༢༠༡༤ལོའི་སྤྱི་ཟླ་༨པའི་ཚེས་༡༦ཉིན་གྱི་ཆུ་ཚོད་༡༠སྟེང་། མདོ་སྨད་རྩེ་ཁོག་རྫོང་ཉིན་ཤུག་ཤང་དུ་བོད་ཀྱི་གློག་བརྙན་༼ཐོགས་མེད༽ཅེས་པའི་བརྙན་འབེབས་དབུ་འབྱེད་བྱས། གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་༼ཁ་བརྡ༽ལེ་ཚན་གྱི་མདོ་འཛིན་པ་བཀྲ་ལོ་ཡིན་ལ། ཐེངས་འདིའི་གློག་བརྙན་བརྒྱུད་ཁོ་མོ་བོད་ཀྱི་ཆེས་ཐོག་མའི་བུད་མེད་འཁྲབ་ཁྲིད་པར་ངོས་འཛིན་བྱུང་།
གློག་བརྙན་འདི་ནི་ལོ་རབས་དགུ་བཅུ་པའི་ནང་མདོ་སྨད་འབྲོག་ཁྱིམ་ཞིག་གི་འཚོ་བ་གཞིར་བཟུང་ཞིང་། སྤྱི་ཚོགས་གསར་རྙིང་གི་བསམ་བློའི་འགལ་འདུའི་ཁྲོད་འཚར་ལོངས་བྱུང་བའི་ན་གཞོན་ཐོགས་མེད་ཅེས་པ་ཞིག་གི་འགྲོ་འདུག་ཀུན་སྤྱོད་དང་དགའ་སྐྱོ་ཆགས་སྡང་གིས་སྣ་དྲངས་ཏེ། ཕ་མའི་དྲིན་ལན་དང་ཕོ་མོའི་བརྩེ་དུང་། རྒྱུ་འབྲས་བློ་མིག་དང་འཁོར་བ་རྟེན་འབྱུང་སོགས་ལ་འབྲེལ་ནས་མི་དང་ཁོར་ཡུག་གིས་བསྐྱེད་པའི་གཤིས་སྤྱོད་གོམས་ལུགས་ཀྱི་ས་བོན་དེའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཞིང་ཁམས་ལས་སྨིན་པ་ཡིན་མོད། དེའང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ཡན་ལག་གི་ཁ་དོག་སྣ་ཚོགས་ཤིག་ཏུ་འགྱུར་བཞིན་པའི་སྣང་ཚུལ་གསལ་རྗེན་དུ་བཀྲལ།
གློག་བརྙན་འདིའི་འཁྲབ་ཁྲིད་པ་གཙོ་གཞོན་དང་། འཁྲབ་གཞུང་རྩོམ་མཁན། བརྙན་སྐྲུན་པ། དངོས་བཤུས་བརྙན་ལེན་པ། འཚོ་བའི་བརྙན་སྐྲུན་པ། འཁྲབ་སྟོན་པ་ཡོངས་བཅས་ནི་བོད་རིགས་ཤ་སྟག་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྒྱལ་ཁབ་རྒྱང་སྒྲོག་གློག་བརྙན་སྤྱི་སྡེ་ཁང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་རབ་དང་རིམ་པ་བརྒྱུད་ནས་ཆོག་མཆན་ཐོབ་པ་ཞིག་ཡིན། འཁྲབ་བྱའི་ནང་དོན་ཡང་བོད་རང་གི་ཆེས་སྤྱིར་བཏང་གི་ཕལ་བའི་འབྲོག་ཁྱིམ་ཞིག་གི་སྐྱིད་སྡུག་དང་འཚོ་ཚིས་གོམས་གཤིས་དང་འབྲེལ་བས་བརྗོད་བྱ་དང་རྣམ་པ། ཁྱད་ཆོས། མཛེས་ཉམས་སོགས་རྒྱ་ཆེའི་གཟིགས་མཁན་རྣམས་ཀྱི་ཁམས་དང་མོས་པ་བཞིན་འགྲེལ་ལུགས་སྣ་མང་ཞིག་ཏུ་འབྱུང་ངེས། འདི་ཡང་རང་རེའི་བོད་ལ་མཚོན་ན། གློག་བརྙན་སྒྱུ་རྩལ་གྱི་སྒོ་མོ་ཁད་ཀྱིས་ཕྱེས་པ་ལས་བཀྲག་མདངས་རབ་ཏུ་འཚེར་བའི་རིག་གནས་ཀྱི་ཉིང་བཅུད་ཅིག་གམ་སྒྱུ་རྩལ་གྱི་གསོས་སྨན་ཞིག་ཏུ་འགྱུར་བར་ཡིད་ཆེས་དང་རེ་བས་བརྟས་ཆོག་པ་ཞིག་ཏུ་སྣང་།
མཐར་ལོ་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་ལམ་བུ་འདི་སྔར་ལས་རྒྱ་ཆེ་ཞིང་ཁོད་ཡངས་པའི་སྨོན་འདུན་དང་། བོད་ཀྱི་བུད་མེད་འཁྲབ་ཁྲིད་པ་བཀྲ་ལོ་དང་ལས་བཟོ་བ་ཡོངས་ནས་འབད་པ་ལྷུར་ལེན་གྱིས་གློག་བརྙན་༼ཐོགས་མེད༽ཅེས་པ་འདི་བརྙན་ཕབ་ལེགས་འགྲུབ་ཡོང་ནས་རྒྱ་ཆེའི་བོད་རིགས་གཟིགས་མཁན་རྣམས་དང་། གཞན་ཡང་རྒྱལ་ནང་དང་རྒྱལ་སྤྱིའི་གློག་བརྙན་གྱི་གར་སྟེགས་སྒང་ལ་བུད་དེ་འབྲས་བཟང་མི་དམན་པ་ཞིག་ཐོབ་པའི་སྨོན་འདུན་དང་བཅས་མཚམས་ཞུ།
༢༠༡༤ལོའི་ཟླ་༨པའི་ཚེས་༢༦ཉིན།
དཔྱད་མཆན་ཡོད།