗོད་ཅིག་སྤེལ་བ་རེད། བསྒྲགས་གཏམ་འདི་ནི་གློག་བརྙན་ལོ་རྒྱུས་སྟེང་རིན་ཐང་གཞལ་དུ་མེད་པའི་གསུང་གི་བདུད་རྩི་དང་འདྲ་བར་གློག་བརྙན་ནི་རི་མོ་དང་འཇིམ་བརྐོས། གླུ་དབྱངས། ཟློས་གར། རྩོམ་རིག བཟོ་བཀོད་བཅས་སྒྱུ་རྩལ་རྣམ་པ་དྲུག་གི་རྗེས་ནས་བྱུང་ཞིང་རང་རྐྱ་ཐུབ་པའི་སྒྱུ་རྩལ་ཞིག་གི་རིགས་སུ་བགར་བ་མ་ཟད། གོང་གི་སྒྱུ་རྩལ་རྣམ་པ་དྲུག་པོའང་གློག་བརྙན་དུ་འདུ་བའི་བླ་མེད་ཀྱི་སྒྱུ་རྩལ་ཞིག་ཡིན་པར་ལུང་གིས་བདེན་དཔང་བྱས་མྱོང་མོད། འོན་ཀྱང་སྐབས་དེར་(ཧའོ་ལའོ་ཝུའུ་)(好莱坞)གློག་བརྙན་བཟོ་གྲྭ་ཡིས་གློག་བརྙན་ལ་དབང་བསྒྱུར་བའི་རྐྱེན་གྱིས་གློག་བརྙན་ཚོང་རྫས་སུ་གྱུར་པ་མ་གཏོགས་སྒྱུ་རྩལ་དུ་བགྲང་བའི་མི་ནི་ཧ་ཅང་ཉུང་ཤོས་རེད། ཡིན་ཡང་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་བརྙན་འཕྲིན་གྱི་ལས་རིགས་དར་ཁྱབ་ཆེན་པོ་བྱུང་བས་རེ་ཞིག་གློག་བརྙན་ལ་ལྟ་མཁན་ཇེ་ཉུང་དུ་ཕྱིན་པར་བརྟེན། གློག་བརྙན་གྱི་ཁེ་སྤོགས་ལ་གནོད་པ་ཚབས་ཆེན་ཐེབས་ཏེ་(ཧའོ་ལའེ་ཝུའུ་)(好莱坞)ཡི་གློག་བརྙན་བཟོ་གྲྭ་རྣམས་བུད་ཤིང་ཐལ་བར་གྱུར་པ་བཞིན་གཅིག་རྗེས་གཉིས་མཐུད་དུ་སྒོ་བརྒྱབ་པས་(ཧའོ་ལའེ་ཝུའུ་) (好莱坞)རྙིང་མའི་དུས་སྐབས་མཇུག་བསྒྲིལ་བ་རེད། ཅེས་དང་། ཡིན་ཡང་། རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་ཞིག་ཡིན་ཕྱིན་གང་གཱའི་བྱེ་མའི་ཀློང་དུ་གནས་ཀྱང་དུས་ནམ་ཞིག་མི་རྣམས་ཀྱིས་རྙེད་ལ་གཙུག་ཏུ་བཀུར་བའི་སྐབས་ཀྱང་ཡོད་དེ། ཕྱིས་སུ་དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱི་གྲུབ་མཐའ་བྱུང་ཞིང་། གྲུབ་མཐའ་འདི་རྗེས་སུ་འཛིན་པ་རྣམས་ཀྱིས་གློག་བརྙན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ཁུངས་གཏུགས་ཏེ་བརྙན་རིས་རིང་བོ་དང་ལག་ཐོག་བརྙན་ལེན། རང་བྱུང་གི་འོད་དང་ཁོར་ཡུག་སོགས་བཀོལ་སྤྱོད་བྱེད་པའི་ཐབས་ལམ་བེད་སྤྱོད་བཏང་བར་མ་ཟད། འཁྲབ་སྟོན་པའང་མང་ཚོགས་ཀྱི་ཁྲོད་ནས་གདན་དྲངས་ཏེ་འཚོ་བ་དངོས་ལ་མཐུད་པའི་གློག་བརྙན་ཕབ་སྐྲུན་བྱས་པར་བརྟེན། རེ་ཞིག་མིང་དུ་གྲགས་པའི་(ཧའོ་ལའེ་ཝུའུ་)(好莱坞)ཡི་འཁྲབ་སྟོན་པ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་། ཡོད་ཚད་ཁེ་སྤོགས་དང་དཔལ་འབྱོར་གྱི་ཆེད་དུ་ཕབ་སྐྲུན་བྱེད་པ་ལས་སྤྱི་ཚོགས་འཚོ་བ་དངོས་དང་ཁ་ཐག་ཤིན་ཏུ་རིང་ཞིང་། ལྷ་སྒྲུང་ལྟ་བུའི་གློག་བརྙན་བརྗོད་བྱ་ལ་དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྲུབ་མཐའ་ཡིས་ཐད་ཀར་དགག་རྒྱག་ཚ་ལངས་པ་ཞིག་བྱས་པ་རེད། རྨོངས་འཇོམས་རལ་གྲི་ཐོགས་པའི་རྣམ་དཔྱོད་ཅན་གྱི་(ཆའོ་ཐུའོ་ཁ་ནུའུ་ཏུའུ་) (乔托·卡努杜)ཡིས་རང་ནུས་ཡོད་དགུ་བཏོན་ནས་གློག་བརྙན་སྒྱུ་རྩལ་ཡིན་པར་ར་སྤྲོད་བྱས་པ་དང་། ཁོང་གི་བདེན་ལུགས་མངོན་འགྱུར་བྱུང་བ་དང་ཕྱི་རབས་པ་རྣམས་ཀྱིས་ཁོང་གི་བདེན་ལུགས་འདི་ཚད་མར་བཟུང་སྟེ་གློག་བརྙན་ལ་ཞིབ་འཇུག་བྱས་མཐར། གློག་བརྙན་ནི་ཨང་བདུན་པའི་སྒྱུ་རྩལ་དུ་བགྲང་བར་མ་ཟད་ཐ་ན་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ་སོགས་ཀྱང་གློག་བརྙན་ལ་འབྲེལ་བ་ཡོད་པ་བདེན་དབང་བྱས་མྱོང་བ་རེད།”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༡༦ - ༡༨) ཅེས་དང་། དེ་ལྟར།“ཁྱད་དུ་འཕགས་པའི་གློག་བརྙན་སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་དང་སྒྱུ་རྩལ་རིན་ཐང་གོང་འཕེལ་དུ་གཏོང་མཁན་ནི། དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱི་གྲུབ་མཐའ་ལྟ་བུ་མ་གཏོགས་ཚོང་ལས་གློག་བརྙན་གྱིས་འཛམ་གླིང་གློག་བརྙན་འཕེལ་རྒྱས་ལ་འདི་དང་འདི་ལྟ་བུའི་བྱས་རྗེས་བཞག་མེད་པ་རེད། ”(ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། «གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧.ལོའི་ཟླ་བ་༡ རུ་པར། ཤོག་ངོས་༢)ཅེས་སོ། །

V_09OuWNAVIx_副本.jpg

ས་བཅད་གཉིས་པ།  བརྙན་ཕྲན་སྒྱུ་རྩལ་གྱི་རིན་ཐང་གླེང་བ། 

___«གློག་བརྙན་དང་རྒྱང་ལྟ། » ཞེས་པའི་དེབ་ཀྱི་དཔེ་ཀློག་ཟིན་བྲིས།

 གཅིག  བརྙན་ཕྲན་སྒྱུ་རྩལ་གྱི་རིན་ཐང་།

           “འདིར་བརྙན་ཕྲན་(微电影)ཞེས་པ་ནི་གློག་བརྙན་ལས་དུས་ཚོད་ཀྱི་ཁྱབ་ཁོངས་ཆེས་ཐུང་བ་དང་བར་སྟོང་གི་མཚོན་ཐབས་སྣང་བརྙན་ཆེས་དོག་པའི་ཆ་ལ་འཇུག་པར་མ་ཟད། བརྙན་ཕྲན་རང་ངོས་ནས་མ་རྩ་དང་ལག་རྩལ་གྱི་ཆ་ནས་ཆུང་ངུ་འདོན་པ་སོགས་ཀྱི་རྐྱེན་ལས་དེ་སྐད་དུ་ཡིན། དེ་ནི་དུས་རབས་ཀྱི་བརྙན་ལམ་དང་རྣམ་པ་གསར་བའི་ལུགས་སུ་ཆགས། བཞེད་ལུགས་མི་འདྲ་བའི་ཟུར་ནས་བརྙན་ཕྲན་གྱི་དུས་ཚོད་ལ་ཕལ་ཆེར་སྐར་མ་སུམ་ཅུ་ནས་སྐར་ཆ་སུམ་བརྒྱའི་བར་དུ་ཡིན་ཞེས་སྡོམ་ཚིག་ལྡོམ་པོ་ཞིག་ཀྱང་ཡོད། ཡིན་ཡང་།  བརྙན་ཕྲན་འཁྲབ་པ་ནི་རྩེད་མོ་རྩེད་པ་དང་ཉམས་སྣང་རླུང་ལ་བསྐུར་བའི་ཆ་ནི་གཏན་ནས་མ་ཡིན། དེ་ནི་མི་རིགས་གང་ཞིག་གི་རིག་གནས་འཛིན་སྟངས་དང་འཛམ་གླིང་གི་ཤེས་རིག་གང་ཞིག་གི་སྐྱོམ་སྟངས་ཅི་རིགས་མཚོན་ཐབས་སུ་སྤྱད་པའི་བརྙན་མིག་ཆེས་ཕྲ་བ་དང་ཆེས་རྣོ་བའི་རིགས་ཡིན། དེ་ཡང་བརྙན་ཕྲན་གྱི་དམིགས་ཚད་ནི་གཏན་ཚིགས་རང་བཞིན་གྱི་སྣང་བརྙན་བཞེངས་སྐྲུན་དང་མངོན་ལྐོག་གསལ་རྗེན་གྱི་སྒྱུ་རྩལ་མཚོན་ཐབས་ཡོད་ན། དེ་ནི་ངེས་པར་དོན་གྱི་བརྙན་ཕྲན་གྱི་མཛེས་པ་དང་པོ་ཡིན། དེ་ལས་ལྡོག་སྟེ། བརྙན་ཕྲན་གང་ཞིག་འཁྲབ་པ་ནི་གཞུང་ཕྱོགས་ཀྱི་ལས་གཞི་དང་མི་སྒེར་གྱི་རྩྭ་མགོ་རླུང་རྒྱག་གི་ལས་སྟངས་ཁོ་ན་འཇུག་པ་དེས་བརྙན་ཕྲན་གྱི་གཏན་ཚིགས་དང་ཟབ་ཚད་ཤོར་ཚར་བ་རེད། དེ་ན་འཛམ་གླིང་ཧྲིལ་བོར་ཤུགས་ཆེན་རྐྱེན་ཐེབས་པའི་གློག་བརྙན་ལོ་རྒྱུས་སུ་བརྙན་ཕྲན་འགར་འདིར་བརྗོད་ན། «མི་གཤིས།» «人性» ཞེས་པ་དང་། «མེ་ལོང་།» «镜子» ཞེས་པ་དང་། «2+2=5» ཞེས་སོགས་གོང་གསལ་གྱི་གློག་བརྙན་བརྙན་ཐུང་དང་བརྙན་ཕྲན་དེ་དག་ནི་ཕལ་ཆེར་སྐར་མ་གསུམ་ནས་བཅུ་ཡས་མས་ཅན་གྱི་བརྙན་དག་དག་རེད། ཡིན་ཡང་། བརྙན་ཕྲན་འདི་དག་འཛམ་གླིང་གི་མི་འབོར་དུང་ཕྱུར་དུ་མ་ལ་ཐེབས་པའི་བསམ་གཞིགས་ཀྱི་འདྲི་གཞི་དང་ཁྱད་མཚར་གྱི་སྒྱུ་རྩལ་ནི་ལོ་རྒྱུས་གསར་བའི་རྡོ་རིང་དུ་གྱུར་ཡོད། དེ་ནི་བརྙན་ཕྲན་ལག་ཐབས་ཀྱིས་བཞེངས་པའི་མིའི་རིགས་ཀྱི་ལྟད་མོ་གསར་བའི་མཚར་སྒྲུང་ཞིག་ཡིན། མདོར་ན། བརྙན་ཕྲན་ནི་བརྙན་ཐུང་ལས་ཀྱང་སྒྱུ་རྩལ་གྱི་ཚད་གཞི་དང་མཚོན་ཐབས་ཀྱི་ཚད་རིམ་ཆེས་མཐོ་ཤོས་སུ་བསྙེག་ན་འགྲིག་བསམ།  དེ་ནི་དུས་ཚོད་སྐར་མ་རེ་གཉིས་ཙམ་ལས་འཇིག་རྟེན་གྱི་འགྱུར་བ་ཇི་སྙེད་གཅིག་སྡུས་དང་མིའི་རིགས་ཀྱི་རྟོགས་སད་ལས་བརྒལ་བའི་དཔྱོད་ཤེས་དང་སྒྱུ་རྩལ་གྱི་གཏིང་ཚད་སྙོབ་བྱེད་ཅིག་ཡིན་ནོ། །”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ།» [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧. རུ་པར། ཤོག་ངོས་༡༣༢--༡༣༥)

གཉིས། བརྙན་ཕྲན་གྲགས་ཅན་ཁག་གི་བརྗོད་དོན་མདོར་བསྡུས།

༡.བརྙན་ཕྲན་ «ལྷམ་ཆ་གཞན་ཞིག » ཅེས་པའི་བརྗོད་དོན།

          «ལྷམ་ཆ་གཞན་ཞིག »  (The Other Pair)ཅེས་པའི་བརྙན་ཕྲན་འདི་ནི་“འཛམ་གླིང་གི་མི་མང་པོ་སེམས་འགུལ་ཐེབས་པའི་བརྙན་ཐུང་གྲགས་ཅན་ཞིག་སྟེ།  “འཁྲབ་ཚིག་གཅིག་ཀྱང་མེད་ནའང་། མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད། ”  བརྙན་ཐུང་དེའི་མིང་ལ་«The Other Pair» ཟེར་ཞིང་།  བརྙན་ཐུང་དེ་ནི་ལོ་ན་༢༠.ལས་མིན་པའི་ཨེ་ཅིབ་ཀྱི་ན་གཞོན་ཞིག་གིས་བཟོས་པའི་སྐར་མ་༤.ལས་མེད་པའི་བརྙན་ཐུང་ཞིག་ཡིན་ལ། འཁྲབ་ཚིག་གཅིག་ཀྱང་མེད་མོད། འོན་ཀྱང་འཛམ་གླིང་གི་རིག་གནས་དང་རིགས་རྒྱུད་མི་འདྲ་བའི་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་ཡོད། “བརྙན་ཐུང་འདིས་ང་ཚོར་སྡུག་དུས་ཅི་ཞིག་སྲུང་དགོས་པ་དང་། རྒྱས་དུས་ཅི་འདྲ་བྱེད་དགོས་པའི་གནས་ལུགས་ཀྱང་སྟོན་བཞིན་མེད་དམ།”མདོར་ན། བསམ་པ་བཟང་བོ་གཉིས་ཕན་ཚུན་ཐུག་དུས། ད་གཟོད་ཆེས་ཡིད་འོང་གི་མེ་ཏོག་དེ་བཞད་སྲིད་དོ། ། བརྙན་ཐུང་འདིར་ཨེ་ཅིབ་ཀྱི་ལུའུ་ཁི་སོར་(LUXOR ) གློག་བརྙན་བྱ་དགའ་ཐོབ་པ་ཡིན་ནོ། །”([EB] ངོ་སྤྲོད་ཡིག་ཆ་འདི་ནི། «འཕགས་ཆེན་འཕྲིན་སྟེགས།» (2016.12.14) ལས་བཤུས་སོ། །)

༢.བརྙན་ཕྲན་ «མི་གཤིས » ཞེས་པའི་བརྗོད་དོན།

           «མི་གཤིས »ཞེས་པའི་བརྙན་ཕྲན་འདི་ནི་“འཛམ་གླིང་གློག་བརྙན་གར་སྟེགས་སུ་ཆེས་ཆེར་རྟགས་མ་བརྒྱ་ཕྲག་ལྷག་ཐོབ་པའི་བརྙན་རིས་ཤིག་ཡིན། མི་ཚུལ་རང་ལུགས་དང་འགལ་བའི་གནས་དང་ཟུར་བརྗོད་པའི་བརྙན་ཐུང་ལེགས་ཤོས་སུ་འགྲོ་བ་ཡིན། འདི་ལ་མི་གཤིས་དང་མི་གཞི། མི་ཚུལ། མི་ཆོས་ཀྱི་ལུགས་དང་འགལ་བའི་འབྱོར་ལྡན་པ་དང་སྐུ་དྲག་པ། གཞུང་ཞབས་པ། ཟ་ཡུན་འགྱིངས་རྒན། སྒེར་གཅོད་པའི་རིགས་ལ་སུན་འབྱིན་དང་ཟུར་ཟའི་སྣང་བརྙན་བརྐོ་བཞེངས་གང་ལེགས་བྱས་ཡོད་དོ། །”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ།» [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧. རུ་པར།  ཤོག་ངོས་༡༣༣)

༣.བརྙན་ཕྲན་ «བུ་ག་ནག་པོ» ཞེས་པའི་བརྗོད་དོན།

          “«བུ་ག་ནག་པོ »ཞེས་པའི་བརྙན་ཕྲན་འདི་ནི་“འཛམ་གླིང་དུ་ཆེས་ཆེར་གྲགས་པའི་ཧྥ་རན་སིའི་བརྙན་ཕྲན་གྱི་རིགས་ཤིག་ཡིན། འདི་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་(རྡོའི་སེང་གེའི་ཁ་གདངས་པ) ཞེས་པ་ནང་དོན་དང་ཆ་འདྲ་བའི་གནས་སུ་འདུག་པ་ཡིན། རྒྱུ་མཚན་ནི། གློག་བརྙན་བརྙན་ཕྲན་ལས་འདིར་མིའི་ཚད་མེད་ཀྱི་ཧམ་སེམས་དང་འདོད་རྔམ་གྱིས་མཐར་ཐུག་རང་ཉིད་སྡུག་ལ་སྦྱར་བའི་སྣང་བརྙན་སྤྱད་ཡོད་ལ། སྡུག་བསྔལ་གྱི་འབྱུང་རྩ་ནི་སྒེར་སེམས་ཀྱི་བྱ་སྤྱོད་པ་ཡིན་པ་བསྟན་ཡོད།” (ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ།» [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧. རུ་པར།  ཤོག་ངོས་༡༣༤)

8644ebf81a4c510f650b5ce96659252dd52aa572.jpg

ས་བཅད་གསུམ་པ། དྲ་ལམ་གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་གླེང་། 

( ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠རུ་པར།  ཤོག་ངོས་༤༡༣ ལས། དྲ་ལམ་གློག་བརྙན་ལ་ (短视频)“དྲྭ་བརྒྱུད་གློག་བརྙན་གྱི་རང་དབང་རང་ལུགས།” ཞེས་ཟེར།)

            “དྲ་ལམ་གློག་བརྙན། (短视频)འདིའི་རིགས་ལ་ཕལ་ཆེར་སྐར་མ་ལྔ་ནས་སུམ་ཅུ་ཡས་སུ་སོན་པའི་དེང་རབས་བརྙན་གཟུགས་སྟབས་བདེ་ཅན་གྱི་རིགས་དྲ་བའི་ལམ་ནས་སྒྲོན་པའི་གློག་བརྙན་རྒྱུགས་ཆེ་བའི་ཁོངས་སུ་གཏོགས་པ་ཡིན། འདི་ལ་དྲྭ་བརྒྱུད་དམ་དྲ་བའི་གློག་བརྙན་ལ་སྐད་གྲགས་ཅན་གྱི་འཁྲབ་ཁྲིད་པ་དང་འཁྲབ་རྩལ་མཁས་པའི་འཁྲབ་སྟོན་པ་མི་དགོས་པ་མ་ཟད། དཔལ་འབྱོར་གྱི་མ་རྩ་དེ་བས་ཀྱང་མི་དགོས་པས། དེ་ནི་རང་དབང་ཅན་དང་རང་འདེགས་ཅན། རང་སྤེལ་ཅན་གྱི་དེང་རབས་དྲྭ་བརྒྱུད་དམ་དྲ་བའི་གློག་བརྙན་གྱི་རྗེས་སུ་འགྲོ། རྒྱུ་མཚན་ནི་སྐྱེ་བོ་སུ་དང་ཚོགས་པ་གང་ཞིག གློག་བརྙན་ལ་འཇུག་པའི་ཀུན་སློང་ཙམ་དང་དགའ་མོས་ཙམ་ཡོད་གྱུར་ན། དྲ་ལམ་གྱི་ལག་རྩལ་དང་མཉེན་ཆས་ཅི་རིགས་བརྒྱུད་ནས་རང་ཉིད་འཁྲབ་ཁྲིད་དང་འཁྲབ་སྟོན་པ། འཁྲབ་གཉེར་བའང་བྱས་ཆོག་པས། རང་དབང་གི་སྒྱུ་རྩལ་དང་རང་དབང་གི་འཚོ་བ་གཞི་གཅིག་ཏུ་སྦྲེལ་སླ་བའི་དྲ་ཆས་ལས་བརྒྱུད་པའི་ལག་རྩལ་རིགས་ཤིག་ཡིན། ”(ཟླ་ཚང་དཔལ་མཁར་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠རུ་པར། ཤོག་ངོས་༤༡༣--༤༡༤) འོ་ན་“དྲ་བརྒྱུད་གློག་བརྙན་ཅི་རིགས་དྲ་ལམ་ལ་གཞིགས་ནས་སྟོན་འགྲེམས་བྱེད་པའི་རིགས་སུ་མི་གཏོགས། དྲ་ལམ་དང་གློག་བརྙན་ལ་ལྟོས་བཅས་ཀྱི་འབྲེལ་བ་ཞིག་ལྡན་པ་ལས། ལྟོས་མེད་ཀྱི་བྱེད་ཕྱོགས་ཤིག་མི་འདུག་པ་རེད། དྲ་བརྒྱུད་གློག་བརྙན་ནི་དྲ་ལམ་གྱི་མཉེན་ཆས་དང་བརྙན་མིག་སྒྲིག་ཆས་ཏེ་(pro Mark ) ( edits) (快剪辑) དང་ (剪映) ལྟ་བུ་ལ་གཞིགས་ནས་དྲ་ལམ་གྱི་སྟེང་ནས་དངོས་ཡོད་འཚོ་བའི་ངོ་གདོང་མཚོན་པར་བྱས་ནས་བརྙན་བཟོ་སྒྲིག་སྦྱོར་བྱེད་པའི་ཕྱོགས་བསྡུས་སྒྱུ་རྩལ་གྱི་རིགས་སུ་བཞེད་དོ། །”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར།  ཤོག་ངོས་༤༡༦)

(མུ་འགོད།)

དཔྱད་མཆན་ཡོད།