«དབུགས་ལྒང»ལ་ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་སོང་།


          བྱ                                                                                  བྱ་དགའ་སྤྲོད་པའི་ཡུལ་དངོས།

  སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉི་ཤུ་བའི་བྱ་དགའ་འབུལ་བའི་མཛད་སྒོ་བསྡུས། ཐེངས་འདིར་འཛམ་གླིང་ཡུལ་གྲུ་སོ་སོའི་གློག་བརྙན་ལས་རིགས་ཀྱི་མི་སྣ་གྲགས་ཅན་དག་མཉམ་དུ་འཛོམས་ནས།གློག་བརྙན་སྒྱུ་རྩལ་གྱི་དུས་ཆེན་འདི་ལ་རོལ་འགོ་བརྩམས། 
ཐེངས་འདིའི་དུས་ཆེན་དུ་འཛམ་གླིང་ཤར་ནུབ་ཀུན་ནས་ཡོང་བའི་གློག་བརྙན་ཉེར་བརྒྱད་ཞུགས་ཡོད་ལ། དེའི་ཁྲོད་ནས་ཁྱོན་བསྡོམས་པས་གློག་བརྙན་བཅུ་ཐམ་པ་གཙོ་འགྲན་སྡེ་ཚན་དུ་ཚུད། དེ་ལས་ཀྱང་ང་ཚོའི་ཡིད་སེམས་རབ་ཏུ་སྐྱོམས་འོངས་པ་ཞིག་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཏེ། ང་ཚོ་བོད་ཀྱི་གློག་བརྙན་གསར་པ«དབུགས་ལྒང»ལ་རེབ་འདིའི་ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་སོང་བ་དེ་རེད། དབུགས་ལྒང་ལ་ཉེ་ཆར་རྒྱ་གར་ནས་བྱ་དགའ་ཆེན་མོ་ཐོབ་རྗེས་ཡང་བསྐྱར་ཉི་ཧོང་ནས་འདི་ལྟར་བྱ་དགའ་ཐོབ་པ་ནི་ང་ཚོ་བོད་ཀྱི་གློག་བརྙན་གྱི་གཟི་བརྗིད་ཅིག་ཏན་ཏན་རེད་ཨང་།

  ཚང་མས་ཤེས་གསལ་ལྟར། ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་རྒྱལ་སྤྱིའི་གློག་བརྙན་ལས་རིགས་པས་ཁས་ལེན་བྱ་བའི་གློག་བརྙན་དུས་ཆེན་ཞིག་ཡིན་ལ། དེ་ནི་གློག་བརྙན་རྩོམ་པ་པོ་གཙོ་སྙིང་དུ་འཛིན་པའི་སྒྱུ་རྩལ་རང་བཞིན་གྱི་གློག་བརྙན་དུས་ཆེན་ཞིག་ཡིན་འདུག དུས་ཆེན་འདིས་གློག་བརྙན་འཁྲབ་ཁྲིད་པ་དག་གི་རིན་ཐང་དང་མདུན་ལྗོངས་ལ་ནུས་པ་བླ་མེད་འདོན་དང་འདོན་མུས་སུ་ཡོད་པས།གློག་བརྙན་པས་སྡེ་ཁག་གང་ནས་ཀྱང་འདེང་འཇོག་ཚད་མཐོན་པོ་ཡོད་པ་ཞིག་རེད། དེ་མིན་ཉི་ཧོང་གི་ཆེས་ལེགས་པའི་གློག་བརྙན་དུས་ཆེན་དུའང་བརྩི་བ་ཞིག་རེད།

བོད་ཀྱི་གློག་བརྙན«དབུགས་ལྒང»ལ་འདི་འདྲའི་གྲགས་ཆེ་བའི་གློག་བརྙན་དུས་ཆེན་ཞིག་ནས་གློག་བརྙན་རྩེ་གྲའི་གཟི་བརྗིད་ཐོབ་པ་ནི། པདྨ་ཚེ་བརྟན་ལགས་ཀྱི་འཁྲབ་ཁྲིད་ཀྱི་བྱང་ཚད་ལ་གདེང་འཇོག་བྱས་པ་ནི་སྨོས་ག་ལ་དགོས། དེ་མིན་ང་ཚོས་གླེང་རིན་ཡོད་པ་ཞིག་ནི་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་སྔ་གྲས་དག་ཀྱང་དུས་ཆེན་འདིར་ཐེངས་མང་པོར་ཞུགས་མྱོང་པ་དང་། བྱ་དགའང་བླངས་མྱོང་པ་ཞིག་རེད། དཔེར་ན། ཁོང་གི་བརྩམས་ཆོས་སྔ་གྲས«ཁྱི་རྒན»དང་།«ཐར་ལོ»«ལག་དམར»སོགས་ཀྱང་གློག་བརྙན་དུས་ཆེན་འདིའི་སྐབས་བཅུ་གཉིས་པ་དང་། བཅུ་དྲུག་པ། བཅུ་དགུ་བ་རུ་ཞུགས་ནས་བྱ་དགའ་བླངས་མྱོང་པ་ལྟ་བུ་རེད། གཟིགས་འབུལ་རྗེས་ཀྱི་ཁ་བརྡ།

  བོད་ཀྱི་གློག་བརྙན་དབུགས་ལྒང་རེབ་འདིའི་ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་བརྒྱུད་ནས་ཉི་ཧོང་ནས་ཐོག་མར་གཟིགས་འབུལ་བྱས། ཐེངས་འདིར་གློག་བརྙན་གཙོ་འཁྲབ་པ་སྦྱིན་པ་དང་། ལས་མི་ཚེ་མདོ་གཉིས་ཡུལ་དངོས་སུ་ཕེབས་ནས་ལྟ་མཁན་རྣམས་དང་བསམ་ཚུལ་བརྗེ་རེས་བྱས། སྦྱིན་པའི་རྩེད་མཚར་རང་བཞིན་གྱི་ཁ་བརྡས་ཡུལ་དངོས་སུ་ཕེབས་པའི་ལྟ་མོ་བ་མང་པོར་དགོད་ཁ་དིར་དིར་བསླངས།

སྤྱིན་པ་དང་གློག་བརྙན་དུས་ཆེན་འདིའི་ཀྲུའུ་ཞི་སྐུ་ཞབས་ཧྲི་ཧྲན་ཧྲང་སན་ལགས།

ཉི་ཧོང་གི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་གློག་བརྙན«དབུགས་ལྒང»ཏོང་ཅིན་ནས་གཟིགས་འབུལ་བྱས་པའི་གནས་ཚུལ་བསྒྲགས་དོན། “འདི་ནི་དངོས་གནས་མི་སེམས་སྐྱོམས་པར་བྱེད་ཅིང། ག་དོན་གཏིང་ཟབ་ལ། ཡང་དང་བསྐྱར་དུ་བལྟས་ཀྱང་བྲོ་བ་མི་ཡལ་བའི་བརྩམས་ཆོས་ཤིག་རེད”ཟེར།

  གློག་བརྙན«དབུགས་ལྒང»ད་ལོར་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཕིན་ཡོ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་སོགས་ནས་གཟིགས་འབུལ་བྱས་པ་དང་། ཕྱོགས་སོ་སོའི་ལྟ་མཁན་མང་པོས་དགའ་བསུ་མི་ཉུང་བྱས། དེ་མིན་བརྙན་དཔྱད་པ་མང་པོས་བཤད་རྒྱུར“འདི་ནི་ཆེས་རེ་སྒུག་གི་རིན་ཐང་ལྡན་པའི་གློག་བརྙན་གྲས་ཀྱི་གཅིག་རེད”ཅེས་བསྟོད་བསྔགས་ཡང་མང་པོ་བྱས་མྱོང་།

དཔྱད་མཆན་ཡོད།