གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག (སྨད་ཆ)


གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག

 ——གློག་བརྙན་རྒྱུན་ཤེས་སྐོར་གྱི་ཟིན་བྲིས།

 ཟིན་བྲིས་པ།  • ཨ་ཇོ།   (རྔ་བ།) 2023.9.13


         གློག་བརྙན་ནི་སྒྱུ་རྩལ་གྱི་ཆ་མང་པོ་ཞིག་ལྷན་དུ་འདུས་པའི་རིག་གནས་ཤིག་ཡིན་པས། གློག་བརྙན་ལ་བལྟས་པས་ནི་དཔེ་དེབ་ཀློག་པ་ལས་ཀྱང་རིག་གནས་དང་ཡུལ་སྲོལ་ལོ་རྒྱུས་ཀྱི་འགྱུར་བ་སོགས་ལ་རྒྱུས་ལོན་ཐུབ་ཅིང་། བག་ཆགས་ཀྱི་ཤན་ཤུགས་ཀྱང་ཐེབས་ཀྱིན་ཡོད། ལྷག་ཏུ་གློག་བརྙན་ནི་རིག་གནས་ཀྱི་ཧེ་བག་ལ་མ་ལྟོས་པར་ཐུན་མོང་གི་ཉམས་སུ་མྱོང་བྱ་ཞིག་ཡིན་པས། གློག་བརྙན་རིག་གནས་ནི་དེང་སྐབས་འཛམ་གླིང་ཧྲིལ་བོར་ཆེས་ཁྱབ་ཆེ་ཞིང་དགའ་མོས་ཆེ་བའི་རིག་གནས་གཅིག་པུར་འགྱུར་གྱིན་འདུག་གོ །   

 -«ན་གཞོན་གསར་བ» སྤྱིའི་དེབ་གྲངས་བརྒྱད་པ་ལས་དྲངས།

c84f72e38e374d95a5183fcd03085438.jpeg

གློག་བརྙན་སྒྱུ་རྩལ་ལ་བལྟ་བའི་བློ་མིག

 (སྨད་ཆ)

 དཀར་ཆག

ས་བཅད་གཉིས་པ།  དངོས་བཤུས་གློག་བརྙན་གྱི་རིན་ཐང་གླེང་བ།

གཅིག  དངོས་བཤུས་གློག་བརྙན་གྱི་རིན་ཐང་།   

         ༡.དངོས་བཤུས་གློག་བརྙན།  

          ༢.དངོས་བཤུས་གློག་བརྙན་གྱི་སྐད་ཆ།  

         ༣.དངོས་བཤུས་གློག་བརྙན་དང་དངོས་ཡོད་འཚོ་བའི་རིན་ཐང་།  

         ༤.དངོས་བཤུས་གློག་བརྙན་ཕབ་སྐྲུན་སྐབས་ཀྱི་བླང་བྱ།  

         ༥.དངོས་བཤུསས་གློག་བརྙན་དང་མི་ཆོས་ཀུན་སྤྱོད།  

གཉིས།  དངོས་བཤུས་གློག་བརྙན་གྱི་བྱུང་འཕེལ།    

གསུམ། དངོས་བཤུས་གློག་བརྙན་གྱི་རིགས་དབྱེ།  

         ༡.དངོས་བཤུས་གློག་བརྙན་ལེན་ཐབས་ཀྱི་དབྱེ་བ།   

         ༢.དངོས་བཤུས་གློག་བརྙན་བརྗོད་བྱའི་དབྱེ་བ།  

བཞི། དངོས་བཤུས་གློག་བརྙན་ཆེན་མོ་བ་ཡཱ་ཁུ་པེ་ཧཱན་གྱི་ལོ་རྒྱུས་མདོར་བསྡུས།  

ལྔ། དངོས་བཤུས་གློག་བརྙན་གྲགས་ཅན་ཁག་གི་བརྗོད་དོན་མདོར་བསྡུས།  

         ༡.དངོས་བཤུས་གློག་བརྙན་«མི་རིགས» ཞེས་པའི་བརྗོད་དོན། 

         ༢.དངོས་བཤུས་གློག་བརྙན་ «གནམ་གཤིས་དྭངས་པའི་སོག་པོའི་རྩྭ་ཐང » གི་བརྗོད་དོན། 

         ༣.དངོས་བཤུས་གློག་བརྙན་«ཤར་བ » ཞེས་པའི་བརྗོད་དོན། 

         ༤.དངོས་བཤུས་གློག་བརྙན«དཔའ་བོའི་ལུང་བ» ཞེས་པའི་བརྗོད་དོན། 

         ༥.དངོས་བཤུས་གློག་བརྙན་ « རྫ་ཆུ་ཁའི་བྱིས་པ » ཞེས་པའི་བརྗོད་དོན།   

ཟུར་བཀོད་དང་པོ།   གློག་བརྙན་གྲགས་ཅན་འོས་སྦྱོར།   

ཟུར་བཀོད་གཉིས་པ།   ཟིན་བྲིས་འདི་དང་འབྲེལ་ཡོད་ཀྱི་དཔེ་ཐོ།   

 

ས་བཅད་གཉིས་པ། དངོས་བཤུས་གློག་བརྙན་གྱི་རིན་ཐང་གླེང་བ།

 ——«གློག་བརྙན་སྒྱུ་རྩལ་གྱི་གསང་བ» ཞེས་པའི་དེབ་ཀྱི་དཔེ་ཀློག་ཟིན་བྲིས།

01-30_092530-10066.jpg

གཅིག དངོས་བཤུས་གློག་བརྙན་གྱི་རིན་ཐང་།

༡.དངོས་བཤུས་གློག་བརྙན།  

      “དོན་དངོས་ནི་དངོས་བཤུས་གློག་བརྙན་གྱི་བླ་སྲོག་ལྟ་བུ་ཡིན་ལ། གཙོ་བོ་མིའི་སྤྱི་ཚོགས་ཀྱི་ལྟ་སྤྱོད་དང་རང་བྱུང་ཁམས་དང་རང་བྱུང་སྐྱེ་དངོས་སྲོག་ཆགས་ཀྱི་འཕེལ་འགྲིབ་དང་འཕོ་འགྱུར། གནའ་དེང་རིག་གནས་ཀྱི་འགྱུར་ལྡོག་དང་དར་རྒུད་ཅི་རིགས་བརྗོད་བྱའི་སྙིང་བོར་འཛིན་པའི་བརྙན་གཟུགས་ཟིན་འགོད་གློག་བརྙན་རིགས་ལ་གོ། །”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༣༠༩)

༢.དངོས་བཤུས་གློག་བརྙན་གྱི་སྐད་ཆ།  

       “དངོས་བཤུས་གློག་བརྙན་ནི་རྟོག་བཟོ་དང་ཟོལ་བཅོས་ཀྱི་བརྙན་གཟུགས་སྒྱུ་རྩལ་རང་བཞིན་ནི་ཡེ་ནས་མེད་པར། བྱ་དངོས་གང་ཞིག་གི་དོན་དངོས་ཀྱི་བརྒྱུད་རིམ་དང་དངོས་ཡོད་ཀྱི་རྣམ་པ་དག་བརྙན་ལམ་བརྒྱུད་ནས་ཟིན་ཐོར་བཀོད་པའི་དེང་རབས་བརྙན་གཟུགས་རིགས་སུ་འགྲེལ་བ་ནི་ཅུང་ཚད་མར་འཛིན་པར་སྙམ་པ་ཡིན་ནོ། ། ”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༦༡)

༣.དངོས་བཤུས་གློག་བརྙན་དང་དངོས་ཡོད་འཚོ་བའི་རིན་ཐང་།  

       “བདེན་དོན་ནི་དངོས་བཤུས་གློག་བརྙན་གྱི་བླ་སྲོག་ཡིན་པས། དངོས་བཤུས་གློག་བརྙན་གྱི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་དང་རང་བྱུང་འཚོ་བ་གཉིས་ཡིན་ལ། ཁ་ཕྱོགས་གཙོ་བོའང་དེ་གཉིས་ལས་མ་འདས།”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༧༠)ཞེས་དང་། “དངོས་བཤུས་གློག་བརྙན་ལ་དེ་ལས་ཀྱང་འུར་བརྗོད་ཀྱི་རྒྱུན་དང་སྒྲོ་བཏགས་ཀྱི་ཡག བསྙད་བཏགས་ཀྱི་ཐབས། སྐུར་འདེབས་ཀྱི་སྐྱོན་སོགས་གཏན་ནས་ཡོད་མི་རུང་། དེ་ནི་དངོས་བཤུས་བརྙན་གཟུགས་ཀྱི་རྩ་དོན་ཤོར་བ་དང་དངོས་བཤུས་ཀྱི་བརྙན་གཟུགས་ཀྱི་ཟིན་ཐོ་ལས་ཉེ་སྐྱོན་གྱི་ཟིན་ཐོ་རུ་གྱུར་པ་རེད།” (ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༧༠-༧༡ )ཅེས་དང་། “ཨ་རིའི་ཆེད་མཁས་པ་ཨ་ལན་ལའོ་སན་སར་གྱིས་«དངོས་བཤུས་གློག་བརྙན་གྱི་བློ་གྲོས»ཞེས་པ་ལས། དངོས་བཤུས་གློག་བརྙན་བཀོལ་བའི་དགེ་མཚན་ནི་ལོ་རྒྱུས་འགྲེལ་བརྗོད་དང་མིའི་རིགས་ཀྱི་འགྱུར་བ་དེ་ཉིད་རྒྱུས་ལོན་ཡག་པོ་བྱ་རྒྱུ་དེ་ཡིན།”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ» [M]ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧.པ་རུ། ཤོག་ངོས་༢༣༠) ཞེས་དང་། “«དངོས་བཤུས་གློག་བརྙན་གྱིས་ཀྱང་གཏམ་རྒྱུད་བཤད» ཅེས་པ་ལས་དངོས་བཤུས་གློག་བརྙན་ལ་དགོས་འདོད་སྐོང་དགོས་པའི་རྩ་བའི་ཆ་རྐྱེན་བཞི་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་། གཉིས་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན། གསུམ་ནི་རིག་གནས་ཀྱི་དགོས་མཁོ། བཞི་ནི་ལས་རིགས་ཀྱི་དགོས་མཁོ་ཡིན། ཞེས་ནང་བཞིན་དགོས་མཁོ་མི་འདྲ་བའི་ཟུར་ཚད་རེ་རེ་ནི་རིན་ཐང་མི་འདྲ་བའི་བྱེད་ནུས་རེ་རེ་ཡོད་པས་གསལ་བཤད་གང་ལེགས་བྱས་ཡོད། དེ་ནི་དངོས་བཤུས་གློག་བརྙན་གྱི་རིན་ཐང་དང་དངོས་ཡོད་འཚོ་བའི་བར་གྱི་མཛེས་སྡུག་གི་སྦྲེལ་ཟམ་ཡིན། མདོར་དྲིལ་ན། དངོས་བཤུས་གློག་བརྙན་གྱི་འཚོ་བ་ནི་བདེན་དོན་གྱི་འཚོ་བ་ཡིན་ལ། དྲང་གཞག་གི་སྒྱུ་རྩལ་འབྱུང་ཁུངས་ནི་བདེན་དོན་གྱི་འཚོ་བ་ཡིན། འཚོ་བ་ནི་བགྲོད་མི་ཚར་བའི་སྒྱུ་རྩལ་གྱི་ལམ་བུ་ཡིན་པས། དངོས་བཤུས་གློག་བརྙན་ལ་བརྒྱུས་ནས་དངོས་ཡོད་འཚོ་བ་ངེས་རྟོགས་དང་གསལ་རྗེན་བྱེད་དགོས་པ་ནི་དངོས་བཤུས་གློག་བརྙན་གྱི་འཚོ་གནས་དངོས་ཡིན་ནོ། །”( ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༧༡-༧༢) ཞེས་དང་། “་«གློག་བརྙན་དང་རྒྱང་ལྟ» ཞེས་པ་ལས་དངོས་བཤུས་གློག་བརྙན་ནི་དངོས་ཡོད་བསྐྱར་དུ་སྣང་བྱེད་ཀྱི་བརྙན་མིག་གི་གདམ་ཀ་དོན་དངོས་ཅན་ཞིག་ཡིན།”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ» [M]ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧.པ་རུ། ཤོག་ངོས་༢༣༢)ཞེས་སོ། །

༤ .དངོས་བཤུས་གློག་བརྙན་ཕབ་སྐྲུན་སྐབས་ཀྱི་བླང་བྱ།  

    “དངོས་བཤུས་གློག་བརྙན་ནི་མི་དང་བྱ་བ་གང་ཡིན་ཡང་དོན་དངོས་སྲོག་ཏུ་བཟུང་ནས་ཟིན་ཐོར་འགོད་པ་ཞིག་ཡིན་ན་ཡང་སྒྲིག་སྦྱོར་གྱི་སྐབས་སུ་རྒྱུ་ཆ་ལ་འདོར་ལེན་ནན་མོ་བྱེད་དགོས། བརྙན་ཕབ་ཀྱི་བརྒྱུད་རིམ་ཁྲོད་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་བྱ་སྤྱོད་མང་བོ་ཞིག་བརྙན་མིག་ཏུ་མངོན་སྲིད། དེ་ལ་ཞིབ་ཏུ་འདོར་ལེན་མ་བྱས་པར་དོན་དངོས་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྒྲིག་སྦྱོར་བྱས་ན་དེའི་མཇུག་འབྲས་ལ་རིག་གནས་འདུ་ཤེས་ཀྱི་འགལ་བ་དང་། ཡུལ་ཆོས་དང་མི་མཐུན་པ། མི་ཆོས་དང་མི་མཐུན་པ། ཁྲིམས་དང་མི་མཐུན་པ་སོགས་མང་བོ་ཞིག་འབྱུང་སྲིད་པས། གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན་བརྙན་བླངས་རྗེས་ཀྱི་རྒྱུ་ཆ་ལ་འདོར་ལེན་བྱེད་སྐབས་མི་རིགས་རིག་གནས་དང་ཆོས་ལུགས་དད་མོས། ས་གནས་ཁྲིམས་ལུགས་སོགས་ཕྱོགས་མང་བོར་དོ་སྣང་དང་བརྩི་བཀུར་བྱེད་ཤེས་དགོས།”([EB] འདིའི་ཡོང་ཁུངས་ནི་བོད་ཀྱི་ན་གཞོན་སྐྱེ་ཁམས་གློག་བརྙན་གསབ་སྦྱོང་ལྟེ་གནས་ཀྱི་འཕྲིན་སྟེགས་ལས་དྲངས། (2022.4.5.))ཞེས་སོ། །

962bd40735fae6cdf7e4cbdd0db30f2442a70f3d.jpg

༥.དངོས་བཤུས་གློག་བརྙན་དང་མི་ཆོས་ཀུན་སྤྱོད།

      ( [EB] འདིའི་ཡོང་ཁུངས་ནི་བོད་ཀྱི་ན་གཞོན་སྐྱེ་ཁམས་གློག་བརྙན་གསབ་སྦྱོང་ལྟེ་གནས་ཀྱི་འཕྲིན་སྟེགས་ལས་དྲངས། (2022.4.5.)) 

      “ཕྱི་གླིང་གི་དངོས་བཤུས་གློག་བརྙན་དཔྱད་བརྗོད་ཅིག་ཏུ་དངོས་བཤུས་གློག་བརྙན་དང་མི་ཆོས་ཀྱི་སྐོར་དེ་རྒྱས་པས་བཤད་འདུག་ལ། དེར་ཅིའི་ཕྱིར་མི་ཆོས་ནི་དངོས་བཤུས་གློག་བརྙན་གྱི་སྲོག་སྙིང་ཡིན་ཞེས་བཤད་པ་ཡིན་ནམ། ཡང་ན་ང་ཚོས་དངོས་བཤུས་གློག་བརྙན་ཞིག་སྒྲིག་བཟོ་བྱེད་སྐབས་མི་གཞན་ལ་ལྟ་ཚུལ་ཅི་ལྟར་འཛིན་ནམ། ང་ཚོས་རང་གི་བརྙན་ལེན་བྱའི་མི་ལ་ལྟ་སྟངས་ཅི་འདྲ་ཞིག་འཛིན་འོས་སམ། ང་ཚོས་ཁོ་ཚོ་དང་ལྟད་མོ་བ་ལ་འགན་ཅི་ལྟ་བུ་ཞིག་འཁུར་དགོས་སམ་ཞེས་སོགས་དྲི་བའི་ཚུལ་གྱིས་གནད་དོན་མང་བོ་ཞིག་ལ་བསམ་གཞིག་གི་ལམ་སྣེ་བསྟན་ཡོད།

       མི་ཆོས་ཀུན་སྤྱོད་ཀྱི་ཕྱོགས་ནས་གླེང་གཞི་ཆེས་ཆེ་བ་ནི་ནུབ་ཕྱོགས་ཀྱི་ཆེས་ཐོག་མའི་དངོས་བཤུས་གློག་བརྙན་དུ་གྲགས་པའི་གློག་བརྙན་གྲགས་ཅན《བྱང་རྒྱུད་ཀྱི་ནཱ་ལུའུ་ཁི》ཞེས་པ་དེ་རེད། དེ་ནི་མི་རྒྱུད་དཀར་བོའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཧྥོ་ལ་ཧྭ་ཏིས་ཀྱིས༡༩༢༢ ལོར་བླངས་པ་ཞིག་ཡིན་ལ། གློག་བརྙན་ལོ་རྒྱུས་སུ་ཆེས་སྐད་གྲགས་ཆེ་བའི་གློག་བརྙན་ཞིག་ཀྱང་ཡིན། འོན་ཀྱང་གློག་བརྙན་དེར་ཨེ་སི་ཅི་མོ་བའི་རིག་གནས་འཚོ་བ་ལ་དམའ་འབེབས་དང་མཐོང་ཆུང་མང་བོ་བྱས་ཡོད་པར་མ་ཟད། ཁོ་ཚོའི་གདོད་མའི་རྣམ་པ་མང་བོ་བློ་བཟོ་བྱ་ཕྱིར་མི་རིགས་དེ་ལ་གཏན་ནས་མེད་པའི་གོམས་སྲོལ་མང་བོ་ཞིག་རྟོག་བཟོ་བྱས་ཤིང་། གློག་བརྙན་དེའི་མགོ་མཇུག་ཚང་མ་མི་རིགས་དེ་ཡི་སྐྱུག་བྲོ་བའི་རྣམ་པ་སྟོན་ཕྱིར་འཁྲབ་ཁྲིད་པས་བརྙན་མིག་མང་བོ་བསམ་བཞིན་ཆེད་དུ་བཀོད་སྒྲིག་བྱས་པ་འབའ་ཞིག་རེད། དཔེར་ན། མི་སྣ་གཙོ་བོ་ནཱ་ལུའུ་ཁི་ཡི་མིང་ལའང་ནཱ་ལུའུ་ཁི་མི་ཟེར་བར་ཨ་ལ་ཁ་རི་ལག་ཟེར་(Allakariallak)མོད། ཁོས་གདོད་མའི་རྣམ་པ་མཚོན་ཕྱིར་མི་རིགས་དེའི་གནའ་བོའི་ལྷ་སྒྲུང་ཁྲོད་ཀྱི་མིང་ཞིག་ཁོ་ལ་བཏགས་པ་རེད། དེ་བཞིན་གླིང་ཕྲན་ཞིག་ཏུ་མཚོ་གླང་འཛིན་སྐབས་ཐག་པས་འཐེན་པ་དེ་ནི་ཆེས་ཉེན་ཁ་ཅན་ཞིག་ཡིན་ལ། དུས་རབས་ཉི་ཤུ་བའི་དུས་སྟོད་དེར་ཁོ་ཚོས་ཉེན་ཁ་ཆེ་བའི་སྲོལ་དེ་དོར་ནས་མེ་མདའ་སྤྱོད་བཞིན་ཡོད་མོད། འོན་ཀྱང་འཁྲབ་ཁྲིད་པས་བསམ་བཞིན་གདོད་མའི་རྣམ་པ་ཐོན་ཕྱིར་གསོན་བཟུང་བྱེད་དུ་བཅུག་པར་མ་ཟད། ད་དུང་མཚོ་རླབས་དེ་ཙམ་ཆེ་བའི་སྐབས་སུའང་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཅི་ཡང་མེད་པར་ནཱ་ལུའུ་ཁི་སོགས་ཀོ་གྲུ་བཏང་སྟེ་མཚོ་ཐོག་ཏུ་མངགས་པ་དེ་ཡང་ནཱ་ལུའུ་ཁི་སོགས་ཀྱི་ཚེ་སྲོག་ནི་རྩེད་ཆས་ཙམ་གྱི་ཚད་དུ་བཞག་པ་དེ་མཚོན་ཡོད། དེ་བཞིན་མི་རིགས་དེའི་བླུན་རྨོངས་ཀྱི་རང་བཞིན་མཚོན་ཕྱིར་ནཱ་ལུའུ་ཁི་དང་མི་རྒྱུད་དཀར་བོའི་ཚོང་བ་གཉིས་ཀྱི་བར་དུ་ཉོ་ཚོང་གི་འབྲེལ་བ་ལས་གཞན་ད་དུང་ཚོང་བས་ནཱ་ལུའུ་ཁི་ལ་རོལ་དབྱངས་མཉན་དུ་བཅུག་པ་ན་ཁོ་ལ་མཚར་སྣང་སྐྱེས་ཤིང་མཐར་གླུ་དབྱངས་ཀྱི་འོད་སྡེར་ལ་སོ་བཏབ་ནས་ཟ་རྩིས་བྱེད་དུ་བཅུག་ཡོད། དོན་དངོས་སུ་དུས་སྐབས་དེར་ནཱ་ལུའུ་ཁི་ནི་དེ་འདྲའི་རྗེས་ལུས་བླུན་རྨོངས་ཤིག་མ་ཡིན་པར་གློག་བརྙན་སོགས་ཧ་ཅང་ཤེས་མཁན་ཞིག་ཡིན་ཟེར། ལྷག་པར་དུ་གློག་བརྙན་འདིའི་ནང་དོན་མང་བོ་ཞིག་རྟོག་བཟོ་ཡིན་པས་གཏམ་རྒྱུད་གློག་བརྙན་དུ་གཏོགས་མོད། འགོ་རྩོམ་སྐབས་ཀྱི་ཡི་གེ་དེ་དག་གིས་གློག་བརྙན་འདི་ནི་དངོས་བཤུསས་ཤིག་ཡིན་པ་ལྟར་བྱས་ཡོད། ཡི་གེ་དེའི་ནང་དོན་ནི། ལྷིང་འཇགས་ཀྱི་ས་ཁྱོན་དང་གནམ་གཤིས་རྩུབ་པའི་ཡུལ་འདིར་མི་རིགས་གཞན་པ་ཞིག་གསོན་མི་ཐུབ་མོད། འོན་ཀྱང་འདིར་འཛམ་བུ་གླིང་གི་ཆེས་སྤྲོ་སྣང་ལྡན་པའི་མི་རིགས་ཤིག་འཚོ་ཞིང་ཡོད་དེ། འཇིགས་སྣང་མེད་ཅིང་། སྙིང་རྗེ་ལ། ཅི་ཡིན་འདི་ཡིན་མེད་པའི་ཨེ་སི་ཅི་མོ་བས་འཚོ་བ་རོལ་ཡོད། ཁོ་ཚོའི་ཁ་ཟས་ནི་སྲོག་ཆགས་བསད་པའི་ཤ་ཁོ་ན་ཡིན། ཞེས་འབྱུང་ལ། ཡི་གེ་འདིར་མི་རིགས་དེ་ནི་བྱིས་པ་ལྟར་ཕུགས་བསམ་མེད་པ་དང་ཤ་རློན་པ་ཟ་བ་སོགས་ཤིན་ཏུ་དམུ་རྒོད་ཅིག་ཡིན་པ་བསྟན་ཡོད།

    གློག་བརྙན་དེར་བྱིས་པ་རྣམས་ཀྱིས་ཉིན་མང་བོར་ཟ་མ་ཟོས་མེད་པ་ལྟ་བུ་དང་། ཡང་ན་ནཱ་ལུའུ་ཁི་སོགས་ཀྱི་འཚོ་བ་ལ་དཀའ་ངལ་ཆེན་པོ་བྱུང་སོང་ཟེར་བ་ལྟ་བུ་སོགས་ནི་མི་རིགས་འདིའི་འཚོ་བ་ཧ་ཅང་གདོད་མ་དང་རྗེས་ལུས་ཡིན་པ་སྟོན་ཕྱིར་རྫུན་བཟོ་བྱས་པ་ལས་དོན་དངོས་སུ་ཁོ་ཚོར་མེ་མདའ་སོགས་དེང་རབས་ཅན་གྱི་ཡོ་བྱད་མང་བོ་ཡོད་ལ་འཚོ་བའང་དེང་རབས་ཅན་དུ་གྱུར་ཡོད་མོད། འཁྲབ་ཁྲིད་པས་བསམ་བཞིན་མི་རྒྱུད་ནག་པོ་རྣམས་གདོད་མའི་འཚོ་བ་རོལ་ཅིང་མི་རྒྱུད་དཀར་བོ་རྣམས་དེང་རབས་ཅན་དུ་གྱུར་ཡོད་ཅེས་གསལ་བོར་སྟོན་ཕྱིར་ཆེད་དུ་རྟོག་བཟོ་བྱས་པ་རེད།

        ད་དུང་ཁངས་ལེབ་ཀྱིས་བཟོས་པའི་སྤྱིལ་བུ་རུ་དགོང་མོར་ཉལ་བའི་བརྙན་རིས་སོགས་ནི་དོན་ལ་ཉིན་མོར་བླངས་པ་འབའ་ཞིག་ཡིན་ལ། སྒེའུ་ཁུང་ཆུང་ཆུང་ཞིག་གི་འོད་ཙམ་གྱིས་ནང་ངོས་ཀྱི་འཚོ་བ་གསལ་བོར་བརྙན་དུ་ལེན་མི་ཐུབ་པས་ཁོ་ཚོས་བརྙན་ལེན་པའི་སྐབས་དེར་དོན་དངོས་སུ་ཁང་བའི་ཕྱེད་ཀ་བཤིག་སྟེ་ཉི་འོད་ཀྱི་འོག་ནས་བླངས་པ་རེད། དེ་ལས་གཞན་ད་དུང་ནཱ་ལུའུ་ཁིའི་ཆུང་མ་འཁྲབ་མཁན་ནེ་ལཱ་ཞེས་པའང་དོན་ལ་གློག་བརྙན་འཁྲབ་ཁྲིད་པ་རང་གི་ཆུང་མ་རེད་ཟེར་བ་སོགས་ཕྱི་རབས་དཔྱད་བརྗོད་པའི་ཁྲོད་གླེང་བརྗོད་སྣ་ཚོགས་བྱུང་ཡོད་དོ། །”ཅེས་སོ། །

u=4189929773,2974991738&fm=253&fmt=auto&app=138&f=JPEG_副本.jpg

གཉིས། དངོས་བཤུས་གློག་བརྙན་གྱི་བྱུང་འཕེལ།

        “དངོས་བཤུས་གློག་བརྙན་ནི་ལོ་རྒྱུས་ཆེས་རིང་བའི་གྲས་སུ་ཡིན་པ་དང་། འཛམ་གླིང་དངོས་བཤུས་གློག་བརྙན་གྱི་ཟུར་ཚད་ནས་བརྗོད་ན། ལུའུ་མེ་རེ་སྤུན་གཉིས་ཀྱིས་པར་རིས་བྱ་འགུལ་ཐོག་མ་དེའི་བརྒྱུད་ནས་གློག་བརྙན་ལ་«བཟོ་གྲྭའི་སྒོ་ཆེན» (༡༨༩༥) (工厂的大门 ) ཞེས་པ་དེ་ནི་ངེས་པ་དོན་གྱི་འཛམ་གླིང་གློག་བརྙན་ཐོག་མ་དང་། མིའི་རིགས་ཀྱི་དངོས་བཤུས་གློག་བརྙན་ཟིན་ཐོ་ཐོག་མའང་ཡིན། གློག་བརྙན་འདི་ལ་སྐར་ཆ་༢༤ ཙམ་གྱི་ཤོང་ཚད་དང་འཁོར་སྐྱོད་ལས་མི་འདུག་ལ། སྒྲ་ལྡན་གློག་བརྙན་དང་ཚོན་ལྡན་རང་བཞིན་གྱི་གློག་བརྙན་ཡང་གཏན་ནས་མིན་སྐད། སྤྱི་ལོ་༡༨༩༥.ལོའི་ཟླ་༡༢.༢༨.ཉིན་དེ་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གློག་བརྙན་གྱི་འཁྲུངས་སྐར་དང་གློག་བརྙན་རིག་གནས་ཀྱི་དབུ་བརྙེས་པའི་ཉིན་ཡང་ཡིན་པ་གཏན་འབེབས་བྱས་པ་རེད། དོན་གྱིས་གློག་བརྙན་ལས་དངོས་བཤུས་གློག་བརྙན་གྱི་དབུ་བརྙེས་པའི་ཉིན་ཡང་ཡིན་འདུག དེ་མིན་འདས་པའི་འཛམ་གླིང་གློག་བརྙན་གྱི་ལོ་ངོ་བརྒྱའི་སྔོན་དུ་འགྲེམ་སྟོན་བྱས་པའི་སྐྱ་མདོག་ཅན་གྱི་དངོས་བཤུས་གློག་བརྙན་ཐུང་གྲས་ཡིན་པའང་འཛམ་གླིང་གློག་བརྙན་ལོ་རྒྱུས་ལས་ར་སྤྲོད་བྱས་ཡོད། དེ་ནི་འཛམ་གླིང་དངོས་བཤུས་གློག་བརྙན་གྱི་ཐོག་མའི་བྱུང་ཚུལ་དུ་འགྲོ་བ་ཡིན། འཛམ་གླིང་གློག་བརྙན་ཐོག་མ་ནི་ཚད་ཐིག་མཐོ་ས་ནས་བརྗོད་ན། གློག་བརྙན་གྱི་གྲས་སུ་གཏོགས་པའི་དངོས་བཤུས་དང་ཡང་ན་བརྡ་ཁྱབ་བརྙན་ཐུང་ཙམ་དུ་མ་ཟད། གློག་བརྙན་ཞེས་བརྗོད་ན་མི་འགྲིག་པའི་བཤད་ལུགས་ཀྱང་ཡོད་པས་འཚོལ་ཞིབ་བྱེད་པར་གལ་ཆེ་སྙམ་མོ། །”(ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར།  ཤོག་ངོས་༦༣-༦༤)

 གསུམ། དངོས་བཤུས་གློག་བརྙན་གྱི་རིགས་དབྱེ།

       “དངོས་བཤུས་གློག་བརྙན་གྱི་རིགས་སམ་རྣམ་པའང་འཚོ་བའི་སྣང་བརྙན་བཞེངས་སྐྲུན་ཅི་རིགས་བྱས་ཡོད་པ་རེད། དེ་ནི་«འཛམ་གླིང་གི་གློག་བརྙན»(世界电影)ཞེས་པའི་སྒྱུ་རྩལ་དང་འབྲེལ་བའི་གློག་བརྙན་དཔེ་ཚོགས་ལས། ཨ་རིའི་དངོས་བཤུས་གློག་བརྙན་འཁྲབ་ཁྲིད་པ་ཆེན་མོ་མའེ་ཁུ་ཨར་གྱི་«དངོས་བཤུས་གློག་བརྙན་ཁུ་ལུང་ཨུན་གྱི་གསང་བའི་ལོ»ཞེས་པ་ལས་དངོས་བཤུས་གློག་བརྙན་གྱི་རིགས་དང་རྣམ་པ་མི་འདྲ་བ་ལ་མཚན་ཉིད་དང་དབྱེ་བ་རུ་འགར་ནས་མངོན་པར་བརྗོད་ཡོད། དེ་ལས་སྐུ་ཞབས་ནེ་ཁཱ་ཨར་ཟིའི་(尼科尔斯) « དངོས་ཡོད་མཐོང་བ»(呈现现实)ལས་དངོས་བཤུས་གློག་བརྙན་ལ་རིགས་སམ་རྣམ་པ་ཆེན་པོ་མི་འདྲ་བ་བཞི་རུ་ཕྱེ་ཡོད་པ་གཤམ་གསལ། 

༡.དངོས་བཤུས་གློག་བརྙན་ལེན་ཐབས་ཀྱི་དབྱེ་བ།  

        ༡.འགྲེལ་བཤད་ཀྱི་རྣམ་པ་(解释型) དང་། ༢.རྟོག་ཞིབ་ཀྱི་རྣམ་པ། (观察型) ༣.ལྡོག་བརྗོད་ཀྱི་རྣམ་པ།(反身型 ) ༤.ཟབ་ཞུགས་ཀྱི་རྣམ་པ། (参与型) བཅས་ཡིན། ཕྱིས་སུ་«དངོས་བཤུས་གློག་བརྙན་གླེང་བ»(纪录片导论)ཞེས་པ་ལས་དངོས་བཤུས་གློག་བརྙན་གྱི་རྣམ་པའམ་རིགས་ཆེན་པོ་རྒྱ་ཆེར་བསྐྱེད་དེ། དངོས་བཤུས་ཀྱི་རིགས་གཉིས་གསར་དུ་བསྣན་པ་རེད། ༥.སྙན་ངག་གི་རྣམ་པ་(诗意型)དང་། ༦.དངོས་འཁྲབ་ཞིབ་བརྗོད་ཀྱི་རྣམ་པ་(表述行为型)ཡིན། དེ་ནི་དངོས་བཤུས་གློག་བརྙན་གྱི་རིགས་འབྱེད་རིག་པ་གསར་བའི་ཁོངས་སུ་གཏོགས་པའི་ལག་ལེན་ལས་ཐོན་པའི་བརྙན་གཟུགས་གཞུང་ལུགས་ཤིག་ཀྱང་ཡིན། དངོས་བཤུས་གློག་བརྙན་གྱི་རིགས་ཆེན་པོ་དེ་དག་རེ་རེ་བཞིན་ཞིབ་ཀྱིས་བརྗོད་ན། 

(༡).དངོས་བཤུས་གློག་བརྙན་གྱི་འགྲེལ་བཤད་རྣམ་པ།

  བརྙན་རིས་ལས་འགྲེལ་བཤད་ཀྱི་ཚད་གཞི་ཅུང་འབུར་ཐོན་དུ་བཏང་སྟེ། བརྙན་རིས་ཀྱི་མཚོན་མདངས་ཤུགས་དྲག་དགོས། འདིར་བརྙན་རིས་སྒྲིག་གཞི་གཙོ་བོ་མ་ཡིན་པར། (evidentiar eding)ཡིས་སྒྲིག་བཟོ་དང་བཅད་གཏུབ་ཀྱི་བྱེད་ཐབས་སྤྱད་ནས། དངོས་བཤུས་འགྲེལ་བཤད་ལ་གཞིགས་ནས་བརྙན་རིས་སྒྲིག་པ་དང་སྤྱོད་པ། བརྙན་རིས་ཀྱི་སྤྱོད་ནུས་ནི་འགྲེལ་བཤད་དང་གསལ་བཤད། ཁུངས་བཙན་པའི་གནས་ལུགས་ལ་རྒྱབ་ལྗོངས་གཙོ་བོ་བྱས་པའི་ཟིན་འགོད་བརྙན་གཟུགས་ལ་འཇུག 

(༢ ).དངོས་བཤུས་རྟོག་ཞིབ་ཀྱི་རྣམ་པ།  

      བྱ་དངོས་གང་ཇི་སྙེད་ལ་འཚོལ་ཞིབ་དང་ཞིབ་འཇུག་གི་བྱེད་ཐབས་གཙོ་བོ་བརྒྱུད་ནས་བརྙན་གཟུགས་ཀྱི་བརྗོད་བྱ་བདེན་དོན་གཙོ་བོ་འཚོལ་བ་ཡིན་པ་ལས། བརྙན་རིས་ཀྱི་འགྲེལ་བཤད་མི་དགོས་ལ་རབ་བཏགས་ཀྱི་བརྙན་གཟུགས་དེ་བས་ཀྱང་མི་མཁོ། དེ་ལ་བརྙན་སྒོ་རིང་བའི་འགུལ་སྐྱོད་( 运动长镜头)ཀྱི་ཟུར་ཚད་མི་འདྲ་བ་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་ནི་དངོས་བཤུས་གློག་བརྙན་གྱི་བརྙན་ཐབས་གལ་འགངས་ཅན་གྱི་གྲས་སུ་གཏོགས་པ་ཡིན། ལ་ལས་བཞེད་ཚུལ་དུ་དངོས་སྟོན་གློག་བརྙན་གྱི་ལུགས་སུ་བཤད། སྤྱིར་ན་དངོས་ཀྱི་གློག་བརྙན་(直接电影) ནི་དངོས་བཤུས་གློག་བརྙན་ཞེས་པའི་མིང་བརྡ་མ་བྱུང་བའི་སྐབས་ཀྱི་དངོས་བཤུས་མིང་བརྡ་རྙིང་བ་ཞིག་ཡིན། 

(༣).དངོས་བཤུས་གློག་བརྙན་ཟབ་ཞུགས་ཀྱི་རྣམ་པ།

       དངོས་བཤུས་གློག་བརྙན་རྟོག་ཞིབ་ཀྱི་རྣམ་པ་དང་ཅུང་འདྲ་མཚུངས་སུ་མཆིས་མོད། བརྙན་རིས་བྱེད་ཐབས་ནི་དངོས་སུ་ཟབ་ཞུགས་གང་ལེགས་བྱས་ཏེ། གནས་ཚུལ་དང་གནས་བབས་ལ་གཞིགས་ནས་བཅར་འདྲི་དང་འཚོལ་ཞིབ་བྱེད་དགོས་པ་ཞིག་ཡིན་པས། དེ་ལ་བདེན་དོན་གློག་བརྙན་ནམ་གློག་བརྙན་དངོས་(真理电影) ཀྱང་ཟེར། དོན་དངོས་དང་བསྟུན་ཅི་ཐུབ་བྱེད་པའི་དངོས་བཤུས་བརྙན་གཟུགས་རིགས་སུ་གཏོགས། དེ་མིན། དངོས་བཤུས་གློག་བརྙན་གྱི་འཕེལ་འགྱུར་ཇི་ལྟར་ཤུགས་དྲགས་སུ་བསྐྱོད་ན། དེ་ལ་རིགས་དབྱེ་དང་ཁྱབ་ཁོངས་ཀྱི་རྣམ་པ་ཤུགས་ཆེར་འགྲོ་བ་ཡིན། དེ་ནི་དངོས་བཤུས་གློག་བརྙན་གྱི་གསར་གཏོད་ལམ་ཆེན་ཉིད་ཡིན། འདིར་བྱེ་བྲག་ཏུ་དབྱེ་ན་དེ་ལ་གཤམ་དུ་གསལ་བ་ལྟར་དུ་ཡིན།

༢.དངོས་བཤུས་གློག་བརྙན་བརྗོད་བྱའི་དབྱེ་བ།

       ༡.ཡུལ་ལྗོངས་དང་ས་ཁམས། ཡུལ་སྐོར་བརྗོད་གཞི་བྱས་པའི་དངོས་བཤུས་རང་བཞིན་གྱི་དངོས་བཤུས་གློག་བརྙན་གྱི་རིགས་ཡོད། ༢.དམངས་སྲོལ་དང་འཚོལ་སྟངས་འདྲ་མིན། མིའི་རིགས་ལོ་རྒྱུས་གནས་བབས་རང་བཞིན་གྱི་དངོས་བཤུས་གློག་བརྙན་གྱི་རིགས་ཡོད།   ༣.ཚན་རྩལ་དང་ཚན་རིག་དང་འབྲེལ་བའི་དངོས་བཤུས་གློག་བརྙན། ༤.གསར་འགྱུར་དང་དོན་རྐྱེན། ལོ་རྒྱུས་དང་ལོ་རྒྱུས་རང་བཞིན་གྱི་དངོས་བཤུས་གློག་བརྙན་གྱི་རིགས་ཡོད། ༥.མིའི་གཏམ་རྒྱུད་དངོས་བྲིས་དང་སྐྱེས་བུའི་རྣམ་ཐར་རང་བཞིན་གྱི་དངོས་བཤུས་གློག་བརྙན་སོགས་ཡོད་པས། དུས་རབས་ཀྱི་གློག་ཆས་རིག་པ་དང་སྤྱི་ཚོགས་ཀྱི་ངོ་གདོང་བར་ལ་བརྗོད་མི་ཚར་བའི་དངོས་བཤུས་གློག་བརྙན་གྱི་ལོ་རྒྱུས་བག་ལ་ཉལ་བའང་དཔོག་དཀའ་བ་འདུག་ངེས་པས། མིའི་རྣམ་དཔྱོད་ཀྱི་བློ་གྲོས་དང་སྒྱུ་རྩལ་གྱི་བློ་མིག་དངོས་ལ་གཞིགས་ནས་དངོས་བཤུས་གློག་བརྙན་གྱི་གཏེར་ཆེན་སྔོག་པར་བགྲོད་དགོས།”( ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣.ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༦༦-༦༩)

641.jpg

བཞི། དངོས་བཤུས་གློག་བརྙན་ཆེན་མོ་བ་ཡཱ་ཁུ་པེ་ཧཱན་གྱི་ལོ་རྒྱུས་མདོར་བསྡུས།

           “ངའི་གློག་བརྙན་ཕབ་སྐྲུན་གྱི་གསང་བ་ནི་སྲོག་ཆགས་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་འདོད་པ་དེ་ཡིན། ”

——ཡཱ་ཁུ་པེ་ཧཱན།  (1941--2022.4.21.)

       “ཡཱ་ཁུ་པེ་ཧཱན་(雅克·贝汉)ནི་ཧྥ་རན་སིའི་ཕཱ་རེ་སིར་(Paris)སྐྱེས། ཡུམ་ནི་འཁྲབ་སྟོན་པ་ཞིག་དང་ཡབ་ནི་གར་སྟེགས་ཇུས་འགོད་མཁན་ཞིག་ཡིན། ནར་སོན་རྗེས་ཕཱ་རེ་སིའི་མཐོ་རིམ་གློག་བརྙན་སློབ་གླིང་དུ་ཞུགས་པ་དང་། ༡༩༥༧.ལོ་ནས་གློག་བརྙན་གྱི་ལས་ལ་ཞུགས་མགོ་བརྩམས། ཁོང་གིས་རྣམ་དཔྱོད་ལ་བརྟེན་ནས་གློག་བརྙན་ལས་དོན་ཐད་ངལ་བ་ཁྱད་དུ་གསད་ནས་དུས་ཡུན་རིང་བོ་མ་འགོར་བར་ཡོ་རབ་གླིང་དུ་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཞིག་ཏུ་གྱུར། ༡༩༦༦.ལོར་ཝེ་ཉིས་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་པ་མ་ཟད། ༡༩༦༨.ལོར་སྐད་གྲགས་ཅན་གྱི་གློབ་བརྙན་«Z»ཞེས་པ་ཕབ་པ་དང་། ༡༩༦༩.ལོ་ཨོ་སི་ཁཱའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། དེ་ནས་༡༩༧༥.ལོར་ཁོང་གིས་སླར་ཡང་«ཁྱད་མཚར་བའི་ཁྲིམས་ར» ཞེས་པ་ཕབ་པ་དང་འདི་ལ་ཧྥ་རན་སིའི་གློག་བརྙན་ཁང་གི་བྱ་དགའ་ཐོབ་ཅིང་ཡང་བསྐྱར་ལོ་དེར་«རྒྱལ་ཁའི་གླུ་དབྱངས»ཞེས་པར་ཨོ་སི་ཁཱའི་ཕྱི་སྐད་གློག་བརྙན་རྩེ་གྲའི་ཕུལ་བྱུང་བྱ་དགའ་ཐོབ། ༡༩༨༨.ལོ་ནས་«སྤྲེའུ་རྒྱལ»ཞེས་པ་དང་«གཞན་དབང་གི་ཚེ་སྲོག»དངོས་བཤུས་གློག་བརྙན་«ཕྲ་མཐོང་འཇིག་རྟེན»སོགས་ཕབ་པ་བརྒྱུད་རིམ་བཞིན་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་ཞིག་ཏུ་གྱུར།  ༡༩༩༤.ལོ་ནས་༡༩༩༥.ལོ་བར་ཁོས་«ཕྲ་མཐོང་འཇིག་རྟེན»དང་། ༡༩༩༨.ལོའི་ཟླ་༩.«ཧི་མ་ལ་ཡ»ཞེས་པའི་གློག་བརྙན་ཕབ་མགོ་བརྩམས་ཤིང་། ༡༩༩༩.ལོའི་ཟླ་༡༢.ཚེས་༥.ལ་ཧྥ་རན་སི་ནས་སྤྱི་འགྲེམས་བྱས་པ་དང་། ༢༠༠༠.ལོར་གློག་བརྙན་དེ་ལ་ཨོ་སི་ཁཱའི་སྐབས་༧༢.པའི་ཕྱི་སྐད་གློག་བརྙན་ཡག་ཤོས་ཀྱི་གསེར་གྱི་རྟགས་མའི་དགའ་ཐོབ་པར་མ་ཟད། ༢༠༠༠.ལོ་ཨོ་སི་ཁཱའི་བྱ་དགའ་སྤྲོད་པའི་ཚོགས་ཐོག་ནས་ཁོ་དང་ཁོའི་གློག་བརྙན་ངོ་སྤྲོད་བྱས། ༢༠༡༤.ལོར་ཟླ་༤.ཚེས་༡༥.ཉིན་གློག་བརྙན་དེ་ཀྲུང་གོ་རུ་བསྟན། ༡༩༩༨.ལོའི་ཟླ་༧་ནས་བཟུང་༢༠༠༡.ལོའི་ཟླ་༩.བའི་བར་དངོས་བཤུས་གློག་བརྙན་«དུས་བསྟུན་འདབ་ཆགས» ཞེས་པའི་གློག་བརྙན་ཕབ་མགོ་ཚུགས་ཤིང་།  རྗེས་སུ་གློག་བརྙན་འདིར་དམངས་ཀྱི་དགའ་བསུ་ཚད་མེད་ཐོབ།  ༢༠༡༡.ལོའི་ཟླ་༨.པའི་ཚེས་༨.ཉིན་ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་ལེ་ཚན་(CCTV-9) གྲ་རྒྱས་ཕུན་སུམ་ཚོགས་པའི་ངང་མགོ་ཚུགས་ཤིང་། ཡ་ཁུ་པེ་ཧན་དངོས་བཤུས་གློག་བརྙན་གྱི་བློ་འདྲི་བར་གདན་དྲངས་པས་ཁོང་ནི་༢༠༡༡.ལོའི་ཟླ་༡.ཚེས་༡.ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་ལེ་ཚན་གཏོང་མགོ་ཚུགས་པ་ནས་རྒྱལ་སྤྱིར་སྙན་གྲགས་ཅན་གྱི་དངོས་བཤུས་གློག་བརྙན་བློ་འདྲི་བ་ཞིག་གདན་དྲངས་པ་ཐོག་མ་དེ་ཡིན།  ཁོང་གིས་འཚོ་བ་དངོས་བཤུ་རྒྱུ་དང་རང་བྱུང་ཁམས་ཆེན་མོ་པར་ལེན་རྒྱུ་གཙོ་བོར་དམིགས་པ་མ་ཟད། བརྙན་མིག་ཁྲོད་དུ་ཡང་པར་རིས་གསོན་པོ་རྐྱང་རྐྱང་བེད་སྤྱོད། རོལ་དབྱངས་ཙམ་མ་ཟད་ཀྱི་འགྲེལ་བཤད་དང་འཁྲབ་ཚིག་སོགས་ཀྱང་གཏན་ཚིགས་ཀྱི་ཉམས་དང་ལྡན་པ་ཁོ་ན་བེད་སྤྱོད་པར་བྱེད་ཅིང་། ཚན་རིག་ལག་རྩལ་གྱི་ཐབས་ལམ་སྤྱོད་མཁས་པ་སོགས་ཀྱི་ཁྱད་ཆོས་ལྡན། དཔེར་ན། «རྒྱ་མཚོ»ཞེས་པའི་དངོས་བཤུས་གློག་བརྙན་ཕབ་སྐབས་བརྙན་ལེན་ཚོ་ཚུང་བཅུ་གཉིས་བཙུགས་ཤིང་གྲུ་གཟིངས་བདུན་བཅུ་བེད་སྤྱད་པ་མ་ཟད། དུས་ཡུན་ལོ་ངོ་སྤྱད་དེ་འཛམ་གླིང་གི་ས་ཆ་ལྔ་བཅུ་ལྷག་ནས་སྲོག་ཆགས་རིགས་བརྒྱ་ལྷག་པར་བླངས། དེའི་རྗེས་དེ་དག་གི་ནང་ནས་ཕུལ་དུ་བྱུང་བའི་པར་རིས་དག་བརྙན་གྱི་ཁྲོད་གོ་རིམ་ལྡན་པའི་ངང་བཀོལ་བ་མ་ཟད། བརྙན་དང་འཚམ་པའི་སྒྲ་ཇི་བཞིན་བཤུས་པས་ལྟ་མཁན་རྣམས་ལ་རྒྱ་མཚོའི་སྟེང་དུ་དངོས་སུ་སླེབས་པ་ལྟ་བུའི་སྣང་བ་སྦྱིན་འོངས། གཞན་ཡང་«དུས་བསྟུན་འདབ་ཆགས» ཞེས་པའི་གློག་བརྙན་འདིར་མཚོན་ན་ཡང་ངལ་བ་ཁྱད་གསོད་ཀྱིས་རང་བྱུང་ཁམས་ཆེན་མོར་པར་བླངས་པས། ལྟད་མོ་བའི་ཡིད་ཆེས་ཀྱི་ནུས་པ་མཐོ་རུ་བཏང་ཡོད། ཁོའི་བརྩམས་ཆོས་དག་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་སྣ་ཚོགས་ཀྱི་དར་རྒུད་རྣམས་གཞིར་བཟུང་ཐོག་ས་ཆ་སོ་སོའི་ཁྱད་ཆོས་དང་མི་རིགས་ཁག་གི་ཁྱད་པར། ལོ་རྒྱུས་ཀྱི་དུས་རིམ་རེ་རེའི་ཁྲོད་ཀྱི་སྣང་ཚུལ་མི་འདྲ་བ་སོགས་བྱེ་བྲག་ཏུ་བཟུང་ནས། རར་རང་གི་ཁྱད་ཆོས་འབུར་དུ་ཐོན་པར་བཅུག་ཡོད་པས་ལྟད་མོ་བའི་མིག་ལམ་དུ་རང་གཞན་གཉིས་ཀའི་གནས་སྟངས་འཆར་ཏེ་འཛམ་གླིང་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཀྱི་ནུས་པ་བསྐྱེད་པས་གོ་བསྐོན་ཡིད་འགུག་གི་ནུས་པ་ཤུགས་ཆེར་ལྡན། ཁོས་དངོས་བཤུས་གློག་བརྙན་གཙོ་བོར་འཛིན་ལ་པར་ངོས་སུ་འཆར་བའི་མིའི་གཟུགས་བརྙན་ཤིན་ཏུ་ཉུང་ཞིང་མང་ཆེ་བ་ནི་བརྗིད་ཆགས་པའི་རི་བོ་དང་མཛེས་སྡུག་ལྡན་པའི་ཡུལ་ཁམས། ཡིད་དབང་འཕྲོག་པའི་སྲོག་ཆགས་རྣམས་ཡིན་ལ། དེས་མི་རྣམས་ལ་རང་བྱུང་ཁམས་ཆེན་མོའི་འཇོ་སྒེག་གི་ཉམས་བཟང་མིག་མདུན་དུ་བཤམས་ནས་ཡིད་དབང་འདྲེན་གྱིན་ཡོད། དེ་བས་མི་རྣམས་ཀྱིས་ཁོ་ལ་དགའ་བསུ་ཆེན་པོ་བྱེད་ཅིང་། ཁོང་ལ་དངོས་བཤུས་གློག་བརྙན་ཆེན་མོ་བ་ཞེས་མཚན་བཟང་ཡང་གསོལ་ཡོད། འདི་དག་ལས་ཁོ་ནི་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་ནང་གི་འཁྲབ་ཁྲིད་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། ཁོག་ཡངས་རིས་མེད་ཀྱི་སྐྱེས་བུ་ཞིག་དང་། མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་གྱི་སློབ་གསོ་བ་ཞིག་ཀྱང་ཡིན། ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་ཐད་ལ་བྱས་རྗེས་བླ་ན་མེད་པ་འཇོག་མཁན་ཞིག་ཡིན་པ་ཤེས་ཐུབ་ལ། ཁོང་གིས་ང་ཚོར་སྤྱི་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུར་མིག་དཔེ་བཟང་བོ་ཞིག་བསྟན་ཡོད་དོ། །”(བྱམས་ཕྲུག་གིས་སྒྲིག་གཙོ་བྱས།«འཁྲབ་ཁྲིད་པ་དྲུག་ཅུ»[M] མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ་༥་པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས་༦༠-༦༣)

2d9f-b243924f2b3853e176792d89b75f0cfa.jpg

 ལྔ། དངོས་བཤུས་གློག་བརྙན་གྲགས་ཅན་ཁག་གི་བརྗོད་དོན་མདོར་བསྡུས།

 ༡.དངོས་བཤུས་གློག་བརྙན་«མི་རིགས» ཞེས་པའི་བརྗོད། 

       “དངོས་བཤུས་གློག་བརྙན་«མིའི་རིགས»(HUMAN-人类)ཞེས་པ་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་བརྙན་ལེན་པ་(YannArthus-Bertrand) ཡིས་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་༦༠.ལ་འཚམས་འདྲིར་བསྐྱོད། ཤ་མདོག་དང་། རིགས་རྒྱུད། ཕོ་མོ་བཅས་མི་འདྲ་བའི་མི་གྲངས་༢༠༢༠.ལྷག་གིས་བརྙན་མིག་མདུན་དུ་རང་ཉིད་ཀྱི་མི་ཚེའི་མྱོང་བ་བརྗོད་པ་དང་། དེ་ལ་ཝུའུ་ཁི་ལན་གྱི་རང་དབང་འཐབ་འཛིང་པ་དང་མ་ལིའི་ཞིང་བ། ཨ་རིར་ཐོན་པའི་བཙོན་མ་བཅས་མི་སོ་སོའི་གཏམ་རྒྱུད་ཕྱོགས་བསྒྲིགས་ཀྱི་དངོས་བཤུས་གློག་བརྙན་འདིའི་ནང་། བཅར་འདྲི་དང་ལེན་བྱེད་མཁན་གྱིས་རྒྱབ་ཡོར་ནག་པོའི་མདུན་དུ་རང་ཉིད་ཀྱི་གཏམ་རྒྱུད་ཞིབ་མོར་གླེང་བ་ལས་དྲས་མཐུད་བྱས་མེད་པ་མ་ཟད། ཐ་ན་བཅར་འདྲི་དང་ལེན་བྱེད་མཁན་གྱི་ཐོབ་ཐང་ཡང་མི་གསལ། མི་རེ་རེའི་མི་ཚེའི་བརྒྱུད་རིམ་ཁྲོད་རང་སྟེང་གི་འཚོ་བའི་ཉམས་མྱོང་ཤར་མར་བརྗོད་པས་ལྟ་མཁན་རྣམས་ལ་གཡོ་འགུལ་ཚད་མེད་ཐེབས་སུ་བཅུག་ཡོད་དོ། ། ”(ངོ་སྤྲོད་འདི་ནི། [EB]ཇ་ཚང་ལྷ་མོའི་འཕྲིན་སྟེགས་ལས་བཤུས།(༢༠༢༠.༡༠.༡༢.) བསྒྱུར་མཁན། ཇ་ཚང་ལྷ་མོ། )

༢.དངོས་བཤུས་གློག་བརྙན་ «གནམ་གཤིས་དྭངས་པའི་སོག་པོའི་རྩྭ་ཐང་ » ཞེས་པའི་བརྗོད་དོན། 

       “«གནམ་གཤིས་དྭངས་པའི་སོག་པོའི་རྩྭ་ཐང་»(蒙古草原 天气晴) ཞེས་པའི་དངོས་བཤུས་གློག་བརྙན་འདི་ནི། འཛམ་གླིང་གི་ཡུལ་གྲུ་ཁག་སོ་སོའི་མིའི་རིགས་ཀྱི་འཚོ་བ་སྤྱོད་སྟངས་དང་། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུན་ལོན་གྱི་འདུན་པ་དང་རེ་བ་དྲག་པོས་མནར་བའི་(ཀོན་ཡེ་ཟེར་བའི་ཉི་ཧོང་གི་ཉེན་འཇུག་པ།日本探险家关野吉晴) ཞིག་ལྕགས་རྟའི་རྐང་འཁོར་བརྒྱབ་ནས་༡༩༩༩.ལོའི་ཟླ་༡༠.པའི་ནང་མཐའ་ཡས་པའི་སོག་པོའི་རྩྭ་ཐང་དུ་སླེབས་ཤིང་། ལོ་ན་དྲུག་ཅན་གྱི་བུ་མོ་ཆུང་ཆུང་ཞིག་དང་འཕྲད། བུ་མོ་ཆུང་ཆུང་འདིས་ཀོན་ཡེའི་མི་ཚེའི་ནང་བརྗེད་ཐབས་བྲལ་བའི་ཕྱིར་དྲན་དང་བག་ཆགས་ཟབ་མོ་ཞིག་བཞག་རྐྱེན། བུ་མོ་ཆུང་ཆུང་དེ་རྒྱང་དུ་འགྲོ་བའི་རྒྱབ་གཟུགས་ལ་གཡེང་བཞིན་དངོས་ཟིན་གློག་བརྙན་འདི་ཕབ་རྒྱུའི་སེམས་པ་འཁོར། བུ་མོ་ཆུང་ཆུང་དེའི་མིང་ལ་ཕུན་ཇེ་ཟེར་ཞིང་། གློག་བརྙན་འདི་ལས་སོག་པོའི་ཁྱིམ་ཚང་ཕལ་བ་ཞིག་གི་སྐྱོ་སྡུག་གི་གཏམ་རྒྱུད་དང་དཀའ་སྡུག་གང་མང་ཞིག་ཏུ་འཕྲད་པའང་འདིར་དངོས་བཤུས་གློག་བརྙན་ལ་ཕབ་ཡོད་པས། གློག་བརྙན་འདི་ནི་ལོ་ངོ་དྲུག་གི་རིང་ལ་དཔར་དུ་གྲུབ་ཅིང་། ༢༠༠༦.ལོར་ཐོག་མར་ཉི་ཧོང་དུ་འགྲེམ་སྟོན་བྱས་ཤིང་། དེ་ལྟར་གློག་བརྙན་འདི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཁྱབ་སྟེ་མི་མང་པོ་ཞིག་ལ་མངར་ལ་སྐྱུར་བའི་འཚོ་བ་ཞིག་བྱིན་ཡོད་དོ། །”(ངོ་སྤྲོད་ཡིག་ཆ་འདི་ནི། [EB](野热仁保 2018.11.18.) འཕྲིན་སྟེགས་ལས་བཤུས།)

༣.དངོས་བཤུས་གློག་བརྙན་«ཤར་བ»ཞེས་པའི་བརྗོད་དོན། 

      “ཤར་བ་ཞེས་པ་དངོས་བཤུས་གློག་བརྙན་འདིར། ཇོ་མོ་གླང་མའི་ཉེ་འཁོར་དུ་གནས་མལ་བྱས་པའི་ཤར་བའི་གཞོན་སྐྱེས་ཁག་ཅིག ཕྱི་གླིང་བ་འགའ་ཤས་དང་ལྷན་དུ་ཇོ་མོ་གླང་མའི་རི་རྩེ་ལ་བསྐྱོད་རིང་གི་མཐོང་ཐོས་མྱོང་གསུམ་གཏམ་རྒྱུད་ཀྱི་གཞུང་རྟ་བྱས་ཏེ། གངས་ཉུལ་གྱིས་ཤར་བ་བཅུ་གྲངས་ཤིག་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཡ་ང་བ་དང་། འགྲོ་ལམ་དུ་ཕྲད་པའི་འགལ་འདུ་སོགས་དོན་གྱི་ཁོག་ཕུབ་པའི་སྙིང་བོ་བཀོད་ནས། ཤར་བ་ཚོའི་འཚོ་གོས་གནས་མལ་གྱི་གོམས་གཤིས་དང་ཞུམ་པ་མེད་པའི་སྤོབས་པ། ཟོལ་དང་འཁྱོག་གིས་མ་བསླད་པའི་གྲོགས་ཀྱི་བརྩེ་བ་སོགས་ཅི་ནུས་སུ་འུད་དང་སྒྲོ་འདོགས་ལ་མ་བསྐུར་བར་མངོན་པར་བསྟན་ཡོད་པས་ན། ཤར་བ་ལ་རྒྱུས་ལོན་པའི་ཀུན་སློང་ལྡན་པ་དག་གིས་ངེས་པར་གཟིགས་འོས་པ་ཞིག་ཏུ་འགྱུར། ཕྱི་རྒྱའི་མཁས་པ་ལོ་རྒྱུས་དང་རིག་གནས་སྨྲ་བ་དག་གི་ཁྲོད་ན་ཤར་བ་ཞེས་རླུང་ལྟར་གྲགས་མོད། རང་ཅག་གི་ཕྱོགས་ཁམས་མང་པོར་ཐ་སྙད་ཀྱི་གྲགས་ཚོད་ཙམ་ལས་དོ་སྣང་བྱས་མ་མྱོང་བའི་སྐྱེ་བོའང་མང་དག་ཅིག་བཞུགས་པ་གོར་མ་ཆག་ན། བོད་ཀྱི་རིགས་སུ་ཚུད་པའི་ཚོ་བ་འདིར་དངོས་བརྒྱུད་གང་རུང་ནས་རྒྱུས་ལོན་པར་བྱེད་པ་ནི་དོན་ཆུང་བ་མ་ཡིན།་ནོ། །”(«བོད་བརྙན» [G] དུས་དེབ་འདོན་ཐེངས་དང་པོ། ༢༠༡༨.ལོ། ཤོག་ངོས་༤༧)

102123.96373970_1000X1000_副本.jpg

༤.དངོས་བཤུས་གློག་བརྙན«དཔའ་བོའི་ལུང་བ» ཞེས་པའི་བརྗོད་དོན། 

        “བོད་ཀྱི་དངོས་བཤུས་གློག་བརྙན་གྱི་འཕེལ་རིམ་དང་ཁྱབ་ཁོངས་ལས་ལྟོས་བཅས་ཀྱི་ལམ་ནས་གཞིགས་ན།  དེར་བོད་ཀྱི་གློག་བརྙན་ལོ་རྒྱུས་གསར་བའི་རུམ་ཁ་ནས«དཔའ་བོའི་ལུང་བ»ཞེས་པའི་(“དངོས་བཤུས་གློག་བརྙན«དཔའ་བོའི་ལུང་བ»འདི་ལ་ཧྥ་རན་སིའི་རང་ལའོ་ཧྲི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(JeanRouchInternational Film Festival)དུ་ཚུད་ཅིང་། ཨ་རིའི་དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་གི་ཡ་གླིང་འགྲེམས་བརྙན་དུ་ཞུགས་ཐུབ་བྱུང་།  དབྱི་ཏ་ལེའི་མིའི་རིགས་རིག་པའི་གློག་བརྙན(IntimateLensFilmFestival) དུའང་ཚུད། ཨ་རིའི་ཧ་ཝིར་ཌི་སློབ་ཆེན། ཡེལ་སློབ་ཆེན། ཇོར་ཇི་ཝ་ཤིང་ཊོན་སློབ་ཆེན། ཁཱི་ལོམ་བྷི་ཡ་སློབ་ཆེན། ཊོ་རོན་ཊོ་སློབ་ཆེན། ཁཱ་ལཱི་ཧྥོར་ཉི་ཡ་སློབ་ཆེན། ཏུའུ་ཁཱི་སློབ་ཆེན། ཐོ་ཁེའོ་ཕྱི་སྐད་སློབ་ཆེན་བཅས་ཕྱི་གླིང་གི་མཐོ་རིམ་སློབ་ཆེན་ཁག་དང་ཞིབ་འཇུག་སྡེ་ཁག་འབོར་ཆེན་དུ་འགྲེམས་སྟོན་བྱས་པ་མ་ཟད། དམིགས་སུ་ཆོ་ཀྲི་ཧྭ་ཧྲིན་སློབ་ཆེན། ཆི་ལའོ་སློབ་ཆེན།   ཏའོ་ཁི་སློབ་ཆེན།   ཅཱ་ཀྲིག་སློབ་ཆེན།   ཏོ་ལུང་ཏོ་སློབ་ཆེན། ཧྥ་རན་སི་ཏོང་ཡ་ཞིབ་འཇུག་ལྟེ་གནས།  ཏུང་ཅིན་ཕྱི་གླིང་སློབ་ཆེན།   ལེ་ཏིག་སློབ་ཆེན། ཡཱ་ཀི་ལུང་ནེ་ཡ་སློབ་གླིང་དུ་འགྲེམས་སྟོན་འགྲེམས་སྤེལ་དང་མིའི་རིག་པ། ལོ་རྒྱུས་རིག་པའི་ལས་གཞི་ལ་གཞིགས་ནས་འགྲེམས་སྟོན་བསྐོར་བསྐྱོད་གང་ལེགས་བྱས་པ་རེད།  དེ་བཞིན།རྒྱལ་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་དང་ནུབ་བྱང་སློབ་ཆེན།   འབྲེལ་ཡོད་མཐོ་རིམ་སློབ་གླིང་ཁག་ཏུ་འགྲེམས་སྟོན་བྱས་པ་མ་ཟད།   སྐབས་དེར།  བོད་ཀྱི་གློག་བརྙན་རླབས་རྒྱུན་གསར་བའི་ལས་གཞི་ཚུད་ནས་རྒྱ་ནག་གི་གྲོང་ཁྱེར་བཅུ་ཕྲག་ལྷག་ནས་བསྐོར་སྟོན་བྱས། དངོས་བཤུས་གློག་བརྙན་འདི་ལ་ཆེད་དམིགས་ཀྱི་གཟེངས་རྟགས་དང་བསྔགས་བརྗོད་ཀྱང་མི་དམན་པ་ཐོབ་ལ། དེ་ཡང་སྐབས་ཉེར་བཞི་པའི་རྒྱལ་སྤྱིའི་མི་རིགས་རིག་པའི་གློག་བརྙན་དུས་ཆེན་དུའང་ཚུད་ནས་སྡེ་ཚན་རིམ་པའི་རྟགས་མ་སོགས་ཀྱང་ཐོབ་ཡོད་དོ། ། ”ངོ་སྤྲོད་འདི་ནི་ [EB]«པྲ་དྲ» དྲ་ཚིགས་ལས་བཤུས།  2018-06-14)དངོས་བཤུས་གློག་བརྙན་གྱི་སྣང་བརྙན་བཞེངས་པའི་བརྙན་མིག་ནི་འགངས་ཆེན་ཞིག་ཡིན་ལ། ཡུལ་ལུང་ཞིག་གི་འདས་པའི་མི་རབས་དུ་མའི་དུས་འགྱུར་དང་ད་ལྟའི་ཉམས་རྒུད་མཚོན་པའི་རྒུད་པ་གང་ཞིག་འཛིན་པའི་བརྙན་འདུས་རེག་ཟིག་ཙམ་དུའང་བགྲངས་ཆོག་སྟེ། རྒྱུ་མཚན། འཁྲབ་ཁྲིད་པས་རྟོག་བཟོ་དང་བྲལ་བའི་བརྙན་ལེན་གྱི་ཐབས་དང་མི་སྣར་བཅར་འདྲིའི་ཐབས་སུ་སྤྱད་པའི་རྣམ་པ་ནི་དངོས་བཤུས་གློག་བརྙན་གྱི་རིགས་དབྱེ་གཙོ་བོའི་གྲས་ཀྱི་རྣམ་པ་ཞིག་ཡིན་པས། བརྙན་མིག་ལས་ཆེད་མཁས་པའི་སྐད་དང་ལོ་རྒྱུས་པའི་སྐད། དམངས་ཚོགས་ཀྱི་སྐད། རྒན་རབས་པའི་སྐད་དང་གདངས་ལས་ཡུལ་ལུང་གི་སྐད་རིགས་ཀྱི་སྐྱེ་འཆི་དང་བསམ་བློའི་འཇིག་ཉེན། འཚོ་གནས་ཀྱི་རྩ་བའི་དུས་མཐའ་ཞིག་མངོན་འདུག  དེ་ནི་དངོས་བཤུས་གློག་བརྙན་གྱི་བརྙན་ཐབས་ལས་བཅར་འདྲིའི་ཟུར་ཐབས་དང་རྗེས་འདེད་འཚོལ་ཞིབ་ཀྱི་བརྙན་མིག་གི་རྣམ་པ་ཉེ་བར་སྣང་འདུག དངོས་བཤུས་གློག་བརྙན་འདི་ནི་འདས་བྱུང་གི་འགྱུར་བ་ཞིག་བརྙན་མིག་གི་ཐབས་སུ་སྤྱད་ནས། དེ་ལས་ཚད་རིམ་མི་འདྲ་བའི་མི་སྣའི་རབས་གསུམ་བཞེངས་སྐྲུན་བྱས་འདུག དེ་ནི་རྒན་རབས་དང་གཞོན་རབས།   བྱིས་པའི་རབས་ཡིན། རབས་མི་འདྲ་བའི་མིའི་སྐད་ཆའི་ཧེ་བག་དང་སྤྱོད་ལམ་གྱི་ཁྱད་པར། འཁྲབ་ཁྲིད་པས་དངོས་བཤུས་གློག་བརྙན་གྱི་བརྙན་མིག་འཛིན་ཐག་གཙོ་བོའང་སྐད་རིགས་ཀྱི་ཉམས་ཉེས་ལ་གཞིགས་ནས་བརྙན་མིག་གི་ཕྲེང་རྒྱུན་བཟུང་འདུག་ལ། མིའི་སྐད་ཆ་དང་ཁོར་ཡུག་གི་སྐད་ཆ། བྱ་སྤྱོད་ཀྱི་སྐད་ཆ། བསམ་བློའི་སྐད་ཆ། ཡུལ་སྲོལ་གྱི་སྐད་ཆ། གླུ་ངག་གི་སྐད་ཆ་དང་སྐད་ཀྱི་འགྱུར་བ་ལ་གློག་བརྙན་རང་ངོས་ཀྱི་ལག་རྩལ་དང་གློག་འོད། ཁ་དོག  ཟུར་ཚད། བརྙན་ཐབས། མཚོན་ཐབས་ནི་ཆེས་ཆེར་མེད་ཀྱང་།  རྗེས་འདེད་ཀྱི་བརྙན་ཐབས་དང་བརྙན་མིག་རང་དབང་བ་སྤྱད་པའི་ཐབས་སུ་རང་དབང་མ་ཡིན་པའི་ཡུལ་ལུང་གི་དངོས་ཡོད་དང་ལོ་རྒྱུས་ཀྱི་རྒུད་ཅིག་བཞེངས་སྐྲུན་བྱས་ཡོད།  

        དེ་བཞིན། འཁྲབ་ཁྲིད་པའི་བློ་མིག་དང་དངོས་བཤུས་གློག་བརྙན་གྱི་ཁྱད་གཞི་ནི་རྟོག་བཟོ་མ་ཡིན་པའི་བརྙན་མིག་དང་འུད་བརྗོད་དབེན་པའི་བརྙན་ཐབས་སུ་དངོས་བཤུས་གློག་བརྙན་གྱི་མ་མཐའི་བརྙན་མིག་འཚོལ་ཐབས་ཀྱི་གཞི་གྲུབ་བཟུང་ནས། རྗེས་འདེད་ཀྱི་བརྙན་མིག་དང་རང་དགར་གྱི་བརྙན་མིག་གིས་དངོས་བཤུས་གློག་བརྙན་ལ་མཁོ་བའི་བརྙན་མིག་གི་སྐད་བརྡ་བདེན་པ་ཅན་གྱི་འཆར་སྟངས་སུ་འཛིན་པ་ཡིན་པས། འཁྲབ་ཁྲིད་པས་སྤྱིར་བཏང་གི་ལག་ཐབས་དང་བཀོད་ཐབས་ལ་གཞིགས་ནས་འདས་བྱུང་གི་འགྱུར་བ་བཞེངས་འདུག འདིར་སྐད་རིགས་ཀྱི་འགྱུར་བ་དང་རིགས་རྒྱུད་ཀྱི་འགྱུར་བ། ཡུལ་སྲོལ་གྱི་འགྱུར་བ། འདུ་ཤེས་ཀྱི་འགྱུར་བ་མཚོན་པའི་བརྙན་མིག་སེམས་ཁྲལ་ཅན་གྱི་ལམ་ནས་ཟུར་ཙམ་འཕྲོས་ན་ནི། འདས་ཟིན་པའི་འགྱུར་བ་གང་ཞིག་གི་ཟུར་ངོས་ཡིན་པས།  ལོ་རྒྱུས་ཀྱིས་བཤད་ན། རྫོང་ཁག་བརྒྱད་དུ་གྲུབ་པའི་མཚོ་ཤར་ལུང་བ་ནི་གནའ་དུས་བོད་ཡུལ་ལུང་བ་ཤ་སྟག་ཡིན་པ་མ་ཟད། དཔའ་ལུང་དང་དཔའ་རིས། ཙོང་ཁའི་ཁོངས་གཏོགས་ཀྱི་ཡུལ་སྡེའི་བཅས་ནི་བོད་ཀྱི་གནའ་བོའི་གཞིས་འཛིན་ངོ་མ་དང་མི་རིགས་རང་གི་གྲངས་འབོར་མང་ས། དགོན་སྡེ་དང་སྲོལ་རྒྱུན་ཤེས་རིག་གི་རྫོངས་མཐུག་སར་བཞེད། ཡིན་ཡང་། དངོས་བཤུས་བརྙན་མིག་འདི་ལས་མི་རིགས་ཀྱི་སྐད་རིགས་ལ་ཉམས་ཉེས་བྱུང་བ་ནི་གཡུལ་འགྱེལ་ལ་འབྲེལ་ཡོད་ལ། འདས་པའི་སྲིད་འཛིན་གྱི་ས་ཁྲའི་འཁྲབ་བཀོད་ལ་དེ་བས་ཀྱང་འབྲེལ་ཡོད་པས།   དུས་རབས་བཅོ་བརྒྱད་པའི་སྐབས་སུ་གོང་མ་ཆན་ལུང་གིས་བོད་ཡུལ་ལུང་བར་བཙན་བཟུང་དབང་བསྒྱུར་དང་རྩ་མེད་སྒེར་གཅོད་ཀྱི་ནད་ཡམས་མཆེད་པ་ནི་ལོ་རྒྱུས་ཀྱི་བདེན་པའི་སྐད་དུ་བཞེད་ལ།    དེ་རིང་གི་ལུང་བར་མི་རིགས་ཀྱི་སྐད་རིགས་ཕོ་བྲང་རྡིབ་པ་དང་ཡུལ་སྲོལ་གྱི་གསེར་བུམ་ཆག་པའང་ལོ་རྒྱུས་ཀྱིས་དེད་པའི་ཁ་ཕྱོགས་གཅིག་པོ་དེ་ཡིན་ངེས།     

        དུས་རིམ་མི་འདྲ་བའི་ལུང་བའི་དུས་འགྱུར་ནི་མིའི་སྒེར་གཅོད་ཀྱི་ནད་ཡམས་དང་བསམ་བློའི་རྫས་དུག་ལས་བྱུང་བ་ཡིན་པས།     ཉེ་རབས་སུ་དུས་འགྱུར་གྱི་རླུང་འཚུབ་དང་གོ་མིན་ཏང་གི་ཁོངས་གཏོགས་ཀྱི་མཱ་ཇག་དམག་གིས་བཅད་བཟུང་གི་མུན་ནག་བྱུང་བ་ནི་བརྙན་མིག་གི་ཟུར་ཚད་ལས་མི་སྣའི་སྐད་ཆ་ལས་མཚོན་ཐབས་སུ་བཟུང་འདུག་ལ།  དུས་མཚུངས་སུ་རིག་གསར་གྱི་འགོས་ནད་ཀྱིས་ཀྱང་རི་དང་ལུང་བའི་ལྷིང་འཇགས་དཀྲོགས་བྱུང་བ་ནི་བརྗོད་གཞིའི་ཟུར་ནས་མངོན་འདུག་པ་དེའི་དུས་རིམ་མི་འདྲ་བའི་ཁྲག་གི་ལམ་ཡིག་ཡིན།  འདས་པ་ནི་ལོ་རྒྱུས་ཀྱི་ཁ་ཟས་ཁོ་ན་མ་ཡིན་པར་བརྙན་མིག་གི་བདེན་པ་སྲུང་དུ་འཛིན་པའི་གསལ་བའི་མེ་ལོང་ཡིན་པས།  འདིར་དངོས་བཤུས་གློག་བརྙན་གྱི་བརྙན་རིས་སུ་སྣང་བའི་ལོ་ན་དྲུག་བཅུའི་ཡན་དུ་སོན་པའི་རྒ་རྒས་དག་གི་ཕྱི་ནང་སེམས་པ་སྡུག་དང་མིག་མཐའ་མཆི་མ་རུ་གྱུར་པ་དེ་ནི་འཁྲབ་ཁྲིད་པའི་བརྙན་མིག་ལས་བཙལ་བའི་དོན་དངོས་ཀྱི་ཚད་མ་ཡིན། དངོས་བཤུས་གློག་བརྙན་ཞིག་གི་བརྗོད་གཞི་ལས་མཐོང་བའི་ཕྱི་ནང་ཙམ་དུ་འགྲོ།   

102123.96373970_1000X1000_副本.jpg

      དངོས་བཤུས་གློག་བརྙན་ནི་དངོས་ཡོད་བསྐྱར་དུ་སྣང་བྱེད་ཀྱི་བརྙན་མིག་གི་གདམ་ཀ་དོན་དངོས་ཅན་ཞིག་ཡིན་པས།    སྤྱིར་བཏང་གི་ཟུར་ནས་དངོས་བཤུས་གློག་བརྙན་ལ་བལྟས་ན།    བོད་ཀྱི་ཡུལ་ལུང་ཞིག་ནི་ཧེ་སྡེ་ཆེན་མོ་རུ་གྱུར་པའི་འགྱུར་བ་ཞིག་སྟེ། ཧེ་རིགས་དང་རྒྱ་སོག་གི་འཚོ་བ་དང་དད་མོས།  ཡུལ་སྲོལ། འགྱུར་སྟངས་བཅས་སུ་བརྙན་རིས་དང་བརྙན་རིས་སུ་བསྡེབས་ཡོད་པས། འཁྲབ་ཁྲིད་པས་བཙལ་བཞིན་པ་དེ་ནི་ད་རུང་བརྙན་མིག་ལས་བྱུང་བའི་ཚད་མེད་ཀྱི་སེམས་ཁྲེལ་དེ་ཡིན་པས།  དངོས་བཤུས་གློག་བརྙན་གྱི་བརྙན་མིག་གི་སྐད་ཆ་ལ་མཚོན་ཐབས་མི་དགོས་པར། ལོ་རྒྱུས་ལས་དེད་པའི་ནད་རྟགས་དེ་ཉིད་བརྙན་མིག་མི་འདྲ་བའི་ཟུར་ཚད་ནས་གཤགས་བཅོས་བྱེད་ཐུབ་པ་ནི་དངོས་བཤུས་གློག་བརྙན་གྱི་བདེན་པའི་མིག་ཡིན་ནོ། །” (ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་དང་རྒྱང་ལྟ།» [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༡.ལོའི་ཟླ་༧. རུ་པར། ཤོག་ངོས་༢༢༨--༢༣༣) 

༥.དངོས་བཤུས་གློག་བརྙན་ « རྫ་ཆུ་ཁའི་བྱིས་པ » ཞེས་པའི་བརྗོད་དོན། 

        “རྫ་ཆུ་ཁའི་བྱིས་པ་ཞེས་པའི་དངོས་བཤུས་གློག་བརྙན་འདིའི་ནང་དུ། ཁམས་ཐར་ཤུལ་སྡེ་བའི་སྤྲུལ་སྐུ་མགོན་དགའ་ལགས་ཀྱིས་དཀའ་ཁག་གང་མང་བརྒྱུད་དེ་སྡེ་བའི་ནང་དུ་སློབ་གྲྭ་བཙུགས་པའི་གནས་ཚུལ་བརྒྱུད་ནས། ཁམས་རྫ་ཆུ་ཁའི་སློབ་གསོའི་གནས་སྟངས་ནས་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་འགལ་འདུ་དང་མཉམ་གནས་སོགས་བསྟན་ཡོད། ཁམས་ཐར་ཤུལ་ཞེས་པའི་གྲོང་སྡེ་འདི་རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་སུམ་བརྒྱ་ལྷག་ཡོད་པའི་ལུང་བ་ཞིག་གི་ནང་དུ་གཞིས་ཆགས་ཡོད་ལ། གྲོང་སྡེ་འདིར་ཁྱིམ་ཚང་སུམ་བརྒྱ་དང་། དགོན་པ་ཞིག་དང་སློབ་གྲྭ་ཞིག་བཅས་ཡོད། དགོན་པའི་མིང་ལ་ཐར་ཤུལ་དགོན་ཐོས་བསམ་འཕེལ་རྒྱས་གླིང་ཟེར་ཞིང་། དེ་རུ་གྲྭ་བ་བརྒྱ་ལ་ཉེ་བ་ཞིག་ཡོད། སློབ་གྲྭའི་མིང་ལ་ཐར་ཤུལ་ཕན་བདེ་གཅེས་སྐྱོང་སློབ་གྲྭ་ཟེར་ཞིང་། དེ་རུ་སློབ་མ་ཉིས་བརྒྱ་ཡས་མས་ཤིག་ཡོད།  ༢༠༠༨.ལོར་སྤྲུལ་སྐུ་མགོན་དགའ་ལགས་ཀྱིས་མ་དངུལ་བསྐྱི་གཡར་བྱས་ཏེ་སློབ་གྲྭ་འདི་འཛུགས་སྐྲུན་གནང་ཞིང་། དེ་ནས་བཟུང་ཁམས་ཐར་ཤུལ་སྡེ་བའི་བྱིས་པ་དག་ཀྱང་དེང་རབས་སློབ་གསོའི་ལམ་དུ་ཞུགས་མགོ་བརྩམས་པ་རེད། ད་ལྟ། ཁམས་ཐར་ཤུལ་ཕན་བདེ་གཅེས་སྐྱོང་སློབ་གྲྭ་རུ་སློབ་ཁང་བཅུ་གཉིས་དང་དགེ་རྒན་གྱི་སྡོད་ཤག་བཅུ་གསུམ། དཔེ་མཛོད་ཁང་དང་ཟ་ཁང་། འབུད་ཁང་སོགས་ཁང་བ་བཞི་བཅུ་ལ་ཉེ་བ་འདུག་ཅིང་། འདི་ཐམས་ཅད་ནི་སྤྲུལ་སྐུ་མགོན་དགའ་ལགས་ཀྱིས་མ་དངུལ་བསྐྱི་གཡར་བྱས་ཏེ་འཛུགས་སྐྲུན་གནང་བ་ཡིན་འདུག སློབ་གྲྭ་འདི་ཚུགས་པ་ནས་བཟུང་། དགོན་པའི་ནང་གི་གྲྭ་བའི་གྲངས་ཀ་དེ་ཇེ་ཉུང་ལ་ཕྱིན་འདུག ཡིན་ནའང་སྤྲུལ་སྐུ་མགོན་དགའ་དང་དགེ་བཤེས་བསོད་ནམས་ཡེ་ཤེས་སོགས་ཀྱི་འབད་བརྩོན་བརྒྱུད་ནས། དགོན་པའི་ནང་དུ་ཡང་དེང་རབས་ཀྱི་སློབ་གསོ་སྤྲོད་སྟངས་དང་འཚམས་པའི་འཛིན་གྲྭ་ཞིག་བཙུགས་ཡོད་ལ། ཁོ་ཚོས་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་སྦྱོང་དགོས་པ་མ་ཟད། རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་ཡང་སྦྱོང་བ་བྱེད་དགོས་ཀྱི་ཡོད། སྤྲུལ་སྐུ་མགོན་དགས་ཐར་ཤུལ་སྡེ་བར་སློབ་གྲྭ་བཙུགས་ནས་བྱིས་པ་རྣམས་སློབ་གྲྭར་འགྲོ་མི་ཐུབ་པའི་དངོས་ཡོད་དཀའ་ཁག་སེལ་བར་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བོད་ཀྱི་གཞོན་ནུ་དག་ལ་འཚམ་པའི་ལག་རྩལ་སློབ་གྲྭ་ཞིག་ཀྱང་འཛུགས་འཆར་ཡོད་འདུག

        ལོ་རྒྱུས་ཀྱི་འཕོ་འགྱུར་ནི། སྐྱེས་བུ་སོ་སོའི་ཆོད་སེམས་དང་ལྷག་བསམ་གྱིས་མདུན་དུ་སྐུལ་བ་ཡིན་ལ། མཛེས་སྡུག་གི་མ་འོངས་པ་ནི། བྱིས་པ་རེ་རེ་ཡིས་འདྲ་མཉམ་གྱི་སློབ་གསོ་མྱོང་ཐུབ་པ་ནས་མགོ་བརྩམས་པ་ཡིན།”( [EB] «བོད་ཀྱི་གློག་བརྙན་སྤྱི་སྟེགས» ལས་བཤུས། རྩོམ་པ་པོ་ནི་ཁ་བ་སྙིང་ལྕགས། ཆོས་བཟང་། 2017-12-30)

 

ཟུར་བཀོད་དང་པོ། གློག་བརྙན་གྲགས་ཅན་འོས་སྦྱོར།  

                                     ལུའུ་མེ་རེ་སྤུན་གཉིས་ཀྱི་དངོས་བཤུས་བརྙན་ཐུང་།   卢米埃尔兄弟

འགྲེམ་དུས། 年份

གློག་བརྙན།    电影

འཁྲབ་ཁྲིད་པ།  导演

བརྙན་དབྱེ། 景别

རིང་ཚད།时长

1895

མེ་འཁོར་ས་ཚིགས་སུ་སླེབས་པ།火车进站

卢米埃尔兄弟

དངོས་བཤུས།

སྐར་ཆ50

1895

སྐྱེད་ཚལ་དུ་ཆུ་འདྲེན་པ། 水浇园丁

卢米埃尔兄弟

དངོས་བཤུས།

སྐར་ཆ44

1895

བཟོ་གྲྭའི་སྒོ་ཆེན།  工厂的大门

卢米埃尔兄弟

དངོས་བཤུས།

སྐར་མ1སྐར་ཆ5

     《འཛམ་གླིང་དཔེ་མཚོན་དངོས་བཤུས་གློག་བརྙནལས་བདམས། 选自世界经典纪录片

འགྲེམ་དུས། 年份

གློག་བརྙན། 电影

འཁྲབ་ཁྲིད་པ།  导演

རིང་ཚད།时长

1922.6.11

བྱང་རྒྱུད་ཀྱི་ནཱ་ལུའུ་ཁི北方的纳努克

罗伯特·弗拉哈迪

79分钟

1992

པ་ལ་ཁ།  天地玄黄

·夫里克

96分钟

2002

དུས་བསྟུན་འདབས་ཆགས།   迁徙的鸟

雅克·贝汉

89分钟

2003

རྔ་མོང་གི་མིག་ཆུ།  哭泣的骆驼

毕恩巴舒云·达瓦

87分钟

2009

རྒྱ་མཚོ།     海洋

雅克·贝汉

104分钟

                                                           དངོས་བཤུས་གློག་བརྙན་ལེགས་འདེམ།

འགྲེམ་དུས། 

གློག་བརྙན།    电影

འཁྲབ་ཁྲིད་པ།  导演

རིང་ཚད།时长

2016

གོ་ལའི་དུས་བཞི།  地球四季

雅克·贝汉

95分钟

2015

མིའི་རིགས།人类

YannArthus-Bertrand

133分钟

2006

གནམ་གཤིས་དྭངས་པའི་སོག་པོའི་རྩྭ་ཐང་ །蒙古草原 天气晴

日本探险家关野吉晴

109分钟

2015

ཤར་བ།       高山上的夏尔巴人

ཇེན་ནི་ཕིར་ཕེ་དོམ།

85分钟

2013

དཔའ་བོའི་ལུང་བ།   英雄谷

མཁའ་བྱམས་རྒྱལ།卡先加

54分钟

                                                    བོད་འབྲེལ་དང་བོད་ཀྱི་གློག་བརྙན་ལེགས་འདེམ།


འགྲེམ་དུས། 年份

གློག་བརྙན། 电影

འཁྲབ་ཁྲིད་པ།导演

བརྙན་དབྱེ།景别

རིང་ཚད།时长


1999.12.1

ཧི་མ་ལ་ཡ།   喜马拉雅

雅克·贝汉

གཏམ་རྒྱུད། ཉེན་མཆོངས།

108分钟


2005

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།   

静静的嘛呢石

པདྨ་ཚེ་བརྟན།万玛才旦

གཏན་རྒྱུད།

102分钟


2015.4

གཙང་པོ།   

ཟོན་ཐར་རྒྱལ།松太加

གཏམ་རྒྱུད།

94分钟


                                               འཛམ་གླིང་གི་བརྙན་ཕྲན་གྲགས་ཅན་ལེགས་འདེམ།


འགྲེམ་དུས།  

གློག་བརྙན།电影

འཁྲབ་ཁྲིད་པ།导演

བརྙན་དབྱེ།景别

རིང་ཚད།时长


2015

མི་གཤིས། (HUMAN -人性)

·阿尔蒂斯-贝特朗

དངོས་བཤུས།

7分钟


2010

མེ་ལོང་། 镜子

Laurent Fauchère / Antoine Tinguely

དངོས་བཤུས།

5分钟


1981

2+2=5

Lluís Josep Comerón

དངོས་བཤུས།

2分钟


2014

ལྷམ་ཆ་གཞན་ཞིག The Other Pair

Sarah Rozik

བརྙན་ཐུང་། 

5分钟


2016

སྐེགས་ཕྲུག (Piper-)

艾伦·巴利拉罗

འགུལ་རིས་གློག་བརྙན།

6分钟


2008

བུ་ག་ནག་པོ། 

菲利普·桑森 / 奥利·威廉姆斯

བརྙན་ཐུང་།

3分钟

                                                 བོད་འབྲེལ་དྲ་ལམ་དངོས་བཤུས་བརྙན་ཐུང་ལེགས་འདེམ།

འགྲེམ་དུས།  

གློག་བརྙན།电影

འཁྲབ་ཁྲིད་པ།导演

རིང་ཚད།时长


༡༩༣༤ .ནོར་ནག་སྐྱེལ་མཁན། 1934.运牛队


8分钟


ཕ་འབྲོག་པ།  牧民爸爸


42分钟


ཡུལ་གྱར་ཁྱི་ལྡོམ།  背弃藏獒


22分钟

2010

ལྕི་བ།  牛粪

གནམ་རྩེ།蘭則

49分钟


རྫ་ཆུ་ཁའི་བྱིས་པ། 雅砻江边的孩子

ཁ་བ་སྙིང་ལྕགས།  

51分钟

2021.8

ཁྲོཾ་ཤེས་རིག་སྣ་འཛོམས་སྲོལ་རྒྱུན་འཇོལ་མོའི་གྲེ་འགྱུར།

冲仓民间传统文艺作品

ཁྲོཾ་ཚང་དམངས་ཁྲོད། 

有六项-97分钟

 ཟུར་བཀོད་གཉིས་པ། ཟིན་བྲིས་འདི་དང་འབྲེལ་ཡོད་ཀྱི་དཔེ་ཐོ།

གཅིག བོད་ཡིག 

༡.«གློག་བརྙན་སྒྱུ་རྩལ་གྱི་གསང་བ།»  [M] ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། (༢༠༡༣.༡༠.)

༢.«གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ།» [M]  ཀླུ་རྒྱལ་རཱ་ཏི་ཡིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། (༢༠༡༧.༡.)

༣.«ན་གཞོན་གསར་བ།» [G] དུས་དེབ། (སྤྱིའི་དེབ་གྲངས་བརྒྱད་པ) རྣོ་སྦྲེང་གིས་གཙོ་བསྒྲིགས་བྱས།  (༢༠༡༦-༢༠༡༧)

༤.«འཁྲབ་ཁྲིད་པ་དྲུག་ཅུ།»  [M] བྱམས་ཕྲུག་གིས་སྒྲིག་གཙོ་བྱས།  མི་རིགས་དཔེ་སྐྲུན་ཁང་། (༢༠༡༨)

༥.«བོད་བརྙན།»   [G] དུས་དེབ། བོད་བརྙན་རྩོམ་སྒྲིག་ཁང་གིས་བསྒྲིགས། (འདོན་ཐེངས་དང་པོ། ༢༠༡༨)

༦.«གློག་བརྙན་དང་རྒྱང་ལྟ། »  [M] ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། (༢༠༢༡.༧.)

 གཉིས། རྒྱ་ཡིག  

1. «世界经典纪录片»  [M]吴保和  (2012.8.)«འཛམ་གླིང་དཔེ་མཚོན་དངོས་བཤུས་གློག་བརྙན།» བའོ་པོ་ཧིས་བསྒྲིགས། 

2.«纪录片也要讲故事» [M]希拉·枸论·伯纳德  (2015.11.)«གཏམ་རྒྱུད་ནི་དངོས་བཤུས་གློག་བརྙན་གྱིས་ཀྱང་བཤད།» ཨ་རི་བ་ཞི་ལཱ་ཁུ་ལུང་པའོ་ནཱ་ཏིག  (2015.11.)

3.«认识纪录片»  [M]石屹 著   (2017.6.) «དངོས་བཤུས་གློག་བརྙན་གྱི་ཤེས་རྟོགས།» ཨ་རི་པ་ཧྲི་ཡེ་ཡིས། (2017.6.)

 

༢༠༢༣ ལོའི་སྤྱི་ཟླ་༦.ཚེས་༡༠.ཉིན་ཟིན་བྲིས་སུ་ཕབ་པ་འགྲུབ་ཅིང་།

༢༠༢༣ ལོའི་ཟླ་༩ .ཚེས་༡༣. ཉིན་མཐའ་མའི་འཕྲི་སྣོན་དང་དག་བཅོས་བཅས་འགྲུབ་པར་བྱས་སོ། །


དཔྱད་མཆན་ཡོད།