སྲོལ་རྒྱུན་གྱི་འཆིང་ཐག བཟོད་མེད་ཀྱི་ན་ཟུག


p860156043.jpg———Desert Flowerཞེས་པའི་གློག་བརྙན་ལ་བལྟས་རྗེས་ཀྱི་ཚོར་སྣང་། 
            ད་ལོའི་དབྱར་གནང་གཏོང་ལ་ཉེ་བའི་མཚན་མོ་ཞིག་ལ་དྲ་གྲོགས་བུད་མེད་ཅིག་གིས་འོས་སྦྱོར་བྱས་པ་བརྒྱུད་རང་རེའི་བོད་ཀྱི་སྐད་དུ༼བྱེ་ཐང་གི་མེ་ཏོག༽ཅེས་བསྒྱུར་ན་འོས་བར་མཐོང་ཞིང་། དབྱིན་ཇིའི་སྐད་དུ༼Desert Flower༽ཞེས་པ། རྒྱ་ནག་གི་སྐད་དུ༼沙漠之花༽ ཞེས་པའི་གློག་བརྙན་ཞིག་ལ་བལྟ་ཐུབ་པ་བྱུང་སོང་། ལྷིང་འཇགས་ཀྱི་མཚན་མོ་དེ་ནི་ཏག་ཏག་གཟའ་མཇུག་དང་ཁེལ་ཡོད་པས་གློག་བརྙན་དེར་མགོ་ནས་མཇུག་བར་དུ་ཐེངས་གཅིག་བལྟས་བ་ཡིན། ནམ་རྒྱུན་དུས་ཚོད་གླེང་རྒྱུར་ཤིན་ཏུ་དགའ་ཞིང་དུས་ཚོད་ཀྱི་ཐོབ་ཤོར་ཁྲོད་ནས་དུས་ཚོད་ལ་ལེ་བདའ་བྱེད་རྒྱུ་ཡང་ཀུན་ནས་གོམས་པའི་རང་ཉིད་ལ་མཚོན་ན་ཐེངས་འདིའི་གློག་བརྙན་དེས་ང་ལ་སྨྲ་མི་ཤེས་པའི་ཚོར་སྣང་ལྕི་མོ་ཞིག་དང་དྭངས་མི་སྲིད་པའི་སྡུག་བསྔལ་རབ་རིབ་ཅིག་དང་བཅས་ཏེ་རྨ་སྟེང་དུ་ཚྭ་འདེབས་པ་དང་སྙིང་སྟེང་ལ་གྲིས་སྣུན་པ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་ཀྱང་མྱོང་དུ་བཅུག་སོང་། དེ་ལྟར་བསམ་པའི་མོད་ལ་གློག་བརྙན་དེའི་སྐོར་ནས་རང་ཉིད་ཀྱིས་མྱོང་ཚོར་ཐར་ཐོར་རེ་དང་བསམ་ཚུལ་ཐན་ཐུན་ཞིག་ཀྱང་འབྲི་འདོད་དྲག་པོ་སྐྱེས་བྱུང་། སྤྱིར་ངའི་སེམས་ཀྱི་མྱོང་ཚོར་འདི་མགོ་ལྡན་ཀུན་གྱི་དཔེ་ཀློག་གི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་དང་རྒྱང་བཞུད་ཀྱི་གྲོ་ཁ་ཡིད་ཚིམས་པ་ཞིག བསམ་གཞིག་གི་གྲུབ་འབྲས་བརྗོད་རི་བ་ཞིག་ཏུ་འགྱུར་མིི་སྲིད་ནའང་བརྗོད་པར་བྱ་བའི་མི་རིགས་དང་རྒྱལ་ཁབ་གང་དེའི་ཆོས་ལུགས་རིག་གནས་ཀྱི་བཀག་རྒྱ་དང་རྨོངས་མུན་སྤྱི་ཚོགས་ཀྱི་མནར་གཅོད། སྲོལ་རྒྱུན་སྒེར་སྡོམ་གྱི་འཆིང་ཐག་སྦོམ་པོས་ཡོངས་སུ་བསྡམས་ཤིང་ཀུན་ནས་གཅུན་ནས་ཡོད་པའི་ས་སྒང་འདིའི་སྟེང་གི་བུད་མེད་དེ་དག་གི་སེམས་སྒྲ་ལ་ཟུར་ཉན་བྱེད་སྟངས་ཤིག་དང་སྡུག་བསྔལ་དེ་དག་གི་ཁྲོད་ན་ནམ་ཡང་ཀུ་ཡངས་དང་རང་དབང་། ཡིན་འཇོག་དང་འདྲ་མཉམ། ངོས་འཛིན་དང་བརྩི་བཀུར་མི་ཐོབ་པར་འཚོ་བ་ན་ཟུག་གིས་རོལ་ཞིང་མི་ཚེ་སྐྱོ་གདུང་གིས་སྐྱེལ་བཞིན་པའི་བུད་མེད་དེ་དག་ལ་བརྩེ་བ་ཡི་ལག་ཟུང་སྦྲེལ་སྟངས་ཤིག་ཅི་ལ་མིན་ཨང་སྙམ་བཞིན་ཡོད།
           མིང་དུ་གྲགས་ཤིང་ཤུགས་རྐྱེན་ཆེ་བའི་གློག་བརྙན་དེ་ནི་མ་གཞི་ནས་དངོས་བྱུང་ལོ་རྒྱུས་ཤིག་སྟེ། ཨ་ཧྥེ་རི་ཁའི་སོ་མ་ལིས་ཡ༼索马利亚༽ཡི་བུ་མོ་ཆུང་ཆུང་ཧྭ་རའེ་སི༼华莉丝༽ཡི་རང་རྣམ་གཞིར་བཟུང་ནས་བསྒྲིགས་པའི་ཡ་ང་བ་ཞིང་ཡིད་མུག་པའི་དངོས་ཡོད་གནས་ཚུལ་མཚོན་པའི་གློག་བརྙན་ཞིག་རེད་འདུག གོ་ལ་ཧྲིལ་བོ་ཧང་སང་བར་བྱེད་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཤའོ་རའེ•ཧའོ་ཨར་མན༼雪瑞• 霍尔曼༽ཡིན་ལ། གློག་བརྙན་དེའི་ནང་དུ་ཨ་ཧྥེ་རི་ཁའི་སོ་མ་ལིས་ཡའི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་བུ་མོ་ཆུང་ཆུང་ཧྭ་རའེ་སི་ཡི་མི་ཚེ་འགྱུར་ལྡོག་སྟེ། བྱིས་དུས་སུ་ཡ་ང་བའི་མཚན་མ་དམར་བཙེམས་ཀྱི་མནར་གཅོད་སྡུག་བསྔལ་མྱོང་བ་དང་གཞོན་དུས་སུ་ཡིད་མུག་པའི་གཉེན་སྒྲིག་བཙན་དབང་གི་ཚ་གཅུན་འོག་གི་སྐྱོ་གདུང་གི་དབྱངས་རྟ་བརྗོད་པ་དེའོ།།
          ད་སོ་མར་མོ་ལོ་བཞི་གསུམ་བཅུ་གཉིས་བརྒལ་ཟིན་པ་ཙམ་ཡིན་པའི་རིགས་རྒྱུད་ནག་པོ་ཅན་གྱི་བུ་མོ་ལོ་ཆུང་ཧྭ་རའེ་སི་འདི་རང་ཉིད་ཀྱི་ཕ་རྒན་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བའི་རྒད་པོ་ལོ་ལོན་ཆགས་སྲེད་ཅན་མའོ་ཧན་མའོ་ཏི་པིན•ཅ་ལ་ཨར༼默罕默德本•加拉尔༽ཞེས་པའི་གནས་དེའི་འབྱོར་ལྡན་པ་ཞིག་གི་ཆུང་མ་ཨང་བཞི་བར་གནང་སྦྱིན་བྱས་ཚར་ཞིང་སང་ཉིན་གྱི་ཞོགས་པར་གཉེན་སྟོན་གྱི་ཆོ་ག་བསྒྲུབ་རྒྱུ་ཡིན་པའི་འཇིགས་ཡེར་ཡེར་གྱི་གཏམ་ངན་དེ་ཐོས་པས་ན་བུ་མོ་ཆུང་ཆུང་ཧྭ་རའེ་སིར་དངངས་འདར་གང་མང་རྒྱབ་ཅིང་ལུས་ཀྱི་བ་སྤུ་གཟེངས་ཏེ་སྐྲག་སྣང་དང་ཞེད་སྣང་གིས་མ་བཟོད་པར་སེམས་ཁར་སྡུག་གི་མུན་པ་རབ་ཏུ་འཐིབས་ལ་སྙིང་ཁར་སྐྱོ་བའི་རྦ་རླབས་དྲག་ཏུ་འཕྱོ་བས་རང་གི་དྲིན་ཆེན་གྱི་ཨ་མོ་ལ་མིག་ཆུ་ཡིས་མཆོད་པ་འབུལ་བཞིན་མི་འཐད་པའི་གནས་ལུགས་དང་མི་དགའ་བའི་རྣམ་འགྱུར་ཅི་ཙམ་བསྟན་ཡང་རང་གི་དྲིན་ཆེན་གྱི་ཨ་མོ་ལ་ཡང་དབང་མེད་ཅིང་ཐོབ་དམན་པ་དང་ཐབས་ཟད་ཅིང་འུ་ཐུག་པས་འབྲོག་མོ་ཆུང་ཆུང་འདིར་བྲོས་བྱོལ་ཡན་གྱིི་ལམ་ཞིག་མེད་པ་ཁོ་མོས་ཤེས་རྟོགས་བྱུང་བ་རེད།
        འདི་ལྟར་སྨག་རུམ་གྱི་ལྭ་བ་ཧ་ཅང་མཐུག་པའི་མཚན་མོ་དེར་རྐང་འཇབ་ལག་འཇབ་ཀྱིས་རྒྱང་བཞུད་ཀྱི་འགོ་བརྩམས་པ་ན་རླབས་ཆེ་བའི་མ་ཡུམ་གྱིས་ཤ་ལས་ཆད་པའི་རང་གི་བུ་མོ་ཆུང་ཆུང་ཧྭ་རའེ་སི་གདུག་རྩུབ་ཀྱི་གཉེན་དོན་ལ་གཡོལ་ཕྱིར་ཡིན་པ་དང་ལམ་བར་གྱི་དཀའ་སྡུག་དག་ཀྱང་ལོས་མཁྱེན་གི་ལོས་མཁྱེན་ཡིན་མོད། ཡིན་ཡང་མ་ཡུམ་གྱིས་ཡོད་ཚད་ཀྱི་ཡོད་ཚད་མ་ཤེས་ཁུལ་དང་མ་རིག་ཁུལ་དང་མ་གོ་ཁུལ་གྱིས་མིག་ཀོང་ལ་མཆི་མ་འཁྱིལ་ཏེ་སེམས་པ་ལ་མུན་པ་འཐིབས་ན་ཡང་མ་ཁར་སོ་བཅངས་སྒོས་ཨུ་ཚུགས་ཀྱིས་བཟོད་སྲན་བྱས་སོང་། ངས་དེ་ནི་ཏག་ཏག་རླབས་ཆེན་གྱི་དྲིན་ཆེན་མ་ཡུམ་དག་ལ་མ་གཏོགས་ཡོད་མི་སྲིད་པའི་ཡངས་བའི་བློ་ཁོག་ཅིག་དང་བརྩེ་བའི་བྱེད་ཐབས་ཤིག་ཅི་ལ་མིན་ཨང་བསམ་བཞིན་ཡོད།
        འབྲོག་མོ་ཆུང་ཆུང་འདིས་འདི་ལྟར་ཡ་ང་བའི་དངོས་ཡོད་ལ་གདོང་གཏད་དེ་མུན་ནག་ཁྲོད་འཚོ་བའི་མི་རིགས་ལ་ཡིད་ཆད་དེ་འཇིགས་ཡེར་ལ་ཡིད་སྐྱོ་ཞིང་ཞེ་མེར་ལ་ཡིད་མུག་པའི་སྲོལ་རྒྱུན་དང་བཙན་དབང་གཉེན་སྒྲིག་གི་འཆིང་ཐག་རྙིང་བ་དེ་ལས་བཅིངས་གྲོལ་ཐོབ་པའི་ཆེད་དུ་སེམས་པ་སྐྱོ་གདུང་གིས་མནར། ངོ་གདོང་མིག་ཆུ་ཡིས་བརླན། ཕ་ཡུལ་རྒྱབ་ལོགས་སུ་བསྐྱུར། ཉིན་མཚན་དབྱེ་མེད་དུ་བྲོས། ཡུམ་གྱི་བརྩེ་དྲོད་དེ་དྲན། ཁ་ཟས་སྡོང་ལོ་སོགས་བྱས། རྐང་གཉིས་ཁྲག་དམར་གྱིས་བརྫིས་ནས་རང་ཉིད་ཁོ་ནར་དབང་བའི་བྲོས་བྱོལ་གྱི་ལམ་དུ་ཞུགས་ཚུལ་ལ་མི་མགོ་གསོན་པོ་ལྡན་ཞིང་མི་དྲི་རྣལ་མ་བྲོ་བ་དག་གིས་བལྟས་ན་དངོས་གནས་བལྟ་མི་བཟོད་པ་ཞིག་དང་ཀུན་ནས་བསམ་མི་བཏུབ་པ་ཞིག་རེད་འདུག p1428855925.jpgའདི་ལྟ་འདི་ལྟར། རི་རབ་དང་གཙང་བོ། ཐང་ཆེན་དང་ལ་ཆེན། རླུང་ཆེན་དང་བུ་ཡུག འཇིགས་སྐྲག་དང་བཀྲེས་ལྟོགས། མུ་མེད་ཀྱི་བྱེ་ཐང་དང་མི་ངན་གྱི་འཕྱ་སྨོད། སྒེར་སེམས་ཆེ་བའི་སྐྱེས་པ་ཁྲེལ་མེད་ཅིག་གི་བཙན་གཡེམ་སོགས་ཀྱི་ཉེན་ཁ་གང་མང་ཞིག་བཟློགས་ཏེ་ཉིན་ཞག་གྲངས་མེད་ལ་བྲོས་བྱོལ་གྱིས་བརྒྱུད་མཐར་མའོ་ཅ་ཏའེ་ཧྲ༼摩加迪沙༽ཡི་མ་ཡུམ་གྱི་གཉེན་ཉེ་ཞིག་གི་ཁྱིམ་དུ་འབྱོར་བ་དང་། དེའི་ཁྲོད་ནས་བུ་མོ་ཆུང་ཆུང་ཧྭ་རའེ་སིས་ཉིན་ཞག་གང་མང་ལ་ཟ་མ་མ་ཟོས་པས་མིག་ཟུང་གི་འོད་དང་ངོ་གདོང་གི་མདངས། ད་དུང་ཟ་མ་ཟ་སྟངས་སོགས་ལས་ཀྱང་བཀྲེས་ལྟོགས་ཀྱི་དཀའ་ཁག་ཅི་འདྲ་མྱངས་ཡོད་པ་སོགས་རྗེས་དཔག་གི་རིག་པས་གསལ་བོར་ཤེས་ཐུབ་ལ། གཉེན་ཉེ་དེའི་རོགས་འདེགས་ཀྱི་འོག་ནས་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་བགྲོད་ཐུབ་པ་བྱུང་ཞིང་། ལོན་ཏོན་ནས་སོ་མ་ལིས་ཡ་ནས་འོངས་པའི་འབྲོག་མོ་ཆུང་ཆུང་ཧྭ་རའེ་སི་ནི་བདག་པོ་མེད་པའི་ཁྱི་ཕྲུག་བཞིན་འཁྱམས་ཉུལ་བྱས་ཤིང་ཕ་མ་མེད་དྭ་ཕྲུག་བཞིན་ཁེར་འགྲོ་ལ་མི་བསྟེན་རང་བསྟེན་དུ་གྱུར་ནས་གད་སྙིགས་ཀྱི་ཁྲོད་ནས་གཞན་གྱི་ཟས་འཕྲོ་དང་འཐུང་འཕྲོ་བཏུས་ནས་འུ་ཐུག་ཐབས་ཟད་ཀྱི་ངང་ནས་ལོ་ངོ་དྲུག་ཙམ་གྱི་འཚོ་བ་འཕྱ་སྨོད་དང་ཨུ་ཚུགས། ཟུར་ཟ་དང་ཉར་བཀག བཀྲེས་ལྟོགས་དང་བག་ཡངས་ཀྱིས་བསྐྱལ་བ་རེད། འུ་ཚོ་ལ་མཚོན་ན་གཉེན་ཉེ་དང་གྲོགས་པོ་མེད་ས་ནས་ཕྱི་ཡི་རྒྱལ་ཁབ་ཞིག་ཏུ་ལོ་ངོ་དྲུག་ལ་འཚོ་བ་རོལ་རྒྱུ་ཕར་ཞོགས། ཐ་ན་ནང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་ཀྱང་གཉེན་ཉེ་དང་གྲོགས་པོ་མེད་པར་ཟླ་བ་དྲུག་ལའང་འདུག་རྒྱུ་དཀའ་ཚོད་དུ་གདའ།
             དེ་ལྟར་མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ཅིང་འགྲོ་འོང་ལ་བྲེད་ཤ་དོད་པོ་ཡོད་པའི་དབྱིན་ཇིའི་གྲོང་ཁྱེར་ནས་མཚན་མོར་ཉལ་ས་མེད་པ་དང་ཉིན་མོར་འདུག་ས་མེད་པའི་སྡུག་བསྔལ། གྲོགས་མེད་ཁེར་རྐྱང་གི་སྡུག་བསྔལ་དང་གཉེན་ཉེ་རྒྱུན་དྲན་གྱི་མིག་ཆུ། ད་དུང་འགྲོ་ལུགས་དང་འདུག་སྟངས་མི་ཤེས་པའི་སྡུག་བསྔལ། སྐད་ཆ་དང་འབྲེལ་འདྲིས་ཁྲོད་ཀྱི་དཀའ་ཁག སྐྱབས་བཅོལ་ཡིག་ཆའི་ཐད་ཀྱི་བཀག་རྒྱ་སོགས་རིམ་བཞིན་བརྒྱུད་པ་དང་། ཡང་གླུ་གར་ཁང་ཞིག་ནས་གཞུང་དྲང་དང་ཉམས་ཆུང་། ཁྲེལ་ཡོད་དང་བག་ཡོད། བྱམས་ལྡན་དང་ཚུལ་ལྡན། མ་གཞི་ནས་ལྷན་སྐྱེས་ཀྱི་མཛེས་བས་ཀུན་ནས་ཕྱུག་པའི་ཁོ་མོར་དགའ་བའི་སྙིང་གཏམ་གྱི་ལེགས་སྐྱེལ་ཕུལ་ཞིང་དུང་བའི་ཟུར་མིག་གི་མདའ་མོ་འཕེན་མྱོང་བའི་ཨ་རིའི་མི་ནག་ཧྭ་རའོ་ཏི༼哈罗德༽ལ་ཕོ་མོའི་འབྲེལ་ལམ་གྱི་ཐོག་ནས་རང་ཉིད་སྐྱེས་པ་ཚོར་འབྲེལ་ལམ་བྱུང་སྐབས་ཞེད་སྣང་སྨྲ་མི་ཤེས་པ་དང་སྐྲག་སྣང་ཡ་མཚར་བ་སྐྱེས་པ། ཡང་ཧྭ་རའེ་སིས་འཚོ་བའི་ཐོག་ནས་དཀའ་སྡུག་གང་མང་མྱོང་སྐབས་དབྱིན་ཇིའི་བུད་མེད་མ་ལའེ་ལེན༼玛丽莲༽གྱིས་གནས་ཚང་གཡར་བ་དང་ཁོ་མོ་གཉིས་ཀྱིས་ཕན་ཚུན་ལ་མི་སེམས་འགུལ་བའི་ཁ་བརྡ་གློད་ཅིང་ཧྭ་རའེ་སིས་མཚོན་པའི་སོ་མ་ལིས་ཡའི་གླིང་གི་བུད་མེད་ཀྱི་མཚན་མ་དང་མ་ལའེ་ལེན་གྱིས་མཚོན་པའི་ནུབ་གླིང་བུད་མེད་སྤྱིའི་མཚན་མ་གཉིས་དངོས་ཐོག་བདེན་ཐོག་དང་ཁ་ཐོག་མིག་ཐོག་གིས་རྩ་བའི་རྩ་བ་ནས་མི་འདྲ་བ་ཤེས་རྟོགས་བྱུང་རྗེས་སེམས་སྡུག་ནས་ངུ་ཤོར་བ། ཞེད་སྣང་ནས་ཡིད་ཆད་པ། སེམས་པ་ཀློང་ཀློང་བོར་དང་ལུས་པོར་འཁྱག་སིབ་སིབ་ཏུ་གྱུར་ཏེ་གནའ་ནས་བརྒྱུད་པའི་མི་རིགས་ཀྱི་སྲོལ་རྒྱུན་ནག་པོ་དེའི་འོག་ནས་སོ་མ་ལིས་ཡའི་བུད་མེད་ཚང་མ་བྱིས་པའི་དུས་ནས་ལྷ་ཆོས་དང་མི་ཆོས། ཚན་རིག་གི་ལྟ་བ་དང་ཀུན་སྤྱོད་ཀྱི་རྩ་དོན་དང་ཡོངས་སུ་འགལ་བའི་མཚན་མ་དམར་བཙེམས་ཀྱི་དམར་ལས་མནར་གཅོད་ལས་ཚ་སྡུག་ན་གཟེར་གསུམ་སོགས་སྡུག་བསྔལ་གང་མང་མྱངས་དགོས་པ་དང་། མཚན་མ་དམར་བཙེམས་ཀྱི་དམར་ལས་ཁྲོད་ནས་དེང་རབས་སྨན་གཞུང་གི་ལས་སྲོལ་དང་ཀུན་ནས་མི་མཐུན་ལ་རྨ་ཁ་གཟེར་འཇོམས་ཀྱི་སྨན་རྫས་དང་ལུས་པོ་སྦྲིད་འགྱུར་གྱི་སྦྲིད་སྨན་སོགས་ཀྱང་རྩ་བ་ནས་བསྐུ་རྒྱུ་མེད་པས་མཚན་མའི་རྨ་ཁ་ལས་ཟུག་གཟེར་ཆེན་པོ་དྲག་ཏུ་ལངས་བ་དང་རྣག་ཁྲག་མང་པོ་རྫོགས་མེད་དུ་བཞུར་པ་སོགས་ཀྱི་རྐྱེན་པས་རྐྱེན་ལམ་དུ་ཤོར་བའི་བུད་མེད་ཀྱང་བགྲང་གིས་མི་ལངས་བ་ཞིག་ཡོད། དེ་ལྟར། མཚན་མ་དམར་བཙེམས་བྱས་རྗེས་ཀྱི་དཀའ་སྡུག་མང་པོ་མྱངས་མྱངས་མཐར་གྱི་གཉེན་སྒྲིག་གི་དགོང་མོ་ཡང་རང་གི་ཁྱོ་གས་གཞི་ནས་དམར་བཙེམས་བྱས་ཟིན་པའི་མཚན་མའི་ཁ་དེ་ཡང་བསྐྱར་དམར་ཕྱེས་བྱེད་དགོས་པའི་དམར་ལས་ཤིག་ཡང་བསྐྱར་བརྒྱུད་དགོས་པ་དང་དམར་ལས་དེའི་ཁྲོད་ནས་ཧྭ་རའེ་སི་རང་ཉིད་ཀྱི་ཨ་ཅེ་དང་ནུ་མོ་ཚོའང་མཚན་མ་དམར་བཙེམས་ཀྱི་དམར་ལས་ཁྲོད་རྣག་ཁྲག་བཞུར་དྲགས་པ་དང་རྨ་ཁ་ན་དྲགས་པས་ལྔ་ལམ་དུ་བུད་སོང་བ་ལྟ་བུ་རེད། ཧྭ་རའེ་སིས་སོ་མ་ལིས་ཡའི་བུད་མེད་མང་པོ་མང་པོ་ཞིག་ནད་རིགས་བཞི་བརྒྱ་རྩ་བཞི་མ་ཡིན་པའི་མཚན་མ་དམར་བཙེམས་ཀྱི་ཚ་སྡུག་ན་གཟེར་སོགས་ལས་དུས་མིན་འཆི་བའི་གནད་དོན་ཚབས་ཆེན་འབྱུང་གིན་པའི་དངོས་ཡོད་གནས་ཚུལ་ལ་གཞིག་ནས་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་འཁོར་བ་རེད། ད་དུང་། གློག་བརྙན་འདིའི་མགོ་བར་མཇུག་གསུམ་གང་ཡིན་ཡང་མི་སྣ་ཕན་ཚུན་གྱི་གཏམ་སྤྱོད། ཡུལ་ལྗོངས་རྒྱབ་ལྗོངས་ཀྱི་བཀོད་པ། དོན་དག་སྔ་ཕྱི་ཡི་གོ་རིམ། འདས་ཟིན་ཕྱིར་དྲན་གྱི་རྣམ་པ། སྒྲ་དབྱངས་མཐོ་དམན་དང་སྡེབ་སྟངས་སོགས་གང་ཡིན་ཡང་ཡིད་འགུལ་ཐེབས་འགྲོ་བ་ཞིག་དང་སེམས་པ་སྡུག་འགྲོ་བ་ཞིག་དང་མིག་ཆུ་བཞུར་འགྲོ་བ་ཞིག་མ་རེད་དམ། མདོར་ན། གློག་བརྙན་དེས་བལྟ་མི་ཀུན་གྱི་བྲང་གཞུང་འཁྱག་སིབ་སིབ་ཏུ་བསྒྱུར་ཅིང་། ཡང་བར་སྐབས་ཤིག་ནས་མི་སྣ་ཕན་ཚུན་ལ་རོགས་འདེགས་དང་ཡིད་ཆེས། དྲིན་གཟོ་དང་བརྩེ་བ། དགའ་བ་དང་ཞེན་པ། དུངས་བ་དང་རྒྱུས་ལོན་བྱེད་པ་སོགས་ཀྱིས་འུ་ཚོ་ལ་ངང་ངམ་ཤུགས་ཀྱིས་མིག་ཆུ་བཞུར་འོང་བ་དང་མཉམ་དུ་སླར་ཡང་ཤ་གསེང་ནས་དྲོད་ཁོལ་རྒྱས་ཤིང་རུས་གསེང་ནས་ཁྲག་དྲོན་རྒྱུ་བའི་ཚོར་བ་མངར་མོ་ཞིག་ཀྱང་སྦྱིན་འོང་། འཇིག་རྟེན་འདིར་མ་གཞི་ནས་བརྩེ་བ་དང་དགའ་བ་དང་ཞེན་པ་དང་དུངས་བ་དང་དྲན་པ་སོགས་ནི་སྟོབས་ཤུགས་ཡོད་ཚད་ཀྱི་འབྱུང་ཁུངས་དངོས་ཡིན་ལ། དེ་དག་བདོག་པས་ས་སྒང་རིལ་མོ་འདི་ལ་ད་གཟོད་གསོན་ཤུགས་ཀྱི་མྱུ་གུ་འབུས་ཤིང་རྟག་བརྟན་གྱི་མེ་ཏོག་བཞད་པ་རེད། དེ་དག་ནི་གསོན་པའི་སྒུལ་ཤུགས་དང་འཆི་བའི་ཡང་སྙིང་ཡང་ཡིན་པས་དེ་ལྟར་ཡིད་འགུལ་ཐེབས་ཤིང་གདུང་སེམས་ཤོར་བ་དེ་ནི་ཏག་ཏག་གློག་བརྙན་དེས་ང་ཚོ་ལ་བྱིན་པའི་ཟུག་གཟེར་ཡན་གར་བ་ཞིག་དང་ཡང་ན་གློ་བརྙན་དེའི་ནུས་པ་ཁུངས་ལྡན་ཞིག་ཀྱང་རེད་འདོད་དོ།། 
       p559365932.jpgདབྱིན་ཇིར་སྡོད་པའི་རིང་གི་ཉིན་ཞིག ཧྭ་རའེ་སིའི་མཚན་མའི་རྨ་ཁ་ལ་ཟུག་གཟེར་དྲག་པོ་ལངས་སྐབས་དེ་སྔོན་ཁོ་མོ་ལ་གནས་ཚང་གཡར་མྱོང་བའི་དབྱིན་ཇིའི་བུད་མེད་མ་ལའེ་ལེན་གྱི་རོགས་འདེགས་འོག་ནས་དབྱིན་ཇིའི་སྨན་ཁང་ཞིག་ཏུ་འབྱོར་བ་ན་སྲོལ་རྒྱུན་གྱི་འཆིང་ཐག་སྦོམ་པོ་དང་རྙིང་ཞེན་གྱི་ཚིལ་དྲེགས་ནག་པོ་ཆགས་པའི་སོ་མ་ལིས་ཡའི་སྨན་པ་ཨ་མའེ་ལི༼阿迈勒༽ཞེས་པ་ཞིག་གིས་བྱམས་བརྩེ་དྲང་གཞག་གི་རྩ་དོན་ཀུན་ནས་དོར་ཞིང་བརྩེ་དྲོད་འཇམ་གསུམ་གྱིས་ཕྱུག་པའི་དབྱིན་ཇིའི་མི་དཀར་སྨན་པ་ཞིག་གི་སྐད་ཆ་དེ་དབྱིན་སྐད་ཡང་དག་ཅིག་མི་གོ་བའི་ཧྭ་རའེ་སི་ལ་འགྲེལ་བརྗོད་བྱེད་སྐབས་རྨོངས་བཤད་ལོག་འགྲེལ་ཧ་ལས་བ་དང་འཁྱོག་བརྗོད་མགོ་བསྐོར་ཡ་མཚན་པ་བྱས་པ་སོགས་ནི་མཚན་ཉིད་མི་ཚང་བའི་སྨན་པ་ཨ་མའེ་ལིས་རང་གི་མིི་རིགས་ལ་ནག་ཉེས་གསག་སྟངས་ཤིག་དང་བུད་མེད་ལ་མཐོང་ཆུང་བྱེད་སྟངས་ཤིག རིག་གནས་ལ་གོ་བ་ལེན་སྟངས་ཤིག་མ་རེད་ཅེས་སུས་བརྗོད་སྤོབས་ཨང་།
       དེ་ལྟར། འབྲོག་མོ་ཧྭ་རའེ་སིས་དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་གྱི་མགྱོགས་ཟས་ཟ་ཁང་ཆུང་ཆུང་ཞིག་ཏུ་གད་སྙིགས་གཙང་སྒྲིག་གི་གླ་རྒྱག་བཞིན་པའི་སྐབས་སུ་ས་གནས་དེའི་པར་བ་གྲགས་ཅན་ཞིག་གིས་ཐོག་མར་མཐོང་ཞིང་ཁོ་མོ་ལ་རྒྱུས་ལོན་གྱི་འགོའང་ཚུགས། དེའི་རྗེས་སུ་པར་བ་གྲགས་ཅན་དེའི་པར་རྩལ་དང་རང་ཉིད་ཀྱི་མཛེས་རྩལ་གྱི་འོག་ནས་མི་རྒྱུད་ནག་པོའི་འབྲོག་མོ་ཧྭ་རའེ་སི་འདི་སྐབས་དེའི་དུས་དེབ་འདྲ་མིན་དང་ཚགས་ཤོག་སྣ་ཚོགས། གསར་འགྱུར་གསར་ལམ་ཁག་གི་གླེང་གཞིར་གཙོ་བོར་གྱུར་ཅིང་མིང་དུ་གྲགས་པའི་རྒྱལ་སྤྱིའི་སྟེང་གི་གྱོན་གོས་འཁྲབ་སྟོན་པ་གཙོ་བོའང་གྱུར་བ་རེད། ཁོ་མོའི་སྙན་གྲགས་ཀྱི་བ་དན་དེ་བསིལ་རླུང་གིས་བསྐྱོད་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་སྟེ་ཀུན་གྱིས་གདེང་འཇོག་གི་ཚད་མཐོན་པོ་གནངས། འདི་ལྟར་མཇུག་མཐར་གསར་ལམ་ཁག་ཆེ་གྲས་ཤིག་གི་གདན་ཞུའི་སྟེང་ཁོ་མོས་རང་ཉིད་ཀྱི་སེམས་ཁོང་དུ་ཡུན་རིང་ཉར་བའི་ན་ཟུག་གི་སྐད་ཆ་སྟེ། རང་ཉིད་ཀྱི་མི་ཚེ་ལ་འགྱུར་ལྡོག་བྱུང་འགོ་ཚུགས་པའི་རྒྱུ་མཚན་དང་སོ་མ་ལིས་ཡའི་བུད་མེད་ཚང་མར་ཆུང་དུས་ནས་མཚན་མ་དམར་བཙེམས་ཀྱི་དམར་ལས་ཡ་ང་བ་བྱེད་དགོས་པ་དང་། ཡོངས་ཁྱབ་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་གཙང་མ་མེད་པ་སོགས་ལ་དགག་རྒྱག་དང་སུན་འབྱིན་བྱས་ཤིང་འཐོབ་འོས་བའི་རིན་ཐང་དང་ཐོབ་ཐང་དེ་དག་ངེས་པར་དུ་འཐོབ་དགོས་པར་སྡུག་བསྔལ་དང་མིག་ཆུ། ན་ཟུག་དང་རེ་སྨོན། སྐྱོ་གདུང་དང་ངུ་སྔངས་དང་བཅས་ཏེ་སྐད་འབོད་དང་འབོད་སྐུལ་བཏང་བ་ན་གསར་ལམ་ཁག་དེའི་བཅར་འདྲི་བྱེད་མཁན་གྱི་བུད་མེད་དར་མ་དེའང་ཡུན་རིང་ལ་ཧད་དེ་ཡུན་རིང་ལ་སྔངས་ཤིང་ཡུན་རིང་ལ་ངུས།
        དེའི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཐོག་ནས་ཧྭ་རའེ་སིས་སོ་མ་ལིས་ཡའི་བུད་མེད་ཚོའི་མཚན་མ་དམར་བཙེམས་ཀྱི་དམར་ལས་ཡ་ང་བ་བྱེད་པའི་དོན་དངོས་གནས་ཚུལ་འདི་སྒྲོ་བཏགས་དང་སྐུར་འདེབས་མེད་པར་རྒྱལ་སྤྱི་དང་རྒྱལ་སྤྱི་མ་ཡིན་པའི་གསར་ལམ་ཁག་ཏུ་བརྒྱུད་སྒྲོག་གནང་བ་ན་རྒྱལ་སྤྱི་དང་རྒྱལ་སྤྱི་མ་ཡིན་པའི་གསར་འགོད་པ་དག་ཀྱང་ཧད་དེ་ལུས། འབྲོག་མོ་ཧྭ་རའེ་སི་ནི་འཛམ་གླིང་སྟེང་གི་ཆེས་ཐོག་མར་བུད་མེད་ཀྱི་མཚན་མ་དམར་བཙེམས་བྱེད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མི་ཨང་དང་པོར་གྱུར་བ་དང་། ༡༩༩༧ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་པ་ཨན་ནན༼安南༽གྱིས་ཁོ་མོ་ལ་ཆེད་དམིགས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་སྐོར་ཀྱི་འོས་འགན་སྤྲད་ཅིང་མཚན་མ་དམར་བཙེམས་ལྟ་བུའི་དམར་ལས་ཀྱི་དོན་བྱ་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་མཐའ་སྐྲོད་གཏང་དགོས་པའི་དབང་ཆའང་གནང་བ་རེད། གློག་བརྙན་འདིས་འཛམ་གླིང་གི་བུད་མེད་དུང་ཕྱུར་བཅུ་ཕྲག་ཡན་ལ་ཤུགས་རྐྱེན་དང་གྲགས་འགུལ་མི་ཉུང་བ་བཟོས་ཡོད་ལ་དུས་དེ་ནས་བཟུང་རྒྱལ་ཁབ་མང་པོ་ཞིག་གིས་མཚན་མ་དམར་བཙེམས་ཀྱི་དམར་ལས་འདི་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ན་ཡང་ད་དུང་ཡང་ཉིན་རེར་བྱིས་པ་སྟོང་ཚོ་དྲུག་རེ་མཚན་མ་དམར་བཙེམས་ཀྱི་དམར་ལས་ཉེན་ཁ་འདི་བརྒྱུད་ཀྱིན་འདུག་གོ།
མདོར་ན། ཁ་ནས་བཤད་པ་བརྒྱ་ལས་མིག་གིས་མཐོང་བ་གཅིག་ལྷག་ཅིང་། དེ་བས་ཀླད་པ་བརྗེད་ཆུས་བཀྲུ་ཞིང་རིག་གནས་དང་རིག་ཞེན་གྱི་དྲན་པ་གཏོར་བའི་ཙི་ནའི་གློག་བརྙན་དག་ལ་བལྟ་བ་ལས་འདི་འདྲའི་གློག་བརྙན་ལ་ཚར་གཅིག་བལྟས་བས་ཀྱང་ཕན་ཆ་མི་ཉུང་བ་རེ་སྦྱིན་འོང་། སྐུ་ཞབས་ལུའུ་ཞུན་མཆོག་གིས་ཀྱང་། རབ་དང་མཆོག་ཡིན་ན་ཙི་ནའི་དཔེ་ཆ་ལ་ཉུང་བལྟ་བྱེད་རྒྱུའམ་ཡང་ན་གཏན་ནས་མ་བལྟས་ཀྱང་ཆོག་གོ་ཅེས་གསུངས་ཡོད་པ་རེད་ལ། ཁོ་བོ་ལྟར་ནའང་ཙི་ནའི་གློག་བརྙན་ལ་ཉུང་བལྟའམ་གཏན་ནས་མི་བལྟ་བར་བྱའོ་སྙམ། གཞན། རྩོམ་ཡིག་འདིའི་ཁྲོད་དུ་ས་མིང་དང་མི་མིང་གོ་ནོར་དུ་སོང་བ་དང་ལོག་འགྲེལ་བྱུང་བ་དང་བསྒྱུར་ཉེས་སུ་སོང་བ་མང་བོ་ཞིག་ཅི་བས་ཡོད་ངེས་ན། ཤེས་ནས་སྨྲ་བ་དག་གིས་མཛུབ་མོས་རི་སྟོན་བྱེད་རྒྱུར་རེ་བས་སྒུག་ནས་ཡོད། དེ་བས་ངའི་རྩོམ་ཡིག་འདི་ཀློག་མྱོང་མཁན་དག་གིས་ཅིས་ཀྱང་མ་བལྟས་ཚད་མེད་དང་བལྟས་རྗེས་འགྱོད་མེད་ཀྱི་གློག་བརྙན་འདི་ལ་ཐེངས་གཅིག་གཟིགས་དགོས་པའི་རེ་བ་སེམས་ནས་ཞུའོ།།
2012/6/25ཉིན་གྱི་མཚན་མོར་ཕ་ཡུལ་ནས།

p1428855651_副本.jpg
༼གནའ་དེང་རྩོམ་རིག་གི་ཕྲ་ཕུང་ཕྱུག་ཅིང་ཕྱི་ནང་རྩོམ་རིག་གི་བརྡ་རྟགས་མངའ་བའི་རྩོམ་སྒྲིག་པ་དག་ལ་ཆེད་ཞུ། ང་ནི་ང་དང་ཁྱོད་ནི་ཁྱོད་ཡིན་པས་རྩོམ་པ་པོའི་བསམ་བློ་ལ་གཤག་བཅོས་དང་རྩོམ་ཡིག་གི་ཚིག་སྦྱོར་ལ་བསྒྱུར་བཅོས་ཏིལ་ཙམ་ཡང་གཏང་མི་ཆོག་པ་ཐུགས་འཇགས་འཚལ༽

དཔྱད་མཆན་ཡོད།