དངོས་བཤུས་གློག་བརྙན«སྐལ་བཟང་མེ་ཏོག»ཕབ་ཚར།



        ཉེ་ལམ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་རིན་ཆེན་རྡོ་རྗེས་སྒྲིག་བཟོ་བྱས་པའི་དངོས་བཤུས་གློག་བརྙན«སྐལ་བཟང་མེ་ཏོག»ཅེས་པ་ལེགས་འགྲུབ་བྱུང་ཞིང་དྲ་ལམ་དུ་གཟིགས་ཐུབ།

     དངོས་བཤུས་གློག་བརྙན«སྐལ་བཟང་མེ་ཏོག»ཅེས་པའི་ནང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་མོ་གྲོ་ཞང་རྩི་རོང་དགའ་ལྡན་སློབ་ཆུང་བཙུགས་པའི་ཀྱག་ཀྱོག་གི་བརྒྱུད་རིམ་བརྗོད་ཡོད་དེ། མོ་གྲོ་ཞང་རྩི་རོང་དགའ་ལྡན་སློབ་ཆུང་ནི2008ལོར་བཙུགས་པ་དང་། ལོ་དེར་དགའ་ལྡན་དགོན་པའི་དགོན་བདག་འཕྲིན་ལས་ཀུན་མཁྱེན་རིན་པོ་ཆེས་ས་གནས་མང་ཚོགས་ཀྱི་སློབ་གསོའི་དཀའ་ཁག་ལ་མྱོང་སྣང་གིས་དེ་མུར་སློབ་གསོ་དང་པོ་དང་དགོན་པ་གཉིས་པ་ཞེས་པའི་འདུ་ཤེས་ཀྱིས་དཀའ་ངལ་གང་མང་བརྒྱུད་མ་དངུལ་ཁྲི272བསྡུས་ཏེ་སྨི་གྲུ་བཞི་མ1500ཅན་གྱི་རྩི་རོང་དགའ་ལྡན་སློབ་ཆུང་བཙུགས་པ་རེད།
     2012
ལོའི་ཟླ10བར། མོ་གྲོ་ཞང་རྩི་རོང་དགའ་ལྡན་སློབ་ཆུང་དངོས་སུ་སློབ་ཁུལ་གསར་བ་སྤུས་ཤིང་། བསྐྱར་བཅོས་བྱས་རྗེས་ཀྱི་སློབ་ཁུལ་གསར་བ་ནི་སྐྱེས་སྟོབས་ཀྱིས་འབར་བའི་གཟི་ཤུགས་ལྡན་ལ། ད་ལྟ་སློབ་ཆུང་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4332.9དང་སྤྱིའི་མ་དངུལ་སྒོར་ཁྲི8459999བཏང་སྟེ་སློབ་གྲྭའི་སློབ་ཁང་དང་། གསོལ་ཁང་། མལ་ཁང་བཅས་ཀྱི་སྒྲིག་ཆས་ཅུང་ཆ་ཚང་ཞིང་ཚད་ལྡན་ཡིན་པ་དང་། བཅའ་སྡོད་སློབ་མ་རྣམས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐངས་ཡོད་པ་རེད།
     
རིན་ཆེན་རྡོ་རྗེ་ཆུང་དུས་ནས་གློག་བརྙན་ཕབ་སྐྲུན་བྱེད་པར་དགའ་ཞིང་། ཁོ་རང་གློག་བརྙན་ཕབ་སྐྲུན་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད། སློབ་ཆེན་གྱི་དུས་སུ་ཁོས་གློག་བརྙན་ཐད་ཀྱི་ཤེས་བྱ་རང་སྦྱོང་བྱེད་མགོ་བརྩམས་ཤིང་། སློབ་གསེང་གི་སྐབས་དང་བསྟུན་ནསDVའཕྲུལ་ཆས་བེད་སྤྱོད་སྒོས་ལག་ལེན་ལ་འཇུག་པ་ཡིན། མིག་སྔར་རིན་ཆེན་རྡོ་རྗེའི་བརྩམས་ཆོས་ལ་གླུ་བ་གདུགས་དཀར་ཡག་གིMVགསུམ(ཕབ་སྐྲུན་དང་སྒྲིག་བཟོ་ལ་ཟབ་ཞུགས་བྱས་པ)དང་། གླུ་བ་དཀོན་མཆོག་རྒྱ་མཚོའི་ཆེད་བསྒྲིགས་གསར་བ«སེམས་ཀྱི་ལྷ་མོ» (ཇུས་འགོད་དང་འཁྲབ་ཁྲིད། ཕབ་སྐྲུན་བྱ་བར་ཟབ་ཞུགས་བྱས)། དངོས་བཤུས་གློག་བརྙན«སྐལ་བཟང་མེ་ཏོག»(རང་རྐྱ་འཕེར་བའི་སྒྲིག་བཟོ་བྱས)བཅས་འདུས།

དྲ་གནས་འདི་བརྒྱུད་དེ«སྐལ་བཟང་མེ་ཏོག»ཅེས་པའི་གློག་བརྙན་ལ་གཟིགས་ཐུབ།  http://www.tibetcul.com/Common/ShowDownloadUrl.aspx?urlid=0&id=32710

  


 

དཔྱད་མཆན་ཡོད།