གློག་བརྙན་ནང་གི་འགྱུར་ལྡོག་དང་འགྱུར་ལྡོག་ཁྲོད་ཀྱི་གློག་བརྙན།


     དེ་ཡང་སྒྱུ་རྩལ་ནི་འཚོ་བའི་ཁྲོད་ནས་བྱུང་ཞིང་འཚོ་བ་ལས་ལྷག་ཞེས་པ་ལྟར། གཟུགས་སྒྲའི་སྒྱུ་རྩལ་གྱི་བདག་ཉིད་ཅན་དུ་གྱུར་བའི་གློག་བརྙན་གྱིས་ཁོར་ཡུག་གི་འགྱུར་བག་དང་མི་སྣའི་གཟུགས་བརྙན་བཞེངས་བ་ལ་བརྟེན་ནས་སོ་སོའི་སྒྱུ་རྩལ་གྱི་འདུན་པ་མངོན་བཞིན་ཡོད་ལ། གློག་བརྙན་གཅིག་གི་སྤུས་ཚད་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་གློག་བརྙན་ཁྲོད་ཀྱི་མི་སྣ་དང་ཁོར་ཡུག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱུང་ཡོད་མེད་ལ་རག་ལས་ཡོད།


     འདིར་ཁོར་ཡུག་ཅེས་པ་ནི་རང་བྱུང་ཁོར་ཡུག་ཙམ་མ་ཡིན་པར་མི་དང་འབྲེལ་བ་ཡོད་པའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ཡོད་དོ་ཅོག་ལ་གོ་དགོས་བ་དཔེར་ན་རང་བྱུང་ཁོར་ཡུག་དང་། ཐོན་སྐྱེད་ཁོར་ཡུག སྤྱི་ཚོགས་ཁོར་ཡུག རིག་གནས་ཁོར་ཡུག་བཅས་ལྟ་བུ། གློག་བརྙན་ཞིག་གི་ནང་ཁོར་ཡུག་ཇུས་འགོད་དང་བསྐྱར་ཐོན་ཡག་པོ་ཞིག་བྱེད་ཐུབ་རྒྱུ་ནི་རྩོམ་པ་པོ་ཞིག་གི་མ་མཐའི་བླང་བྱ་ཡིན། ང་ཚོས་ནམ་རྒྱུན་གློག་བརྙན་ཞིག་ཡག་པོ་མེད་པ་དང་དངོས་ཡོད་འཚོ་བ་དང་ཁ་བྲལ་འདུག་ཟེར་བ་སོགས་ནི་གཙོ་བོ་གློག་བརྙན་དེའི་བརྗོད་བྱ་དང་བསྟུན་པའི་ཁོར་ཡུག་ཞིག་ཇུས་འགོད་ཡག་པོ་བྱུང་མེད་པ་དེ་ཡིན།


     ཁོར་ཡུག་ཡག་པོ་ཇུས་འགོད་བྱས་པའི་རྨང་གཞིའི་སྟེང་དུ་མི་སྣའི་གཟུགས་བརྙན་གང་འདྲ་ཞིག་བཞེངས་རྒྱུ་དང་། མི་སྣའི་ཁྱད་ཆོས་དང་། མི་དང་མི་བར་གྱི་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འབྲེལ་བ་སོགས་ཇི་འདྲའི་སྒོ་ནས་གཟིགས་མོ་བ་རྣམས་ཀྱི་མིག་མདུན་དུ་མངོན་དགོས་པ་དེ་དག་ད་གཟོད་རྩོམ་པ་པོའི་ཁོར་ཡུག་ལ་རྒྱུས་ལོན་ཐུབ་ཚད་དང་། མི་སྣ་ལ་ངོས་འཛིན་བྱེད་སྟངས། བརྗོད་དོན་ལ་ཁ་ལོ་སྒྱུར་ཚུལ་བཅས་ལ་རག་ལས་ཡོད། གལ་སྲིད་བརྗོད་བྱའི་བྱུང་རིམ་དེ་མི་སྣའི་ལས་དབང་དང་ཁོར་ཡུག་གི་འགྱུར་བ་དང་མཐུན་ན་གློག་བརྙན་དེ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བར་ངོས་འཛིན་ཆོག
དེར་བརྟེན། གློག་བརྙན་གྱི་བརྗོད་དོན་གསོན་ཉམས་དོད་པོ་བྱུང་ཐུབ་མིན་དང་གློག་བརྙན་གྱིས་རྩོམ་པ་པོའི་དམིགས་ཡུལ་མངོན་ཐུབ་མིན་མཐར་གཏུགས་ནས་བཤད་ན་གློག་བརྙན་ནང་གི་ཁོར་ཡུག་དང་མི་སྣ། དེ་བཞིན་དེ་གཉིས་བར་གྱི་འབྲེལ་བས་ཐག་གཅོད་བྱས་ཡོད།


      སྤྱིར་གློག་བརྙན་ནང་གི་མི་དང་ཁོར་ཡུག་གི་འབྲེལ་བའི་རྣམ་པ་ལ་རིགས་བཞི་རུ་དབྱེ་ཆོག་བསམ། དེ་ཡང་རིགས་དང་པོ་ནི་འགྱུར་མེད་ཀྱི་ཁོར་ཡུག་དང་མི་ཡིན། འདིར་བསྟན་པའི་འགྱུར་མེད་ཀྱི་རང་བཞིན་དེ་ཁོར་ཡུག་དང་མི་གཉིས་འགྱུར་མེད་རྟག་བརྟན་ཡིན་པར་ངོས་འཛིན་བྱས་པ་མིན་ལ། དོན་དངོས་སུ་གློག་བརྙན་ནང་གི་མི་སྣ་དང་ཁོར་ཡུག་གི་རྣམ་པ་བལྟོས་བཅས་ཀྱིས་འགྱུར་ལྡོག་ཆུང་བ་དང་མིའི་གཟུགས་བརྙན་ལ་སྒྲོམ་གཞི་ཅན་གྱི་བག་ཆགས་ཞིག་ཆགས་ཡོད་པ་དེ་ལྟ་བུ་ལ་གོ་བ་ལེན་ཆོག གློག་བརྙན་དེའི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ནི་ཁོར་ཡུག་བསྐྱར་ཟློས་དང་།མི་སྣའི་གཟུགས་བརྙན་མཐའ་གཉིས་སུ་ལྷུང་བ་དཔེར་ན་དཀར་ནག་ཡག་སྡིག་མངོན་གསལ་དོད་པ་ལྟ་བུ། ཚང་མས་རྒྱུས་མངའ་ཆེ་བའི་གློག་བརྙན་《ཨ་ཆེན་གངས་རྒྱབ་》ཞེས་པའི་ནང་གི་རི་སྐོར་རུ་ཁག་དང་གཙོད་གསོད་མི་ངན་བར་གྱི་འབྲེལ་བ་དེར་ཚིག་གཅིག་གཉིས་ཀྱིས་ཕྱོགས་བསྡོམས་བྱེད་དཀའ་བའི་རྒྱུ་རྐྱེན་ཡོན་ན་ཡང་།གློག་བརྙན་གྱིས་བལྟོས་བཅས་ཀྱི་ཡུལ་དུས་འགྱུར་མེད་ཞིག་མངོན་པ་དང་ཁ་དད་དུ་ལངས་བའི་མི་སྣའི་གཟུགས་བརྙན་བཞེངས་ཚུལ་དེས་འགྱུར་མེད་རྣམ་པའི་མི་དང་ཁོར་ཡུག་གི་འབྲེལ་བ་གསལ་པོ་ཞིག་བསྟན་ཡོད།


     རིགས་གཉིས་པ་ནི་འགྱུར་ལྡོག་ཁྲོད་ཀྱི་ཁོར་ཡུག་དང་འགྱུར་མེད་རྣམ་པའི་མི་སྣ་གཉིས་བར་གྱི་འབྲེལ་བ་དེ་ཡིན། འབྲེལ་བ་དེའི་རིགས་སྤྱིར་བཏང་བཤད་ན་སྤྱི་ཚོགས་གོང་འཕེལ་དང་རིག་གནས་གདམ་གའི་དུས་ཀྱི་བསམ་གཞིགས་བྱ་ཚུལ་སོགས་མངོན་པའི་ཐབས་ཤེས་ཞིག་ཡིན། ད་ལྟའི་སྤྱི་ཚོགས་ནི་འགྱུར་བ་ཤིན་ཏུ་ཆེ་ཡང་། རིག་གནས་རིག་པའི་ལམ་ནས་འགྲེལ་བཤད་བྱས་ན་མིའི་གོམས་གཤིས་ལ་སྤྱི་ཚོགས་འཕེལ་རྒྱས་ལས་ལྡོག་པའི་འཕེལ་མེད་སོར་གནས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཁོར་ཡུག་སྔོན་ལ་འགྱུར་འགྲོ་བ་དང་། དེ་ནས་མིས་ཁོར་ཡུག་ལ་བསྟུན་གང་ཐུབ་བྱེད་པ་དེས་ཏག་ཏག་ཁོར་ཡུག་འགྱུར་ལྡོག་ཅན་དང་མི་འགྱུར་མེད་ཅན་གྱི་འགལ་ཟླ་གསལ་པོ་མངོན་ཡོད། དོན་དངོས་ཐོག་མི་འབོར་འཕེལ་བ་དང་ཆ་འཕྲིན་གོང་འཕེལ་འགྲོ་མགྱོགས་པའི་དེང་རབས་ཅན་གྱི་རིག་གནས་རླབས་རྒྱུན་ཁྲོད་རྟག་བརྟན་འགྱུར་མེད་ཀྱི་ཁོར་ཡུག་ཞིག་ཡོད་མི་སྲིད། ཐ་ན་ཕྱི་ཕྱོགས་དང་འགྲོ་འོང་ཆེན་པོ་མེད་པའི་མཐའ་འཁོབ་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་ལ་ཆ་མཚོན་ན་ཕྱི་ཚུལ་ནས་བལྟས་ན་འགྱུར་མེད་ལྷིང་འཇགས་སུ་གནས་ཀྱང་དོན་དངོས་ཐོག་ནང་ཁུལ་དུ་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་འགྲོ་དང་འགྲོ་མུས་སུ་མཆིས་པ་དཔེར་ན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ལས་བསྟན་པ་ལྟ་བུ།


      རིགས་གསུམ་པ་དེ་འགྱུར་མེད་རྣམ་པའི་ཁོར་ཡུག་དང་འགྱུར་ལྡོག་ཁྲོད་ཀྱི་མི་སྣའི་བར་གྱི་འབྲེལ་བ་ནི་ཏག་ཏག་གོང་དུ་ཞུས་པའི་རིགས་གཉིས་པ་དང་ལྡོག་ཟླར་མངོན། གློག་བརྙན་དེའི་རིགས་ཀྱི་ནང་ཁོར་ཡུག་ནི་བལྟོས་བཅས་ཀྱི་འགྱུར་མེད་སོར་གནས་སུ་སྣང་ཡང་། ཁོར་ཡུག་དེའི་ཁྲོད་ཀྱི་མི་ནི་འགྱུར་ལྡོག་གི་རྣམ་པས་ཕྱུག  《ཧི་མ་ལ་ཡ་》ཞེས་པའི་ནང་མི་རྣམས་འཚོ་གནས་བྱེད་སའི་ཁོར་ཡུག་དང་ཁོང་ཚོའི་ཐོན་སྐྱེད་བྱེད་སྟངས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་ཆེན་པོ་བྱུང་མེད་ཅིང་། མི་རབས་ནས་མི་རབས་བར་ཞིང་འདེབས་ཕྱུག་གསོ། ལ་བརྒྱབ་ཀླུང་བཤགས། ཚྭ་འབྲུ་བརྗེ་རེས་བྱེད་པ་དེ་ཡིན། འོན་ཀྱང་ཕྱི་རབས་པ་རྣམས་ཀྱིས་རྒན་རབས་པ་ཚོའི་ལྟ་བ་ཁ་ཤས་དང་བྱེད་སྟངས་ཁ་ཤས་ལ་ངོས་འཛིན་མ་བྱས་པ་དང་ངོ་རྒོལ་བྱས་པ་དེས་ཁོར་ཡུག་དེའི་ཁྲོད་འཚོ་གནས་བྱེད་མཁན་གྱི་མིར་འགྱུར་ལྡོག་བྱུང་ཡོད་པ་བསྟན་ཡོད་ལ། དེའི་ཡང་སྙིང་ནི་མི་རབས་གཉིས་ཀྱི་རིག་གནས་བལྟ་བའི་འགལ་ཟླ་ཡིན།


      བཞི་པ་ནི་འགྱུར་ལྡོག་ཁྲོད་ཀྱི་མི་དང་ཁོར་ཡུག་གི་འབྲེལ་བ་དེ་ཡིན་ལ་གློག་བརྙན་ནང་དུ་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་དང་བསྟུན་མི་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད། གློག་བརྙན་དེའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་འགན་ནུས་གཙོ་བོ་ནི་མི་སྣ་དང་ཁོར་ཡུག་གཉིས་ཀའི་འགྱུར་ལྡོག་ལ་བརྟེན་ནས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་མི་སྣའི་གཟུགས་བརྙན་གྱི་སྣ་མང་རང་བཞིན་མངོན་ཐུབ།དཔེར་ན་《འཁོར་བ་》ཞེས་པའི་གློག་བརྙན་དེའི་ནང་མི་དང་ཁོར་ཡུག་གཉིས་ཀ་དུས་རྟག་ཏུ་འགྱུར་ལྡོག་འགྲོ་བཞིན་ཡོད། སྤྱིར་མི་ཞིག་གིས་ཕྱི་རོལ་ཡུལ་དང་རང་ཉིད་ལ་ངོས་འཛིན་ཡག་པོ་ཞིག་ཐོབ་པར་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་ལ། གློག་བརྙན་ནང་གི་མི་སྣ་གཙོ་བོ་དེས་ཁོར་ཡུག་འགྱུར་འགྲོ་བ་དང་བསྟུན་ནས་ཁོར་ཡུག་མི་འདྲ་བ་གཉིས་སོ་སོར་ངོས་འཛིན་པ་ནས་རྒྱབ་འགལ་དང་། རྒྱབ་འགལ་ནས་ཡང་བསྐྱར་ངོས་འཛིན་པའི་འགལ་བ་བྱུང་ལ།མི་རང་ཉིད་དེ་བཞིན་དུ་རབ་བྱུང་བ་ནས་སྐྱ་ལོག་པ། དེ་ནས་སླར་ཡང་རབ་བྱུང་བའི་གོ་རིམ་ཞིག་བརྒྱུད་དེ་སེམས་ཁམས་ཀྱི་འགྱུར་ལྡོག་མངོན་ཡོད་པ་དང་སྦྲགས་རང་ཉིད་ལ་ངོས་འཛིན་དང་ཡང་བསྐྱར་ངོས་འཛིན་ཐུབ་པ་བསྟན་ཡོད།


     ཚང་མས་མཁྱེན་གསལ་ལྟར། གོང་དུ་ཞུས་པའི་ཁོར་ཡུག་དང་མི་སྣ་བར་གྱི་འབྲེལ་བའི་རྣམ་པ་བཞི་པོ་དེ་དག་མཐའ་ཅིག་ཏུ་ལོག་དབྱེ་བྱེད་མི་ཐུབ་ལ། གློག་བརྙན་ཞིག་རིགས་དེ་བཞི་པོ་ཁྲོད་ཀྱི་རིགས་རྐྱང་མ་གང་རུང་གཅིག་གི་ཁོངས་སུ་བཅུག་ན་དོན་དངོས་དང་ཡང་མི་མཐུན། གསལ་པོ་ཤེས་དགོས་པ་ཞིག་ལ་གློག་བརྙན་ཞིག་གི་ཁོར་ཡུག་དང་མི་སྣ་དེ་གཉིས་འགྱུར་འགྲོ་བའམ་འགྱུར་མེད་ཀྱི་རྣམ་པ་གང་ཡིན་མིན་གློག་བརྙན་གྱི་བརྗོད་བྱ་རང་གི་ཡུལ་དུས་ཀྱི་དགོས་མཁོར་བསྟུན་ཡོད། མི་རྣམས་འཚོ་གནས་བྱེད་སའི་ཁོར་ཡུག་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཁོར་ཡུག་དེའི་ཁྲོད་ཀྱི་མི་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད་པས།དེ་དག་མཚོན་བྱེད་ཀྱི་གློག་བརྙན་ནི་དེ་བཞིན་དུ་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་ནི་སྨྲ་མ་དགོས་སོ།།


 

དཔྱད་མཆན་ཡོད།