ཟོན་ཐར་རྒྱལ་གྱི་གློག་བརྙན«དབུས་ལམ་གྱི་ཉི་མ»ལ་ཅུང་ཟད་དཔྱད་པ།


དང་པོ། གློག་བརྙན་གྱི་ནང་དོན་ངོ་སྤྲོད་མདོར་བསྡུས།

 
      དབུས་ལམ་གྱི་ཉི་མ་ཞེས་པའི་གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་གྱི་བརྩམས་ཆོས་ཐོག་མ་དེ་ཡིན་པ་དང་། ༢༠༡༡ལོར་དངོས་སུ་སྟོན་མགོ་ཚུགས་ཤིང་རིང་ཐུང་ལ་སྐར་མ་༨༩ཡོད་པའི་གཏམ་རྒྱུད་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་ཐོག་མར་ཉི་མ་དང་རང་གི་ཕུ་བོ་རྒྱ་པོ་གཉིས་གྲོང་ཁྱེར་ནས་ལོག་ཕེབས་བྱུང་བའི་ཨ་མ་བསུ་རུ་སོང་བ་དང་། ཨ་མ་བསུས་ནས་ནང་ལ་ལོག་འགྲོ་བའི་ལམ་བར་དུ་ཡིད་སྐྱོ་བའི་དོན་རྐྱེན་བྱུང་། དོན་རྐྱེན་བྱུང་རྗེས་ཉི་མའི་སེམས་སུ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་རང་ཉིད་ཡིན་པར་ངོས་འཛིན་བྱེད་པ་མ་ཟད། རང་ཉིད་ཀྱིས་རང་ཉིད་ལ་འཁང་ར་དང་སྡུག་ཡུས་བྱེད་ཀྱིན་ཡོད། ཨ་མ་གྲོངས་པའི་སྡུག་བསྔལ་ལ་སངས་ཐབས་མེད་པས། དབུས་ལམ་བརྒྱུད་དེ་བརྐྱངས་ཕྱག་འཚལ་ནས་ལྷ་སར་ཐོན་རུང་སེམས་ཀྱི་སྡུག་བསྔལ་དང་ཡིད་ཀྱི་འཁང་ར་ད་དུང་སེལ་མེད་ཕྱིར། རྐང་ཐང་དུ་ཕ་ཡུལ་ལ་ལོག་པ་དང་ལམ་བར་དུ་ལམ་གྲོགས་རྒན་པོ་ཞིག་ལ་འཕྲད་པ་དང་། རྒན་པོའི་སློབ་གསོ་དང་རང་ཉིད་ཀྱི་བསམ་གཞིག་ལ་བརྟེན་ནས་མཐར་སྡུག་བསྔལ་ལས་རྣམ་པར་རྒྱལ་ནས་རང་ཉིད་ཀྱི་སྙིང་ཉེ་བའི་ཚེ་གྲོགས་དང་ནང་མི་མཉམ་འཛོམས་བྱུང་བའི་སྐོར་ཞིག་རེད།

གཉིས་པ། མི་སྣ་དང་བྱུང་རིམ་སྐོར།

       དབུས་ལམ་གྱི་ཉི་མའི་ནང་མི་སྣ་བཀོད་སྒྲིག་བྱས་པ་འོས་ཤིང་འཚམ། དེ་ཡང་ཐོག་མར་གཙོ་འཁྲབ་མི་སྣ་རུ་གྱུར་བའི་ཉི་མ་ནི་ལང་ཚོའི་གཟི་དཔལ་ཐོག་མར་ངོམ་མགོ་ཚུགས་པའི་གསར་བུ་ཞིག་ཡིན་པ་མ་ཟད། ཡོད་ཚད་ལ་རེ་བས་ཁེངས་ཤིང་འཚོ་བ་ལ་རེ་ལྟོས་ཀྱིས་ཁྱབ་ཡོད་པ་ནི་འདི་ལྟར། ཁོ་ནི་ཕོ་ལོ་བཅུ་དྲུག་བཅུ་བདུན་ལ་ཐོན་པའི་གསར་བུ་ཞིག་ཡིན། བྱམས་ལྡན་གྱི་ཨ་མ་ཕྱིར་ཡུལ་ལ་ཐོན་རྗེས་ལྷད་མེད་བརྩེ་དུང་གི་མངར་ཁ་སྦྱིན་མཁན་གྱི་རྩེ་གྲོགས་དང་ཚེ་གཅིག་གི་ལམ་གྲོགས་སུ་གྱུར་བའི་བཀྲིས་པའི་ཉིན་མོ་ཡིན་པ། འཇིག་རྟེན་འཁོར་བའི་གནས་ལུགས་མང་པོ་ཞིག་ད་དུང་ཧ་གོ་མེད་པ་དང་། སྐྱེ་འཆི་ཤི་གསོན་སོགས་ལ་བསམ་གཞིག་གིས་དབུལ་བ་བཅས་སོ། དེ་ནས་ཉི་མ་ཕྱིར་ཡུལ་ལ་ལོག་སྐབས་སུ་ལམ་གྲོགས་སུ་གྱུར་བའི་རྒན་པོ་ནི་མི་ཚེའི་གནས་ལུགས་ཤེས་ཤིང་འཇིག་རྟེན་ཤི་གསོན་ལ་ངེས་ཤེས་ཡོད་པ། མི་ཚེའི་དོན་སྙིང་དང་ཚེ་སྲོག་གི་རིན་ཐང་སོགས་ལ་རང་ཉིད་ཀྱིི་ངོས་འཛིན་ཡོད་པ་བཅས་སོ།། གཞན་ཡང་ཉི་མའི་ཨ་མ་དང་། རྒྱ་པོ། རྒྱ་པོའི་བུ། སྲུ་མོ། ཉི་མའི་དགའ་རོགས། རྒད་པོའི་བུ་མོ། རྒད་པོའི་བུ། རླངས་འཁོར་ཁ་ལོ་བ། འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་ཀྱི་མ་བུ་གཉིས། ལམ་ཁའི་ཕྱག་འཚལ་བ་སོགས་ཀྱིས་གློག་བརྙན་སྤྱིའི་བྱུང་རིམ་མཐོ་རླབས་ལ་ཐོན་པར་རམ་འདེགས་བྱས་ཡོད། 
      བྱུང་རིམ་སྐོར་ནས་བརྗོད་ན་དབུས་ལམ་གྱི་ཉི་མའི་ནང་དུ་དོན་དག་སྤྱིའི་བྱུང་རིམ་བཀོད་སྒྲིག་ཡག་པོ་བྱས་ཡོད། ཐོག་མར་ཉི་མ་དང་རང་གི་ཕུ་བོ་རྒྱ་པོ་གཉིས་གྲོང་ཁྱེར་ནས་ལོག་ཕེབས་བྱུང་བའི་ཨ་མ་བསུ་རུ་སོང་བ་འདི་ཡིན། གལ་སྲིད་དོན་རྐྱེན་ལྷགས་སར་ཉི་མ་ཐོན་མེད་ན་གཏམ་རྒྱུད་སྤྱིའི་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་ཀྱི་ཡོད། ཀུན་གྱིས་ཤེས་གསལ་ལྟར་ཉི་མས་རང་ཉིད་ལ་འཁང་ར་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་པོ་དང་ཨ་མར་དོན་རྐྱེན་བྱུང་སྐབས་སུ་ཉི་མས་འདྲུད་འཐེན་འཕྲུལ་འཁོར་གྱི་ཁ་དཀག་མ་ཐུབ་པ་དེ་རེད། དོན་རྐྱེན་བྱུང་རྗེས་སུ་ཉི་མའི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགྱུར་ལྡོག་འདི་ལྟར་བྱུང་དོན་ལ་ཡང་རྒྱུ་རྐྱེན་དུ་མ་ཡོད། གཅིག་ནས་ཉི་མ་ནི་གོང་དུ་བཤད་པ་ལྟར་ལང་ཚོའི་གོམ་སྟབས་ཐོག་མར་སྒྱུར་མགོ་ཚུགས་པའི་གསར་བུ་ཞིག་ཡིན་པ་མ་ཟད། འཇིག་རྟེན་སྐྱེ་འཆི་སྐོར་ལ་མནོ་བསམ་གྱིས་སྟོང་བ་ཞིག་ཡིན་པས། དོན་རྐྱེན་འདི་འདྲ་བྱུང་སྐབས་གདོང་གཏོད་པའི་སྙིང་སྟོབས་མེད། འདིའི་ཐོག་ནས་མི་སྣ་དང་བྱུང་རིམ་བར་གྱི་བཀོད་སྒྲིག་གཅིག་ཕན་གཅིག་རོགས་དང་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གཏམ་རྒྱུད་ཀྱི་འཕེལ་རྒྱས་ལ་རམ་འདེགས་ཆེན་པོ་བྱས་ཡོད། ཉི་མས་ལྷ་ས་ལ་བརྐྱངས་ཕྱག་འཚལ་རུང་སེམས་ཀྱི་སྡུག་བསྔལ་སངས་མེད་པ་འདི་ཡང་མི་སྣ་བཀོད་སྒྲིག་དང་འབྲེལ་བ་ཆེན་པོ་ཡོད། རྒྱུ་མཚན་ནི་ཉི་མ་གསར་བུ་ལོ་ཆུང་ཞིག་ཡིན་པས་ཆོས་ཀྱི་གནས་ལུགས་ཆེན་པོ་ད་དུང་ཧ་གོ་མེད། འདི་ནི་ཉི་མའི་ལམ་གྲོགས་སུ་གྱུར་བའི་རྒན་པོས་བཤད་པའི་སྐད་ཆ་སྟེ། ལོ་ཆུང་དུས་སུ་དད་པས་མ་ལོན་ཞེས་པ་ནང་བཞིན་རེད། ཉི་མས་བརྐྱངས་ཕྱག་འཚལ་བ་ནི་བོད་མི་སྤྱིའི་དགེ་སྒྲུབ་དང་སྡིག་གཤགས་ཀྱི་བྱ་ཐབས་ཤིག་ཡིན་མོད་ཀྱང་། རང་ཉིད་ཀྱིས་དངོས་སུ་ཆོས་ཀྱི་གནས་ལུགས་དང་སེམས་ཀྱི་སྡུག་བསྔལ་བར་ལ་ད་དུང་བར་ཐག་ངེས་ཅན་ཡོད་པས་ཅི་ལ་མིན། ཉི་མའི་སེམས་ཀྱི་སྡུག་བསྔལ་སེལ་བར་ད་དུང་བརྐྱངས་ཕྱག་ཕུད་པའི་རོགས་རམ་གཞན་ལ་བརྟེན་དགོས་པས་ལམ་གྲོགས་ཤིག་འཚོལ་དགོས་བྱུང་བ་རེད། ལམ་གྲོགས་འདི་ཡང་མི་སྣ་གང་བྱུང་ཞིག་གིས་མི་འགྲིག་པས་ཆེད་མངགས་སུ་འཇིག་རྟེན་གྱི་གནས་ལུགས་མཁྱེན་ཞིང་སྐྱེ་འཆིའི་ཆོས་ཉིད་རྟོགས་པའི་རྒན་པོ་དེ་བཀོད་སྒྲིག་བྱས་པ་རེད། ལམ་གྲོགས་ཀྱི་རྒན་པོས་སེམས་ལ་སྡུག་གི་མུན་པ་འཐིབས་ཤིང་འཚོ་བའི་ཁ་ཕྱོགས་བོར་བའི་ཉི་མར་སླར་ཡང་འཚོ་བའི་དོན་སྙིང་ངོ་སྤྲོད་རྒྱུ་དེ་ནི་བྱུང་རིམ་བཀོད་སྒྲིག་པས་རྒན་པོ་ལ་སྤྲད་པའི་འགན་འཁྲི་གཙོ་བོ་རེད། ཡུལ་ལ་ཡོད་པའི་ཉི་མའི་དགའ་རོགས་ནི་མི་སྣ་གཙོ་བོ་ཞིག་མིན་རུང་ཁ་ཕྱོགས་བོར་བའི་ཉི་མ་སླར་ཡང་ཡུལ་ལ་ཐོན་པར་རམ་འདེགས་བྱས་ཡོད་ལ་ཉི་མ་དང་རྒད་པོའི་བར་ལ་འབྲེལ་འདྲིས་འབྱུང་བར་ཆ་རྐྱེན་ཀྱང་སྐྲུན་ཡོད། རྒྱུ་མཚན་ནི་ཚོང་ཁང་ནང་གི་སྤྱི་སྤྱོད་ཁ་པར་ལས་རྒན་པོས་ཐོག་མར་ཉི་མའི་འཚོ་བར་རྒྱུས་ལོན་བྱུང་བ་རེད། ཉི་མ་ཡུལ་ལ་ཐོན་ནས་རང་ཉིད་ཀྱི་ཚེ་གང་གཏན་གྲོགས་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་ནི་ལམ་གྲོགས་རྒན་པོའི་བསམ་འདུན་ཡིན་པ་མ་ཟད་དབུས་ལམ་གྱི་ཉི་མར་བལྟ་མཁན་གྱི་ལྟད་མོ་བ་སྤྱིའི་བསམ་འདུན་ཡང་རེད། 捕获.JPGརྒྱ་པོ་དང་སྲུ་མོ་སོགས་ནི་ཉི་མའི་དགའ་རོགས་དང་འདྲ་བར་ཡུལ་ནས་ཉི་མ་ལ་རེ་སྒུག་བྱེད་མཁན་གྱི་མི་སྣ་རེད། མི་སྣ་འདི་ཚོའི་རེ་སྒུག་ལས་ཉི་མས་སླར་ཡང་འཚོ་བའི་ཁ་ཕྱོགས་འཚོལ་རྒྱུའི་གལ་ཆེན་རང་བཞིན་མཚོན་པ་མ་ཟད་མི་གཅིག་གི་འཚོ་བའི་གདམ་གསེས་ཀྱིས་མི་མང་པོའི་འཚོ་བ་དང་འབྲེལ་བ་ཡོད་པས་དུས་རྒྱུན་དུ་རང་ཉིད་གཅིག་པུའི་ཚོར་སྣང་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ལ་བསམ་གཞིག་གི་བར་སྟོང་ཞིག་སྐྲུན་འདུག་སྙམ། རླངས་འཁོར་འབབ་ཚུགས་ཀྱི་རྩེ་དགོད་བྱེད་མཁན་གྱི་མ་བུ་གཉིས་ཀྱིས་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་མཚོན་པར་རམ་འདེགས་བྱས་ཡོད་དེ། ང་ཚོའི་མཐོང་ལམ་ནས་ལམ་ལ་ཆས་པའི་ཉི་མ་ནི་དུས་རྒྱུན་ཉེ་འཁོར་གྱི་མི་སུ་ལ་ཡང་ཁ་ཡ་དང་སྣང་འཇོག་མི་བྱེད་མཁན་ཞིག་ཡིན་མོད་ཀྱང་། རླངས་འཁོར་འབབ་ཚུགས་སུ་རྩེ་དགོད་བྱེད་བཞིན་པའི་མ་བུ་གཉིས་མཐོང་དུས་ཉི་མས་ཀྱང་མཉམ་འཇོག་ཅུང་ཟད་བྱས་པ་དེའི་ཐོག་ནས། ཉི་མའི་སེམས་ཁམས་ལ་འགྱུར་བ་འགྲོ་མགོ་ཚུགས་ཡོད།
      ཨ་མ་ཞེས་པའི་ཐ་སྙད་འདིས་ཉི་མའི་སེམས་ཁོངས་ནས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ལ་ཐ་སྙད་འདི་དང་འབྲེལ་བའི་ན་ཟུག་ཆེན་པོ་ཞིག་ཀྱང་ཡོད། 11.JPGདེར་བརྟེན་བྱིས་པ་ཆུང་ཆུང་དེས་ཨ་མ། ཨ་མ་ཞེས་འབོད་པའི་སྒྲ་དེ་ཡིས་ཉི་མའི་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། འདི་ནི་དོན་རྐྱེན་བྱུང་རྗེས་སུ་ཉི་མས་ཐོག་དང་པོར་ཨ་མ་ཞེས་པའི་ཐ་སྙད་འདི་གོ་བ་ཡིན་པར་ངོས་བཟུང་ཡང་ཆོག རྒན་པོའི་འབད་བརྩོན་འོག་ཉི་མ་གཞི་ནས་འདྲུད་འཐེན་འཕྲུལ་འཁོར་སྒང་ལ་བུད་པ་འདི་ནི་ཉི་མའི་སེམས་ཁམས་ལ་འགྱུར་བ་ཆེ་ཤོས་འགྲོ་ས་དེ་རེད། རྒྱུ་མཚན་ནི་འདྲུད་འཐེན་འཕྲུལ་འཁོར་གྱིས་དོན་དག་གི་སྔ་ཕྱི་བར་གསུམ་གྱི་ཆག་སྒོའི་ཁྲོད་ན། ན་ཟུག་གི་འབྱུང་རྐྱེན་དུ་གྲུབ་ཡོད་པས་སོ།། མགྲོན་ཁང་གི་བུ་མོ་དེ་ཡང་མི་སྣ་གཙོ་བོ་ཞིག་མིན་རུང་མི་སྣ་དེ་འདྲ་ཞིག་བཀོད་སྒྲིག་བྱེད་པའི་དགོས་པ་གཙོ་བོ་ནི་གཅིག་ནས་ཉི་མར་ཡུལ་དུ་སྙིང་ཉེ་བའི་བུ་མོ་ཞིག་གིས་རེ་སྒུག་བྱས་ནས་ཡོད་པའི་དོན་དག་དྲན་གསོ་བྱེད་པའི་ཆེད་དུ་ཡིན་པ་དང་།
      གཉིས་ནས་བུ་མོ་ལོ་ཆུང་དེར་ཉི་མས་དོ་སྣང་རྩ་བ་ནས་མ་བྱས་པ་དེའི་ཐོག་ནས་ཉི་མའི་སེམས་ཀྱི་ན་ཟུག་གཏིང་ཟབ་པས་འཇིག་རྟེན་གྱི་ཟང་ཟིང་ལ་སྤྲོ་སྣང་མེད་པ་དེ་ཡང་མཚོན་ཡོད། 666.JPGམི་སྣའི་སེམས་ཁམས་ཀྱི་འགྱུར་བ་འདི་ཚོ་གློག་བརྙན་གྱི་བརྗོད་དོན་དང་། བྱུང་རིམ་གྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་གྱིན་ཡོད་པས། “ མི་སྣའི་སེམས་ཁམས་གྱི་འགུལ་སྐྱོད། ཆེས་ཞིབ་ཚགས་ཅན་གྱི་ལྟད་མོ་བ་དང་། ཉན་པོ་པོས་མཐོང་དཀའ་བ་དང་། ཐོས་དཀའ་བ་ཞིག་རེད། འོན་ཀྱང་མི་སྣའི་འདི་ལྟ་བུའི་མི་གཤིས་ནི་གློག་བརྙན་ཁྲོད་ཀྱི་མི་སྣ་ངོས་འཛིན་ལ་ཧ་ཅང་གལ་ཆེ” ཞེས་གསུངས་པ་ནང་བཞིན་རེད། ལམ་བར་གྱི་བརྐྱངས་ཕྱག་འཚལ་མཁན་གཉིས་དང་འཕྲད་སྐབས། ཉི་མ་ཁ་ཕྱིར་འཁོར་ནས་བལྟས་པ་འདིའི་ཐོག་ནས། ཉི་མས་བསམ་གཞིག་མེད་པའི་སྒོ་ནས་མདུན་སྐྱོད་བྱེད་པའི་གོམ་ཁ་དལ་གྱིས་བཞག་ནས་རང་ཉིད་ཀྱིས་བསྒྲུབས་མྱོང་བའི་བྱ་བ་ལ་བསམ་གཞིགས་བྱས་པ་མཚོན་ཡོད་ལ། བསམ་གཞིག་བྱས་པའི་ཐོག་ནས་དོན་དག་ལ་འགྱུར་བ་འགྲོ་བཞིན་ཡོད་པ་ཡང་མཚོན་ཡོད། དོན་རྐྱེན་བྱུང་དུས་ཉི་མའི་ཨ་མ་འདས་གྲོངས་བྱུང་བ་དང་། ཉི་མ་ཡུལ་ལ་ཐོན་ནས་སྡུག་བསྔལ་ལས་རྣམ་པར་རྒྱལ་དུས་སུ་ལྟད་མོ་བའི་མིག་ལམ་དུ་རྒྱ་པོའི་བྱིས་པ་ཆུང་ཆུང་གི་ངོ་གདོང་མཐོང་བ་དང་ལྷན་དུ་གློག་བརྙན་མཇུག་རྫོགས་ཡོད། 
      འདི་ལྟར་བཀོག་སྒྲིག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། མིའི་འཚོ་བ་ནི་སྐྱེ་འཆི་ཆོས་ཉིད་དང་གཉིས་སུ་མ་མཆིས་པ་ཞིག་ཡིན་པའི་གནས་ལུགས་ཤིག་བརྗོད་པའི་ཆེད་དུ་ལོས་ཡིན།

གསུམ་པ། མི་སྣའི་སྐད་ཆ་དང་ལྗོངས་ཀྱི་སྐོར།

     མི་སྣའི་སྐད་ཆའི་ཐོག་ནས་མི་སྣའི་སེམས་ཁམས་དང་། འཚོ་བའི་རེ་ལྟོས་སོགས་མང་པོ་ཞིག་མཚོན་གྱིན་ཡོད་པས་གློག་བརྙན་གྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་པ་ནི། “གློག་བརྙན་སྒྱུ་རྩལ་གྱི་མཚོན་ཐབས་ལ་དབྱེ་ན་མཐོང་ཟུར་རང་བཞིན(འགུལ་སྐྱོད་དང་རྣམ་པ་བརྟེན་ནས་མཚོན་པ)དང་། 444.JPGསྐད་ཆའི་རང་བཞིན(ཁ་བརྡ་ལ་བརྟེན་ནས་མཚོན་པ)གཉིས་ཡོད” གསུངས་པ་བཞིན། དབུས་ལམ་གྱི་ཉི་མའི་ནང་དུ་མི་སྣའི་སྐད་ཆའི་ཐོག་ནས་དོན་དག་མང་པོ་ཞིག་མཚོན་གྱིན་ཡོད། རླངས་འཁོར་ནང་སོང་ན་མགྱོགས་སོང་། ངས་ང་རང་གང་ལ་འགྲོ་དགོས་མིན་མི་ཤེས། ཞེས་པ་ནི་ཉི་མས་བཤད་པའི་སྐད་ཆ་ཞིག་རེད། སྐད་ཆ་འདིིའི་ཐོག་ནས་ཉི་མའི་སེམས་ཀྱི་སྡུག་བསྔལ་ལྕི་དྲགས་པས་འཚོ་བའི་ཁ་ཕྱོགས་བོར་བའི་གནས་ཚུལ་དང་སེམས་ཁམས་གསལ་བོར་མཚོན་ཡོད། ཆུང་དུས་བྱིས་པ་ཚོ་ཆེན་པོ་ཆགས་པར་རེ་ལྟོས་བྱེད། ཆེན་པོར་ཆགས་རྗེས་ཁྱིམ་གཞིས་ཆགས་པར་རེ་ལྟོས་བྱེད། སོ་སོའི་ཁྱིམ་གཞིས་ཆགས་རྗེས་ཅི་ཞིག་ལ་རེ་ལྟོས་བྱེད་དགོས་མིན་མི་ཤེས། ཅེས་པ་ནི་རྒན་པོས་བཤད་པའི་སྐད་ཆ་ཞིག་རེད། སྐད་ཆ་འདིའི་ཐོག་ནས་གནམ་འོག་གི་ཕ་མ་ཚོའི་སེམས་ཀྱི་མྱོང་བ་དང་། བུ་ཕྲུག་ཚོར་སོ་སོའི་ཁྱིམ་གཞིས་ཆགས་ནས་ཕ་མ་དང་བྲལ་ནས་འགྲོ་དུས་ཕ་མ་ཚོའི་སེམས་ཀྱི་མྱོང་བ་དངོས་མཚོན་ཡོད། མི་ཚེ་མི་རྟག་པ་ཡིན་ཟེར་རུང་། གང་འདྲ་མི་རྟག་པ་ཡིན་རུང་འཇིག་རྟེན་འདི་ནས་འཚོ་བ་རོལ་དགོས་རེད། ང་ཚོ་སྐྱེས། ཁྱིམ་གཞིས་ཆགས། བྱིས་པ་བཙས། དེ་ནས་འཆི་དགོས་རེད། འདི་ལྟར་བཤད་ན་ཡིད་སྐྱོ་དགོས་པ་འདྲ་རེད། ཡིན་ཀྱང་འདི་ལྟར་འཚོ་བ་རོལ་སོང་ན་བློ་འགྱོད་ཀྱང་ཡོད་པ་མ་རེད། ཅེས་པ་འདི་ནི་རྒན་པོས་བཤད་པའི་སྐད་ཆ་ཞིག་རེད། འདིའི་ཐོག་ནས་མི་ཚེའི་འགྲུལ་བཞུད་ཀྱི་སྣེ་མོ་ལ་ཐོན་པའི་རྒན་པོ་ཞིག་གིས་འཚོ་བ་དང་། ཚེ་སྲོག་གི་ལ་བཅངས་པའི་སེམས་སྒྲ་མཚོན་ཡོད། འདི་དང་འདི་ལྟ་བུའི་མི་སྣའི་སྐད་ཆ་མང་པོ་ཞིག་གིས་གློག་བརྙན་གྱི་བྱུང་རིམ་མཐོ་རླབས་ལ་འགྲོ་བར་སྐུལ་འདེད་བྱེད་ཀྱིན་ཡོད་ལ་མི་སྣའི་སེམས་ཁམས་དང་། དོན་དག་སོགས་གསལ་བོར་མཚོན་པར་ནུས་པ་ཆེན་པོ་འདོན་བཞིན་ཡོད། དབུས་ལམ་གྱི་ཉི་མ་ཞེས་པའི་གློག་བརྙན་འདིའི་ནང་རྒྱབ་ལྗོངས་གཙོ་བོ་བྱེ་ཐང་དང་། གཞུང་ལམ་གཉིས་གཙོ་བོར་བཟུང་ཡོད།
      བྱེ་ཐང་གི་འཇག་རྩྭའི་ཤུ་གླུ་དང་། བྱང་ལྷགས་ཀྱི་འུར་སྒྲ་སོགས་ཀྱིས་གློག་བརྙན་གྱི་བརྗོད་དོན་མཚོན་པར་ནུས་པ་ཐོན་ཡོད་ལ། མི་སྣའི་སྐྱོ་བ་དང་། སྡུག་བསྔལ་གསལ་བོར་མཚོན་པར་དེ་བས་ཀྱང་ཕན་ནུས་ཐོན་ཡོད། དེ་བཞིན་རྒྱབ་ལྗོངས་ཀྱི་གླུ་དབྱངས་སོགས་ཀྱིས་ཀྱང་དེ་ལྟའི་ནུས་པ་ཐོན་ཡོད། གློག་བརྙན་ཁྲོད་ཉེ་ལྗོངས་མང་ཤོས་ནི་ཉི་མའི་གདོང་གི་རྣམ་འགྱུར་མཚོན་པའི་སྐོར་ཡིན་པ་དང་། འདི་ལྟར་བཀོད་སྒྲིག་བྱེད་དོན་ཡང་གཙོ་བོ་ཐུན་མོང་མ་ཡིན་པའི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པའི་དགོས་མཁོར་གཞིག་པར་སྙམ། འདི་ཡང“གློག་བརྙན་ཁྲོད་ཀྱི་མི་སྣ་གཏམ་རྒྱུད་ཀྱི་བྱུང་རིམ་ནང་བཞིན་དོན་དངོས་དང་ཡིད་རྟོན་རུང་བ་ཞིག་ཡིན་དགོས” ཞེས་གསུངས་པ་ནང་བཞིན་རེད། འོན་ཏེ་དགུན་ཁ་ལ་ཆར་པ་བབ་པ་སོགས་ལྗོངས་འགའ་ཤས་བཀོད་སྒྲིག་བྱས་པ་ཅུང་ཟད་མ་འགྲིག་པའི་ཆ་ཡང་འདུག གལ་སྲིད་འདི་འདྲའི་གནད་དོན་རྣམས་མེད་ན་སྔར་བས་ཡག་པོ་ཡོང་བ་སྨྲས་ཅི་དགོས།
      མདོར་ན་དབུས་ལམ་ཀྱི་ཉི་མ་ཞེས་པའི་གློག་བརྙན་འདི་ནི་བརྙན་ལེན་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་ཡག་པོ་ཞིག་རེད། མཐར་བརྗོད་པ་ཐམས་ཅད་བཀྲིས་པའི་རྒྱུར་འགྱུར་བར་དགེའོ།

__________

ཟུར་བལྟའི་དཔྱད་གཞི།

༡ པྲ་དྲ། http://filmtbt.com

༢ བོད་བརྙན་དྲ་བ། http://www.bosubtitle.com/

༣ 博格斯,皮特里著,张菁,郭侃俊译《看电影的艺术》[M] 北京大学出版社,2010年

༤ 路易斯•贾内梯著,焦雄屏译《认识电影》[M],世界图书出版公司,2007年


རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན།

དཔྱད་མཆན་ཡོད།