མྱ་ངམ་ཐང་གི་ལག་དམར་ཁེར་བགྲོད།

  ____གློག་བརྙན་ལག་དམར་ལ་བལྟས་རྗེས་ཀྱི་མྱོང་ཚོར་རགས་བཤད།
                                                                      ཡོན་ཏན།

  འདི་ལ་ལས་དབང་ཟེར་རམ་ཡང་ན་སྟེས་དབང་ཟེར། དེ་ནི་མི་རྣམས་འཕྲད་བཞིན་པའི་དཀའ་ལས་ཆེ་ཤོས་ཤིག་ཨེ་ཡིན་སྙམ། གློག་བརྙན་ནང་གི་སྦྱིན་པ་གཉིས་ཀྱང་སོ་སོའི་ས་རུ་ལས་ཀ་དང་ཞེ་འཁོན་ཡོད་ལ་དཀའ་སྡུག་དང་སྙིང་རུས་ཀྱི་ནང་དུ་འཚོ་བཞིན་ཡོད་ནའང་། ལས་དབང་ཟེར་རམ་སྟེང་དབང་ཞིག་གིས་ཁོང་གཉིས་གློ་བུར་འཕྲད་ཐེངས་དེས་དཀའ་ངལ་ལྷག་མ་ཞིག་སྤྲད། དེ་ནི་མི་ཞིག་ལ་མཚོན་ན་དཀའ་ངལ་ལྷག་མ་ཞིག་ཁ་སྣོན་བྱས་པ་རེད་ཨང་། འོན་ཀྱང་ཤེས་རབ་ལྡན་པའི་མི་ཞིག་ལ་མཚོན་ན་དཀའ་ངལ་འོག་ནས་ཐར་བའི་ལམ་སྣེར་སྐྱོད་རྒྱུ་ནི་བླ་ན་མེད་པའི་ཤེས་རབ་ཀྱི་བསྟི་གནས་ཆེན་པོ་ཞིག་ཡིན་ཙང་། གློག་བརྙན་«ལག་དམར»གྱིས་ང་ཅག་འགྲོ་བ་མི་ལ་ཁྲག་དྲི་བྲོ་བའི་གཡུལ་ས་ནས་ཐར་བའི་ལམ་སྣེར་སྐྱོད་པའི་ཤེས་རབ་ཀྱི་བྱིན་རླབས་ཆེན་པོ་ཞིག་བསྩལ་བའི་རང་སྣང་སྔོན་དུ་སོང་བ་ཡིན། «ང་ཡི་ཉི་མ» ཨི་ཐ་ལིའི་གླུ་གཞས་གྲགས་ཅན་དེ་རླུང་བུ་སིད་སིད་ཁྲོད་གྲགས་འོང་དུས། གློག་བརྙན་པར་སྒོ་ལས་སྨུག་ལང་ལོང་འཐིབ་པའི་བྱང་ཐང་གི་ལམ་གྱི་ཁུག་པ་རིང་མོ་ཞིག་རྒྱང་རིང་གི་གནམ་སའི་འཚམས་སུ་ཤར་འཐེན་བྱས་འདུག་པ་དེ་མཐོང་འོང་ལ། འགུལ་སྐྱོད་བརྙན་མིག་དང་གཏན་འཇགས་བརྙན་མིག་བསྣོལ་རེས་བྱས་པའི་པར་མིག་ནང་གི་ཟོང་སྐྱེལ་རླངས་འཁོར་དེ་རྒྱང་ནས་རྒྱང་དུ་སྐྱོད་བཞིན་པ་དེས་ཁྱེད་རང་མྱ་ངམ་ཐང་ཆེན་པོའི་འགྲུལ་བཞུད་པ་ཞིག་དང་རབ་ཏུ་ཁེར་ཧྲེང་ཡིན་པའི་རེ་དོགས་ཤིག་གིས་སེམས་རྩ་བཀང་འོང་བར་ངེས། འཚམས་དེར་མིག་ཤེལ་ནག་པོ་ཞིག་གྱོན་པའི་ཟོང་སྐྱེལ་ཁ་ལོ་པ་སྦྱིན་པས་རླངས་འཁོར་ཁ་ལོ་བགག་སྟེ་ས་སྟོང་ལུང་སྟོང་གི་ལམ་ཁ་ནས་གཅིན་པ་ཞིག་ཤེད་ཀྱིས་བཏང་བ་དེས་ཀྱང་ཁྱེད་རང་རབ་ཏུ་ཁེར་ཧྲེང་གི་མི་ཞིག་ལ་འཕྲད་པའི་སྣང་བ་འཕར་མ་ཞིག་སྟེར་ངེས་ཡིན། འོན་ཀྱང། དེའི་རྗེས་ཁོས་ལམ་བར་ནས་རླངས་འཁོར་གྱིས་ལུག་གཅིག་སྔ་ལམ་དུ་བརྫངས་བ་དེས་ཁོ་རང་བསམ་ཡུལ་ལས་འདས་པའི་འགྱོད་གདུང་དྲག་པོ་ཞིག་གིས་ཡོངས་སུ་བཅིངས་འོང་བ་དང་། དེ་དང་བསྟུན་མར་ཁོ་དང་མིང་གཅིག་ཅིང་དགྲ་ཤ་ལེན་པར་བགྲོད་བཞིན་པའི་སྦྱིན་པ་གཞན་ཞིག་ལ་འཕྲད་འགྲོ་བ་འདི་ནི་དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་གི་འགོ་བཟུང་བ་ཡིན་ནོ་སྙམ། རེད། གཤིས་ཀ་གྱོང་པོ་དང་སྨྲ་བ་ཐམས་ཅད་ཀྱི་ནང་རྩུབ་དྲེག་འདྲེས་པའི་ཟོང་སྐྱེལ་ཁ་ལོ་པ་སྦྱིན་པ་དང་། སྨྲ་བ་ཉུང་ཤིང་རང་གཤིས་རྙི་མོར་སྣང་བའི་ལོ་ངོ་བཅུ་ལྷག་ལ་ཕ་གསོད་ཀྱི་ལག་དམར་འཚོལ་བཞིན་མཁན་གྱི་ཁམས་པ་སྦྱིན་པ་ཁོང་གཉིས་ཟོང་སྐྱེལ་འཁོར་ལོའི་ནང་དུ་སྐྱོད་བཞིན་པའི་ཁ་བརྡ་རེ་རེས་སོ་སོའི་སེམས་ཀྱི་གཏིང་རུམ་ཞིག་ལ་སྐད་ཆས་མཚོན་པར་དཀའ་བའི་དཀའ་ངལ་དང་བརྩེ་གདུང་གི་གཏམ་རྒྱུད་རེ་རེ་སྦས་ཡོད་པ་རྟོགས་པར་བྱེད། ང་ཡི་ཉི་མ། མཛེས་སྡུག་ཡིད་དུ་འོང་བའི་ཉི་མ། ཆར་རླུང་གཡོལ་རྗེས་ཀྱི་ནམ་མཁའ་དྭངས་མོ། གཙང་ཞིང་གསལ་པའི་མཁའ་དབུགས། མི་རྣམས་ལ་མཛེས་སྡུག་དང་སྟོབས་ཤུགས་བསྩལ་འོང་་་་ ཨི་ཐ་ལིའི་གླུ་གཞས་གྲགས་ཅན་ང་ཡི་ཉི་མ་ལ་ལ་མཉན་རྒྱུར་དགའ་བའི་ཟོང་སྐྱེལ་ཁ་ལོ་པ་སྦྱིན་པས་ཁོའི་རང་གི་འདས་པོར་ཆགས་པའི་བུ་མོ་ཆུང་ཆུང་གི་ཚབ་ཏུ་གླུ་གཞས་དེ་ཡང་ཡང་གཏོང་བར་བྱེད་ལ། དེ་ནི་ཁོའི་ལམ་བར་གྱི་སྐྱིད་རོགས་སྡུག་རོགས་ཡིན་པར་ཁེས་མཆིས་ཆོག་ན། གླུ་གཞས་དེ་ཡིས་དགྲ་ཤ་ལེན་པར་ཆས་བཞིན་པའི་ཁམས་པ་སྦྱིན་པའི་ནང་སེམས་ཀྱི་སྐྱོ་གདུང་གང་ཞིག་གསེད་དཀྲོལ་བྱེད་ཀྱིན་ཡོད་པར་ཡང་ཁེས་མཆིས་ཆོག དེ་ལྟར་ ཁོང་གཉིས་ཀྱི་སོ་སོའི་ནང་སེམས་ཀྱི་བརྩེ་གདུང་གི་དཀའ་སྡུག་ཡོད་ཚད་ངོ་གདོང་གི་ཕྱེད་ཀ་རེ་རེའི་ཁྲོད་དུ་བཏུམ་ཞིང་འགུལ་སྐྱོད་བརྙན་མིག་གི་པར་སྒོ་ལས་ཉེ་བརྙན་གྱིས་ང་ཅག་གི་མདུན་ནས་མདུན་དུ་གཅར་འོང་དུས། གློག་བརྙན་ནང་གི་སྦྱིན་པ་ཁོང་གཉིས་ཀྱི་བར་ལ་འབྲེལ་བ་ག་རེ་ཞིག་ཡོད་དམ། ཡང་ན་གློག་བརྙན་ནང་གི་སྦྱིན་པ་གཉིས་དང་ང་ཅག་གི་བར་ལ་འབྲེལ་བ་ག་རེ་ཞིག་ཡོད་དམ། དེ་ནི་ཟོང་སྐྱེལ་ཁ་ལོ་པ་སྦྱིན་པས་ལམ་བར་ནས་ལུག་གཅིག་སྔ་ལམ་དུ་བརྫངས་པ་དང་། དགྲ་ཤ་ལེན་པར་ཆས་བཞིན་པའི་སྦྱིན་པ་གཉིས་ཀྱི་ལས་དབང་གཅིག་པ་ནས་ང་ཅག་གཟིགས་མོ་པ་རེ་རེའི་འདས་སོང་གི་ལས་དབང་ཞིག་ལའང་འབྲེལ་ཆགས་འདུག་པའི་ལམ་གྱི་བཞི་མདོ་ཞིག་མངོན་འོང་བ་དེ་རེད་ཨང་། ཁྱེད་རང་སྲོལ་རྒྱུན་ལ་དགའམ། ཡང་ན་སྲོལ་རྒྱུན་གང་ཞིག་རྒྱུད་འཛིན་བྱེད་རྒྱུར་དགའམ། དགྲ་ཤ་ལེན་རྒྱུ་དེའང་མཐར་གཏུགས་ན་ཁམས་པ་སྦྱིན་པ་ཁོས་སྲོལ་རྒྱུན་ཞིག་འདེད་ཀྱིན་ཡོད་པ་ལས་ཕ་གསོད་ཀྱི་ལག་དམར་སྟེང་གི་ཞེ་འཁོན་དེ་དོན་དུ་དོན་དམ་བདེན་པ་ཞིག་གམ་ཡང་ན་ཀུན་རྫོབ་བདེན་པ་ཞིག་གི་ནང་དུ་ཡོད་པ་ཁོ་རང་ཉིད་ཀྱིས་ཀྱང་ཕལ་ཆེར་རྟོགས་ཀྱིན་མེད་ཚོད་ཨེ་ཡིན་སྙམ་འོང་། དེ་ནི་ང་ཅག་འགྲོ་བ་མི་རྣམས་ནི་དོན་དམ་དཔྱོད་པའི་རིག་ཤེས་ཀྱི་ལམ་པ་སྙེག་ཐུབ་ཀྱིན་མེད་པར། རྟོག་པས་བཏགས་ཙམ་གྱི་འཁྲུལ་ཤེས་ཀྱི་བློ་ཚད་མར་གཞལ་ཏེ་བགྲོད་ཀྱིན་པའང་ཤེས་རབ་ལྡན་པའི་སྐྱེས་བུ་ཆེན་པོ་དག་གིས་ང་ཅག་ལ་ལམ་ཁ་འབྱེད་ཀྱིན་ཡོད་པ་དེ་ལྟའོ་སྙམ། གྲོང་སྡེའི་ནང་གི་ཟ་ཁང་ཁྲོད་ཀྱི་སྦྱིན་བདག་མའི་སྒེག་ཉམས་ཀྱི་སྟངས་སྟབས་དང་ཧ་ཅང་སྣང་བ་རང་ཡན་པའི་མགྲོན་པོ་རྒས་འཁོག་ཚོའི་དགོད་སྒྲའི་ཁྲོད་ཀྱི་མཁའ་དབུགས་དེས། ཟོང་སྐྱེལ་ཁ་ལོ་པ་སྦྱིན་པའི་སེམས་ཁམས་ཡོངས་སུ་དཀྲུགས་པར་བྱེད་ལ། ཁོ་དང་ལས་དབང་གཅིག་གམ་ཡང་ན་ཁོའི་སྔོན་སོང་གི་གྲིབ་གཟུགས་ཁྲོད་ཡུབ་པའི་དགྲ་ཤ་ལེན་མཁན་གྱི་སྦྱིན་པ་ཁོང་གཉིས་ཀྱི་རྣམ་ཤེས་ཀྱི་བསྣོལ་རེས་བྱེད་བཞིན་པའི་པར་སྒོ་རེ་རེས། ཏག་ཏག་ཁྱེད་རང་གནས་མི་འདྲ་བ་རེ་རེར་འཁྲིད་འགྲོ་བ་ཡིན། དགྲ་ཤ་ལེན་མཁན་གྱིས་ཁོས་རང་གི་ཕ་གསོད་ཀྱི་ལག་དམར་དངོས་སུ་རྙེད་ནའང་། མི་ལོ་ཉི་ཤུའི་ཡར་སྔོན་གྱི་ཕ་གསོད་མཁན་དེ་ད་ལྟ་རྒས་འཁོག་ཏུ་གྱུར་པའི་དགེ་སྒྲུབ་ཁོ་ནར་གཞོལ་བཞིན་པའི་ལག་དམར་གྱི་ཉམས་ང་བའི་ངོ་གདོང་དེ་མཐོང་བས། ཁོའི་ནངས་སེམས་ཀྱི་བརྩེ་བ་ཆེན་པོས་རང་གི་འཛད་དུ་མེད་པའི་མིག་ཆུ་ཆོར་བ་གང་རེ་གང་རེས་དགྲ་ཤ་ལེན་རེས་ཀྱི་འཛད་དུ་མེད་པའི་ཕྲེང་བའི་འཁོར་ལོ་དེའི་རྒྱུན་ཐག་བཅད་པར་གྱུར། དེས་ང་ཅག་ལ་བསམ་གཞིགས་ག་རེ་ཞིག་གནང་སོང་བ་ཡིན་ལགས། དེ་ནི་ངས་བསམ་ན་གློག་བརྙན་«ལག་དམར་»གྱིས་ང་ཅག་ལ་གནང་བའི་ཤེས་རབ་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཨེ་ཡིན་སྙམ། སྤྱིར་གློག་བརྙན་«ལག་དམར་»གྱི་མཚོན་ཐབས་དང་བརྙན་མིག་གི་སྤུས་ཚད་རེ་རེའི་ཁྲོད་ནས་ལབ་འདོད་ཀྱི་སེམས་པ་དྲག་ཏུ་མཆིས་མོད། ཉིན་འདིར་གློག་བརྙན་ལག་དམར་རྒྱལ་ཡོངས་སུ་དངོས་སུ་གཟིགས་འགྲེམས་བྱས་པ་བརྒྱུད། རྒན་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་གཟིགས་འགྲེམས་རྗེས་ཡུལ་དངོས་བགྲོ་གླེང་གནང་བ་སོགས་ཀྱི་སྐལ་བ་དང་འབྲེལ། ད་ལྟ་ཡིག་ལྡོག་འདི་དག་འབྲི་བཞིན་པའི་ཆང་ཁང་དམར་ལྡིང་མའི་ཁྲོད་ཀྱི་འུར་ཟིང་སོགས་ཀྱི་འོག བརྗོད་འདོད་ཀྱི་བྱེ་བྲག་རྣམས་ཞིབ་པར་ལབ་མ་ཐུབ་པར་སེམས་ཚོར་རགས་པ་འདི་རྒྱ་ནག་ཁྲི་འདུ་ཡི་ཆང་ཁང་དམར་ལྡིང་མ་JABARནང་དུ་ཤར་མར་བྲིས་སོ།།

དཔྱད་མཆན་ཡོད།