གློག་བརྙན«ཁྱིམ་དུ་ལོག་པ»ལ་བལྟས་རྗེས་ཀྱི་མྱོང་ཚོར་དང་བརྙན་དཔྱད།

    གློག་བརྙན《ཁྱིམ་དུ་ལོག་པ》ལ་བལྟས་རྗེས་ཀྱི་མྱོང་ཚོར་དང་བརྙན་དཔྱད།

  ༡ གློག་བརྙན་བྱིངས་ཆེ་བ་ནི་འཚོ་བ་དངོས་ཀྱི་ནང་གི་ཡུལ་སྲོལ་གོམས་གཤིས་དང་། སྤྱོད་ལམ་སོགས་བཅོས་མ་མ་ཡིན་པའི་ཁར་ཤུགས་སུ་མངོན་སུམ་གཞན་ཞིག་བསྟན་དུ་འདུག་པ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱད་དོན་རང་རེད། འདིར་མགོན་པོ་བསོད་ནམས་ཀྱིས་འཁྲབ་ཁྲིད་བྱས་པའི་བརྙན་ཐུང«ཁྱིམ་དུ་ལོག་པ»ཞེས་པ་དེར་ཐེངས་འགར་བལྟས་རྗེས་ཀྱི་མྱོང་ཚོར་དང་འཁྲབ་སྟོན་མི་སྣའི་ཁ་བརྡ་དང་ཉམས་རྩལ་སོགས་ཤེས་ཚོད་ཀྱིས་ཅུང་ཙམ་ཞིག་བརྗོད་འདོད་བྱུང་སོང་།
  ༢ གཙོ་འཁྲབ་པ་གཡང་སྐྱབས་ནི་ལོ་བཅོ་ལྔའི་སྟེང་སློབ་ཆུང་གི་ལོ་རིམ་དང་པོ་འགྲིམས་རྗེས་རི་ནང་ནས་བསྡད་དེ་ནར་སོན་པའི་འབྲོག་མི་དཀྱུས་མ་ཞིག་རེད། ཉིན་ཞིག ཁོ་རང་ཡུལ་ནས་ལམ་ལ་ཆས་ཏེ་ཞང་ཐོག་ལ་མར་འཚོང་དུ་སོང་། མར་རིན་གྱིས་རྫོང་མཁར་ནས་རྒྱལ་འཇོག་བྱེད་སྙམ་པ་རེད། ཁ་སང་ཕུད་པའི་མར་དེ་རིང་འཚོང་དུ་འགྲོ་དགོས་དོན་ནི་ཁོ་ནམ་རྒྱུན་རང་གི་འཁོར་བར་བདག་མི་བྱེད་པར། སྒོར་མོ་ཉུང་ཤས་རེ་ལག་ཏུ་རག་པ་དེས་རྒྱལ་འཇོག་གི་ལས་དཀས་ཉི་མ་ཕུད་ནས་སྡོད་མཁན་ཞིག་ཡིན་པ་ཤེས་ཐུབ། གཡང་སྐྱབས་ཀྱིས་མར་བཙོང་རྗེས་གློ་ཁུག་ནང་གི་མར་རིན་སྒོར1392ལ་ཐེངས་གསུམ་ལ་བལྟས་པ་ནི་རྒྱལ་འཇོག་བགྱི་འདོད་ཀྱིས་ཡོངས་སུ་སྦྲིད་འདུག་པ་དང་། རབ་ཏུ་འཐོམས་འདུག་པ། འདིས་ནི་ནང་སེམས་ཀྱི་ཐམ་ཐོམ་དང་། སྔར་ཡོད་ཀྱི་གནས་བབ་དང་དེང་རབས་འཚོ་བའི་བར་གྱི་སྡུག་བསྔལ་གྱི་འཕག་འཚག་བྱེད་བཞིན་པའི་ལས་དབང་བརྗོད་ཡོད།
  ༣ གཡང་སྐྱབས་རྒྱལ་འཇོག་ཏུ་འགྲོ་བའི་ལམ་དུས་སུ་མི་གསུམ་གྱི་ཁ་བརྡས་རྐྱེན་བྱས་ཏེ་མཐར་རྒྱལ་འཇོག་གི་བློ་ཁ་འགྱུར་ནས་སླར«ཁྱིམ་དུ་ལོག་པ»རེད། གཅིག་ནི་མར་ཉོའི་ཚོང་ཁང་འགྲམ་ནས་གསར་དུ་ངོ་འཕྲད་པའི་དབྱར་རྩྭ་དགུན་འབུ་འཚོང་མཁན་གྱི་མི་དེ་རེད། ཁོའི་ཁ་བརྡའི་ཁྲོད་ནས་ཁྱིམ་ཚང་གི་དཀའ་སྡུག་དང་ཆུང་མར་ན་ཚ་ལྕི་མོ་བྱུང་བ། སྒོར་མོ་ཧ་ཅང་མཁོ་ཡང་དབྱར་རྩྭ་དགུན་འབུ་འཚོང་ས་མ་རྙེད་པའི་སྡུག་གཏམ་ལུང་བ་གང་བཤད་སོང་། གཅིག་ཤོས་ནི་སློབ་ཆུང་སློབ་མ་དེ་རེད། བྱིས་པའི་དྭངས་གཙང་གི་ལབ་གླེང་ཁྲོད་དུ། ཡབ་མེས་ཀྱི་རང་གཤིས་མ་ཡལ་བར། ཨོལ་མདུད་ཀྱི་སྐད་ཆ་ཙམ་མ་ཡིན་པར་ཁ་དོན་ཚིག་ལ་གནས་དགོས་ཚུལ་བརྗོད་པ་དང་། བྱིས་པས་གཡང་སྐྱབས་ལ་ཞིམ་པོ་ཀ་ར་བྱིན་པ་སོགས་རྐྱེན་ཁ་ཤས་ཀྱིས་ཁོས་རང་ཉིད་ལ་བསམ་གཞིག་འཕྲལ་དུ་མི་གཏོང་ཐབས་མེད་བྱུང་སོང་། གཞན་པ་དེ་ནི་ལམ་བར་ནས་འཕྲད་པའི་འབྲོག་པ་དེ་རེད། གཡང་སྐྱབས་ཀྱིས་ཡིན་མདོག་མདོག་གི་ཟོལ་གྱིས་རྫོང་མཐར་ལ་རྒྱལ་འཇོག་ཏུ་འགྲོ་ཡི་ཡིན་ཞེས་བཤད། སྤྱིར་བཏང་གི་འབྲོག་མི་དཀྱུས་མ་དག་གི་གཤིས་ཀ་ནི་ནམ་རྒྱུན་ལབ་རྒྱག་རྒྱུར་དགའ་བ། གང་ནས་ཀྱང་དྲང་དྲགས་པ། དཔའ་དྲགས་པ། ཁ་ཁོག་མེད་པའི་སླད་མེད་ཅིག་ཡིན་ནའང་། མཐར་ཁོ་ཚོ་ལ་ཐོབ་པ་ནི“གླེན་པ”ཞེས་པའི་མིང་བྱང་བསུབ་ས་མི་འགྲོ་བ་དེ་ལས་ཐོབ་རྒྱུ་གང་ཡང་མེད། དེ་བས། ལམ་བར་གྱི་རྒད་པོ་དེས་ཀྱང་གཡང་སྐྱབས་ལ་འཕྱ་ཉམས་ཤིག་བསྟན་སོང་། མི་དེ་གསུམ་གྱི་གཤིས་སྤྱོད་ཀྱིས་གཡང་སྐྱབས་གཞི་ནས་བློ་འགྱུར་ནས་མཐར་རྒྱལ་འཇོག་ཏུ་མ་སོང་བར་རྟབ་རྟབ་པོའི་ངང་ཕྱིར«ཁྱིམ་དུ་ལོག་པ»རེད།
  ༤ བརྙན་ཐུང་འདིར་ཞན་ཆ་དང་ནང་འགལ་གྱི་སྐྱོན་ཁ་ཤས་སྣང་སྟེ། དགོན་མཐའ་དང་ཞང་ཐོག་གི་ལམ་སྐབས་གང་དུའང་ཆར་འབབ་ཀྱིན་མེད་ལ་གནམ་གཤིས་ཀྱང་ཡག་མོད། གཡང་སྐྱབས་ཀྱིས་དེ་རིང་ཆར་འབབ་ག་ཞེས་ཐེངས་གཉིས་ལ་ལབ་པ་ནི་ཐལ་དྲགས་པ་དང་གློག་བརྙན་འཁྲབ་སྟོན་ཚགས་མི་དམ་ཞིང་གཟིགས་མོ་བའི་མཛེས་དཔྱོད་འདོད་པ་སྐོང་དཀའ་བ་ལྟ་བུ་འདུག ད་དུང་གཡང་སྐྱབས་ཀྱིས་མར་འཚོང་བའི་སྐབས་སུ་མར་གོང་མེད་པ། ཆུང་མ་ལ་མར་གོང་འགྲིག་འདུག་ཅེས་འཁྲབ་ཚིག་ལ་ནང་འགལ་བྱུང་བ། གཞན་ཡང་། ལམ་སྐབས་སུ་འཕྲུལ་རྟར་སྐྱོན་བྱུང་འདུག་ཅེས་གློ་རྡེག་ཏུ་བསྡད་ལ་སློབ་མ་བསམ་འགྲུབ་ཀྱིས་ཨ་ཁུ་འཕྲུལ་རྟར་སྐྱོན་མེད་ད་ཞེས་ལབ་པར་སྐྱོན་ཅི་ཡང་ཡོད་ནི་མ་རེད་ཅེས་མཚོན་སྟངས་ཀྱི་རྣམ་པ་འཁྲུགས་པ་དོད་པོར་སྤྱད་མེད་པས་ཞན་ཆའི་སྣང་བ་སྟེར། སྤྱིར་ན་བརྙན་ཐུང་འདི་ཚོད་ལྟའི་བརྙན་ཐུང་ཡིན་གཤིས་འཁྲབ་ཁྲིད་བྱས་པ་ཧ་ཅང་ལེགས། གྲིམ་ལ་བརྗིད་པའི་དབྱངས་ཀྱིས་རམ་བཏེགས་ཤིང་། འཁྲབ་ཡུལ་རན་ཞིང་འཚམ་མོད། གློག་བརྙན་གྱི་མགོ་མཇུག་ཚང་མར་ཚོན་མདངས་རང་སོར་གྱིས་ཕབ་ཡོད་པས་འཁྲབ་སྟོན་མི་སྣའི་རྣམ་པ་བཞེངས་བསྐྲུན་ཐད་ཅུང་ཙམ་ཡག་པོ་སྣང་མ་བྱུང་། དཔེར་ན་གཡང་སྐྱབས་ཀྱི་ཆུང་མ་ཟོག་རྗེས་ནས་ཤོམ་བྱས་པ་ནི་འཚོ་བ་དངོས་ཀྱི་རྣམ་པ་མཚོན་སྟངས་དངཅུང་མི་འཚམ། དེ་མིན་འཁྲབ་སྟོན་མི་སྣ་ཕལ་ཆེ་བས་སྐབས་དང་སྐབས་སུ་འཛུམ་ཤོར་བའི་ཟོལ་ཐོན་ཡོང་བ་དེ་གློག་བརྙན་འཁྲབ་སྟོན་གྱི་གྲལ་དུ་ཚུད་དགོས་པར་ད་དུང་བར་ཐག་ཅུང་རིང་བར་སྙམ་མོ།
  ༥གཞན་ཡང་གློག་བརྙན་འདིའི་བྱེ་བྲག་གི་དོན་བརྗོད་རྣམ་པ་མང་པོ་ཞིག་གི་མཚོན་ཐབས་སོགས་ནི་ཧ་ཅང་ཡག་ནའང་། རེ་རེ་བཞིན་བརྗོད་པའི་ཤེས་རབ་ཀྱིས་དབུལ་ཞིང་རྒྱུན་ཤེས་ཀྱིས་རྨོངས་པས་འདི་ཙམ་གྱིས་མཇུག་སྒྲིལ། མཐར་རང་ས་གནས་ཀྱི་ན་གཞོན་རེ་བ་ཅན་མགོན་པོ་བསོད་ནམས་ལགས་ཀྱི་གློག་བརྙན་ཐོག་མ«ཁྱིམ་དུ་ལོག་པ»ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བར་དགའ་ཞིང་གུས་པས་བསྟོད་པར་རིགས་ལ། མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་འོས། ན་གཞོན་ཁོང་གིས་ཀྱང་མུ་ནས་གློག་བརྙན་ལས་རིགས་ཀྱི་བགྱི་བར་ཡུན་གྱིས་འབད་ཅིང་། སྔར་བས་ཀྱང་གྲུབ་འབྲས་ལོན་པའི་རེ་བ་དང་སྨོན་འདུན་སྙིང་ནས་ཞུའོ། །

དཔྱད་མཆན་ཡོད།