གློག་བརྙན«ང་ཡི་ཆང་གསོལ་རོགས»ལ་བལྟས་རྗེས་སུ་འབྲི་འདོད་པ་དག

གློག་བརྙན«ང་ཡི་ཆང་གསོལ་རོགས»ལ་བལྟས་རྗེས་སུ་འབྲི་འདོད་པ་དག
                                                                                                 ཁེར་བུ།

  སྟོང་ལོ་གསར་བའི་རྗེས་སུ། པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ་གཉིས་གཙོ་བྱས་པའི་འཇོན་མི་སྐོར་ཞིག་གི་སྣེ་ཁྲིད་དང་འབད་འབུངས་འོག བོད་མི་རང་གིས་བོད་ཀྱི་འཚོ་བ་མཚོན་པའི་བོད་སྐད་གློག་བརྙན་ནམ་བོད་ཀྱི་གློག་བརྙན་ཕབ་པའི་ལོ་རྒྱུས་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་སྟོན་མང་པོར་ཞུགས་ཏེ་སྔ་རྗེས་སུ་བྱ་དགའ་ཡང་རབས་དང་རིམ་པ་བླངས། ཉེ་བའི་ལོ་འདི་གའི་རིང་ལ། «ཐར་ལོ»དང«ང་ཡི་ཆང་གསོལ་རོགས»སྔ་རྗེས་སུ་གློག་བརྙན་ཁང་དུ་བསྟན་པ་དེས་ནི་བོད་ཀྱི་གློག་བརྙན་དེ་དག་ཚད་ལྡན་ཅན་དུ་གྱུར་ཏེ་ཀུན་གྱི་ཁས་ལེན་ཐོབ་པར་གྱུར། ལས་འདི་ནི་བོད་རང་ལ་མཚོན་ན་གློག་བརྙན་སྒྱུ་རྩལ་གྱི་ལས་རིགས་ཐད་ནས་དགའ་འོས་པའི་དོན་ཞིག་རེད། དེ་བས་སྤྱི་ཚོགས་སྟེང་དུ་བོད་སྐད་གློག་བརྙན་ནམ་བརྙན་ཐུང་ཅི་རིགས་ཕབ་པ་དང་ན་གཞོན་མང་པོའི་ཁྲོད་དུ་གློག་བརྙན་ལས་རིགས་སྦྱངས་པའི་ཚ་རླབས་ཤིག་ཀྱང་ངང་གིས་འཕྱུར།
  «ང་ཡི་ཆང་གསོལ་རོགས» ནི་ཟོན་ཐར་རྒྱལ་གྱི་གློག་བརྙན་གསུམ་པ་ཡིན་ལ། དེའི་སྔོན་གྱི་གློག་བརྙན«དབུས་ལམ་གྱི་ཉི་མ» དང«གཙང་པོ» གཉིས་ཀྱིས་འགྱོད་བཤགས་དང་མི་རབས་གསུམ་བར་གྱི་བར་ཐག་གམ་སྟོང་ཆ་དེ་བརྗོད་བྱ་རུ་བྱས་ཏེ། པདྨ་ཚེ་བརྟན་གྱི་རིག་གནས་གསར་རྙིང་བར་གྱི་འགལ་བ་དང་དེང་རབས་ཅན་གྱི་གདོང་གཏུག་བརྗོད་བྱར་བྱས་པའི་གློག་བརྙན་དག་དང་མི་འདྲ་བར་། བོད་ཀྱི་གློག་བརྙན་གྱི་ཁྱད་ཆོས་གསར་བ་ཞིག་གམ་རྣམ་པ་གསར་བ་ཞིག་ཏུ་ཆགས་ནས་ཡོད། འོན་ཀྱང་ད་ཐེངས་གློག་བརྙན«ང་ཡི་ཆང་གསོལ་རོགས»ཞེས་པར་བལྟས་རྗེས་སུ་ཁོའི་སྔོན་མའི་གློག་བརྙན་གཉིས་ཀ་དང་བསྡུར་ན་བརྗོད་བྱའི་ཆ་ནས་བསྐྱར་ཟློས་སུ་སོང་བ་དང་ཟབ་སར་ཕྱིན་མེད་པ། སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་ཀྱང་སོ་ན་གནས་པའི་མྱོང་ཚོར་ཞིག་ངང་གིས་སྟེར་བས།འདིར་གློག་བརྙན«ང་ཡི་ཆང་གསོལ་རོགས»ལ་བལྟས་རྗེས་ཀྱི་མྱོང་ཚོར་འགའ་གླེང་བར་བྱ་བ་ལ།

  དང་པོ། གློག་བརྙན་གྱི་བརྗོད་བྱའི་ཐད་ནས་ཟབ་སར་ཕྱིན་ཐུབ་མེད་པ།

  གློག་བརྙན་འདིར་ནད་ཀྱིས་བཏབ་པའི་སྒྲོལ་མ་ཡིས་རང་གི་ནད་ནི་དྲག་བསྐྱེད་འབྱུང་ཐབས་བྲལ་བ་རྟོགས་རྗེས། རང་གི་ཁྱོ་ག་སྔོན་མ་ལ་ཁས་ལེན་བྱས་ཡོད་པའི་དོན་དེ་ཡུན་རིང་སེམས་ལ་བརྣགས་ཤིང་། དེང་གི་ཁྱོ་ག་རྡོ་རྗེ་ལ་གསང་ཐབས་ཀྱིས་རང་ཉིད་ཁོ་ནས་ཁྱོ་ག་སྔོན་མའི་རུལ་ཐལ་འཁྱེར་ཏེ། བརྐྱངས་ཕྱག་གི་ལམ་ནས་སྟོད་ཉི་མ་ལྷ་སར་ཆས། རྡོ་རྗེ་ཡིས་ནད་ཀྱིས་བཏབ་པའི་སྒྲོལ་མ་ལ་ཇི་ལྟར་བཀག་འགོག་བྱས་རུང་། བྱ་ཐབས་ཀྱིས་དབེན་པས་མོ་ལ་འགྲོ་རོགས་བུ་མོ་གཉིས་གླས་ཏེ་ལམ་ལ་བཅུག་པ་དང་། མཐར་རྡོ་རྗེ་དང་ནོར་བུ་གཉིས་ཀྱང་ལྷ་སར་འགྲོ་བའི་ལམ་དུ་ཞུགས་ཤིང་། ལམ་བར་དུ་སྒྲོལ་མ་ཚེ་འདས་བྱས་པས་ལྷ་སར་འགྲོ་བའི་འགན་དེ་ཁོ་གཉིས་ཀྱི་ཕྲག་ཏུ་བབས་པ་སོགས། ལྷ་སར་འགྲོ་བའི་ལམ་དུ་བྱུང་བའི་དོན་དག་དེ་དག་བརྒྱུད་མི་སྣའི་བར་གྱི་སེམས་ཁམས་ཀྱི་འགྱུར་ལྡོག་དང་འགལ་འདུ་དག། ལྷ་སར་ཐོན་རྗེས་ཡོད་ཚད་ཞི་འཇགས་སུ་སོང་ཚུལ་བཅས་བརྗོད་ཡོད།
  ཟོན་ཐར་རྒྱལ་གྱི་གློག་བརྙན་དང་པོ«དབུས་ལམ་གྱི་ཉི་མ»ཡིས་འགྱོད་བཤགས་ཀྱི་དབང་གིས་ལྷ་སར་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་། མི་སྣའི་སེམས་ཁམས་ཟབ་ས་ནས་མཚོན་པ་དང་མི་གཤིས་ཀྱི་འཕག་འཚག་མངའ་བ་སོགས་དགེ་མཚན་མང་དུ་ཡོད།①«ང་ཡི་ཆང་གསོལ་རོགས» ཀྱིས་ཀྱང་ལྷ་སར་འགྲོ་བའི་གཏམ་རྒྱུད་ཅིག་བརྗོད་བྱར་བྱས་ཡོད་པ་དང་། «དབུས་ལམ་གྱི་ཉི་མ»དང་བསྡུར་ན་གློག་བརྙན་འདིས་མི་སྣའི་སེམས་ཁམས་ཞིབ་འབྲིའམ་བཀྲམས་པའི་ཐད་ལ་བརྙན་མིག་མང་དུ་སྤྱད་མེད་ལ། «དབུས་ལམ་གྱི་ཉི་མ» ལྟར་མི་སྣའི་སེམས་ཁམས་ཀྱི་འགལ་འདུ་དང་གདོང་གཏུག་ཟབ་ས་ནས་མཚོན་ཐུབ་མེད། གཞན་དུ«གངས་རིན་པོ་ཆེ »ལྟ་བུའི་བོད་ཡུལ་གྱི་ཕྱིའི་མཛེས་པ་གཙོ་བོར་སྟོན་པའི་གློག་བརྙན་དག་ལ་གཟས་པའམ་དེ་དག་གི་ལྡོག་ཕྱོགས་ཀྱིས་སྟོད་ཉི་མ་ལྷ་སར་བསྐྱོད་པའི་གཏམ་རྒྱུད་ཅིག་བརྗོད་པའི་སྣང་ཚུལ་འདུག་ཅིང་། དེ་ལྟར་ཡིན་ན «དབུས་ལམ་གྱི་ཉི་མ» བཞིན་གཙོ་བོ་ལྷ་སར་འགྲོ་བའི་ལམ་གྱི་མི་སྣའི་སེམས་ཁམས་བར་གྱི་འགལ་འདུ་དང་འགྱུར་ལྡོག གདོང་གཏུག་སོགས་མཚོན་ན་འགྲིག་མོད། འོན་ཀྱང་གློག་བརྙན་གྱིས་བྱུང་རིམ་མང་པོ་ཞིག་སྤྱད་དེ་སྒྲོལ་མ་ནད་ཀྱིས་བཏབ་པ་དང་། ལྷ་སར་ཆས་པ། ལམ་བར་དུ་ནད་ཀྱིས་མནར་བ། མཐར་ཚེ་ལས་འདས་པ་སོགས་རྒྱུད་གཅིག་ཏུ་བསྟན་འདུག བྱུང་རིམ་དེ་དག་གིས་གློག་བརྙན་གྱི་བརྒྱ་ཆའི་བདུན་ཅུ་ཡན་ཟིན་པར་གྱུར་ཏེ། མི་སྣའི་སེམས་ཁམས་དང་འགལ་འདུ་མཚོན་པ་དེ་གཙོ་བོར་བྱས་མི་འདུག་ཅིང། «དབུས་ལམ་གྱི་ཉི་མ»ཡི་བརྗོད་བྱ་དང་བསྐྱར་ཟློས་སུ་སོང་བའི་ཁར་མི་གཤིས་ཀྱི་ཟབ་སར་སྙོབ་ཐུབ་མེད་པས་དེར་ཐོད་བརྒལ་བྱ་མ་ཐུབ་པར་འདུག གུས་པའི་བསམ་ཚུལ་ལ་གློག་བརྙན་གྱིས་གཙོ་བོར་སྒྲོལ་མ་འདས་རྗེས་སུ། རྡོ་རྗེ་དང་ནོར་བུ་གཉིས་ཀྱིས་སྒྲོལ་མའི་གསང་བ་རྟོགས་པ་དང་། དེའི་རྗེས་སུ་རྡོ་རྗེ་དང་ནོར་བུ་གཉིས་ཀྱི་ལྷ་སར་འགྲོ་མིན་གྱི་གདམ་ག་དང་ལྷ་སའི་འགྲོ་བའི་ལམ་དུ་བྱུང་བའི་སེམས་ཁམས་ཀྱི་འགྱུར་བ་དང་འགལ་འདུ། གདོང་གཏུག བརྒྱུད་རིམ་སོགས་བརྗོད་ན་འགྲིག་པར་འདོད་ཅིང་། དེ་ལྟར་ཡིན་ན་ད་གཟོད་མི་སྣ་གཙོ་བོ་རྡོ་རྗེ་དང་ནོར་བུའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་རིས་སུ་ཕབ་སྟེ་ལྟད་མོ་བའི་མིག་མདུན་དུ་མི་གཤིས་ཀྱི་རི་མོ་གསལ་ལམ་མེ་བ་ཞིག་བཀྲམས་ཐུབ།

     གཉིས་པ། མི་སྣའི་གཤིས་ཀའི་གཏན་ཚིགས་དང་འགལ་བ།

  ལིག་ཙེ་ཧྥུའུ་ནས“རྩོམ་རིག་གི་ཁ་གཏད་ས་ནི་མི་གཤིས་དང་མི་བུའི་འཚོ་གནས”ཡིན་ཞེས་པ་ལྟར། གློག་བརྙན་སྒྱུ་རྩལ་གྱི་ཁ་གཏད་ས་ཡང་དེ་བཞིན་ཡིན། སྤྱིར་མི་གཤིས་ཞེས་པ་ནི་སྔར་ནས་གྲུབ་ཟིན་པ་ཞིག་གམ་གཏན་འཇགས་སུ་གྱུར་ནས་འགྱུར་རྒྱུ་མེད་པ་ཞིག་མ་ཡིན་པར་འགྱུར་བ་རྒོད་ཅིང་སྐྱེན་པ་ཞིག་ཡིན། དེ་བས་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མི་གཤིས་མཚོན་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་མཚོན་དཀའ་བ་ཞིག་ཀྱང་ཡིན།
  གློག་བརྙན་འདིར་རྡོ་རྗེ་ཡིས་ལམ་བར་དུ་སྒྲོལ་མ་ལྷ་སར་འགྲོ་བར་བཀག་འགོག་བྱས་པ་དང་། སྒྲོལ་མའི་གསང་བ་རྟོགས་རྗེས་སུ་ལྷ་སར་འགྲོ་རྩིས་མེད་པར་ཡུལ་ལ་ལོག་འདུན་ཡོད་པ། སྒྲོལ་མའི་ཚེ་འདས་ལ་དགོན་པ་ནས་བསྔོ་སྨོན་ཞུ་དུས་སྒྲོལ་མ་དང་མོའི་ཁྱོ་ག་སྔོན་མའི་མཉམ་པར་དེ་གས་གཉིས་སུ་གཤགས་ཏེ་རྩིག་ངོས་སུ་ཁ་ཁར་སྦྱར་བ། དེའི་རྗེས་ཀྱི་ལྷ་སར་འགྲོ་མིན་ཐད་ནས་རྡོ་རྗེ་དང་ནོར་བུ་གཉིས་བར་གྱི་འགལ་འདུ་སོགས་མི་སྣ་བར་གྱི་སེམས་ཁམས་དང་འགལ་བ། བརྒྱུད་རིམ་སོགས་ཕྲན་ཙམ་བསྟན་ཡོད་ཀྱང་། དེ་དག་ནི་ཧ་ཅང་མངོན་ཆུང་གི་ཚུལ་གྱིས་བསྟན་ཡོད། ལྷག་ཏུ་སྒྲོལ་མ་ཚེ་ལས་འདས་རྗེས་སུ་རྡོ་རྗེ་ཡིས་ནོར་བུ་ཡུལ་ལ་ལོག་ཏུ་བཅུག་སྟེ་རང་ཉིད་ཀྱིས་སྒྲོལ་མའི་བསམ་འདུན་ནམ་སྒྲོལ་མའི་ཁྱོ་ག་སྔོན་མའི་ཁ་ཆེམས་ལྟར། ལྷ་སར་འགྲོ་རྒྱུར་ཐག་བཅད་པ་ནི་གུས་པས་བལྟས་ན་ཕལ་བའི་མི་ཞིག་གི་སྤྱོད་པ་ལས་འགོངས་ཤིང་། གློག་བརྙན་དུ་དེའི་སྐབས་ཀྱི་འགལ་འདུའི་སེམས་ཁམས་མཚོན་པར་དང་དོད་ཆེར་བྱས་མི་འདུག སྤྱིར་རྡོ་རྗེ་དང་ནོར་བུ་གཉིས་བར་དུ་ནི་འགལ་འདུའི་སེམས་ཁམས་ཞིག་གམ་འབྲེལ་བ་ཞིག་གིས་གྲུབ་ན་འགྲིག་སྟེ། ནོར་བུ་མཐོང་བའི་མོད་ལ་རྡོ་རྗེ་ཡིས་ཁོའི་ཨ་ཕ་སྟེ་རང་གི་ཆུང་མའི་ཁྱོ་ག་སྔོན་མ་དྲན་སྲིད་ཅིང་། ཁྱོ་ག་སྔོན་མའི་ཁ་ཆེམས་ཆེད་དུ་སྒྲོལ་མ་ལྷ་སར་ཆས་ཤིང་ལམ་བར་དུ་ཚེ་ལས་འདས་པ་དང་། རང་ཉིད་ཀྱང་གཙོ་བོ་སྒྲོལ་མའི་ཆེད་དུ་ཡིན་རུང་ལྷ་སར་འགྲོ་རྒྱུར་ཐག་བཅད་པ་ནི་བྱང་ཆུབ་སེམས་དཔའ་ཞིག་མིན་ཚེ་སྒྲུབ་དཀའ་ཚོད་དུ་འདུག རྒྱུ་མཚན་ནི་བྱུང་རིམ་གྱི་བརྒྱུད་རིམ་ཧྲིལ་བོར་རྡོ་རྗེ་རང་ཉིད་བོར་ཏེ་ཐོན་མི་འདུག་ལ། རྡོ་རྗེའི་སྣང་བརྙན་ཁྱོགས་བྱེད་ཀྱི་བརྟེན་ས་གཅིག་པུ་ནི་སྒྲོལ་མ་ལ་བཅངས་པའི་བརྩེ་དུངས་ཁོ་ན་རེད། དེ་བས་གཏམ་རྒྱུད་སྤྱིའི་བྱུང་རིམ་དང་མི་སྣའི་གཤིས་ཀའི་བར་གྱི་རྒྱུ་འབྲས་གཏན་ཚིགས་ཀྱི་ཆ་ནས་ལེགས་འགྲུབ་བྱུང་མི་འདུག
  སྤྱིར་གློག་བརྙན་ཧྲིལ་བོ་མི་སྣའི་སེམས་ཁམས་བར་གྱི་འགལ་འདུ་དང་གདོང་གཏུག་གི་འབྲེལ་བ་ཞིག་གིས་གྲུབ་འདུག་ནའང་། འཁྲབ་ཁྲིད་པས་གློག་བརྙན་གྱི་སྟོད་ནས་རྡོ་རྗེ་དང་ནོར་བུའི་བར་དུ་འགལ་བ་ཆེར་མེད་པའི་འབྲེལ་བ་ཞིག་གྲུབ་པར་བྱས་འདུག་པ་དང་། གློག་བརྙན་ཧྲིལ་བོར་ཁོ་གཉིས་བར་དུ་འགལ་བ་བྱུང་བ་དེ་ཡང་ཧ་ཅང་མངོན་ཆུང་གབ་པའི་ཚུལ་གྱིས་བསྟན་ཡོད་ལ། འགལ་བ་ཐེངས་གཅིག་བྱུང་བ་དེའང་ཅིག་ཅར་ཞི་འཇགས་སུ་གྱུར་བར་བྱས་འདུག གུས་པའི་བསམ་ཚུལ་ལྟར་ན་གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་དེ་འགལ་བ་དང་གདོང་གཏུག་གིས་གྲུབ་པའི་རྡོ་རྗེ་དང་ནོར་བུ་གཉིས་སྒྲོལ་མ་ཚེ་ལས་འདས་རྗེས་སུ་ཇི་ལྟར་ལྷ་སར་འགྲོ་བའི་བརྒྱུད་རིམ་ཡིན་ན་འགྲིག་པར་འདོད་ཅིང་། ཁོ་གཉིས་བར་གྱི་ལན་རེར་དོགས་པ་དང་ལན་རེར་འགལ་བ། ལན་རེར་ལྷན་ཅིག་གནས་མི་ཐུབ་པ། ལན་རེར་འཆམ་མཐུན་དུ་གནས་པ་སོགས་ཀྱི་སེམས་ཁམས་མཚོན་པ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན་པར་འདོད།
  ཤར་ནུབ་ཀྱི་རིག་གནས་སེམས་ཁམས་ཀྱི་དབང་གིས་ནུབ་ཕྱོགས་པས་མི་སྣའི་འགལ་བ་དེ་ཛ་དྲག་གི་ཚུལ་གྱིས་སྟོན་པ་དང་། ཤར་ཕྱོགས་པས་མངོན་ཆུང་གི་ཚུལ་གྱིས་སྟོན་པ་ཡིན་རུང་། གློག་བརྙན་འདིར་མི་སྣ་བར་གྱི་བརྩེ་བ་དང་འགལ་འདུས་གྲུབ་པའི་འབྲེལ་བ་དང་། དགའ་སྐྱོ་བསྣོལ་མའི་སེམས་ཁམས་སོགས་མཚོན་བཏུབ་མེད་པས་མངོན་ཆུང་བྱས་པ་ཐལ་དྲགས་འདུག་པས། མི་སྣའི་ནང་སེམས་ཀྱི་འགལ་འདུ་དང་གདོང་གཏུག་གི་བྱུང་བ་དང་། མཐར་ཐུག་འཆམ་མཐུན་ནམ་ཞི་འཇགས་སུ་གྱུར་བའི་བརྒྱུད་རིམ་དེ་མཐར་ཆགས་སུ་བཀྲམས་ཐུབ་མེད་ལ། མི་སྣའི་ནང་སེམས་ཀྱི་འགལ་འདུ་དང་གདོང་གཏུག་གི་བྱུང་བའི་ཕྱི་ནང་གི་རྒྱུའམ་རྐྱེན་དེ་དག་གྲུབ་ནས་ཡོད་ནའང་། རྒྱུ་དང་རྐྱེན་དེ་དག་ལ་བརྟེན་ནས་མི་སྣའི་གཤིས་ཀའི་ཐད་ཀྱི་ཐད་ཀྱི་འབྲས་བུར་འགལ་འདུ་དང་གདོང་གཏུག་མང་པོ་བྱུང་མེད་པས། རྩོམ་རིག་ལས་བཤད་པའི་མི་སྣའི་གཤིས་ཀའི་གཏན་ཚིགས་སམ་བརྩེ་དུངས་ཀྱི་གཏན་ཚིགས་དང་མི་མཐུན་པར་འདུག

  གསུམ་པ། མཇུག་བསྡུ་བ།

  གཞན་གུས་པར་མཚོན་ན་རྒྱལ་རོང་རིག་གནས་ལ་ཆ་རྒྱུས་ཞེ་དྲག་མེད་པས་གློག་བརྙན་དུ་ཐོན་པའི་དམངས་སྲོལ་རིག་གནས་ཐད་ནས་མང་དུ་སྨྲ་བའི་ཞལ་ལྕེ་མེད་རུང་། འདིར་དོགས་གཞིའི་ཚུལ་དུ་ཕུལ་བ་ནི་གློག་བརྙན་སྟོད་དུ་སྒྲོལ་མས་བུད་ཤིང་འཚིག་པའི་མེ་ཡིས་ཚ་གསུར་ཕུད་པ་དང་། སྒྲོལ་མ་ཚེ་ལས་འདས་རྗེས་དགོན་པའི་རྩིག་ངོས་སུ་འདས་པོའི་འདྲ་པར་སྦྱར་བ་བཅས་ཡོད་ཅིང་། ཨ་མདོའི་ཡུལ་དུ་ཤིང་མེ་ཡིས་ཚ་གསུར་ཕུད་པ་དང་འདས་པོའི་འདྲ་པར་རྩིག་ངོས་སུ་སྦྱར་བའི་སྲོལ་ནི་མེད་པར་འདོད།
  སྤྱིར་གློག་བརྙན་འདི་ལ་ཀུན་གྱིས་གདེང་འཇོག་དང་དགའ་བསུ་འཐོབ་ཀྱིན་པར་བལྟས་ན་གློག་བརྙན་ལེགས་པོ་ཞིག་ཡིན་པ་གདོན་མི་ཟ་ལ། ཤར་ཕྱོགས་པའི་རིག་གནས་སེམས་ཁམས་ཀྱི་དབང་གིས་དང་། ཟོན་ཐར་རྒྱལ་གྱི་གློག་བརྙན་དོན་བརྗོད་བྱེད་སྟངས་ལ་སྔར་ནས་མངོན་ཆུང་གབ་པའི་རང་མདངས་ཤིག་མངོན་ནས་ཡོད་རུང་། ཁོང་གི་གློག་བརྙན་སྔོན་མ་དག་དང་བསྡུར་ན་གློག་བརྙན་འདི་ནི་བརྗོད་བྱ་དང་སྒྱུ་རྩལ་མཚོན་ཐབས་གཉིས་ཀའི་ཆ་ནས་ཐོད་བརྒལ་བྱ་མ་ཐུབ་པར་སོ་ན་གནས་འདུག་ཅིང་། བོད་ཀྱི་གློག་བརྙན་སྒྱུ་རྩལ་ལས་རིགས་སྔར་ལས་སྣ་མང་ཕུན་ཚོགས་ཅན་དུ་འཕེལ་བ་དང་། ཟོན་ཐར་རྒྱལ་གྱི་གློག་བརྙན་ལས་དོན་ལ་མུ་ནས་མུར་ཐོད་བརྒལ་དང་འཕེལ་རྒྱས་འབྱུང་བའི་ཀུན་སློང་གཙང་མ་དང་བཅས་འདི་ཙམ་གྱིས་རྫོགས་པར་བྱས་སོ།།

དཔྱད་མཆན་ཡོད།