«དབུགས་ལྒང»ལ་རྒྱ་གར་གོ་ཨ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནས་དངུལ་གྱི་རྨ་བྱ་རྟགས་མའི་བྱ་དགའ་ཐོབ།

  ཉེ་ལམ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ«དབུགས་ལྒང»ལ་རྒྱ་གར་གོ་ཨ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནས་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་སྟེ་དངུལ་གྱི་རྨ་བྱ་རྟགས་མའི་བྱ་དགའ་ཐོབ། རེབ་འདིའི་རྒྱ་གར་གོ་ཨ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་རྒྱ་གར་ཡུལ་གྱི་མངའ་སྡེ་གོ་ཨ་ནས་བསྡུས། འདི་ནི་གློག་བརྙན་དུས་ཆེན་འདིའི་སྐབས་ལྔ་བཅུ་བ་ཡིན་འདུག

བྱ་དགའི་མིང་ཐོ་སྒྲོག་པ།

གཡང་ཕྱུག་འཚོས་བྱ་དགའ་ལེན་བཞིན་པ།

བྱ་དགའམ་གཟེངས་སྟེགས།

  གློག་བརྙན«དབུགས་ལྒང»གི་སྐྱེས་མའི་གཙོ་འཁྲབ་གཉིས་པ་གཡང་ཕྱུག་འཚོ་ཐེངས་འདིའི་རྒྱ་གར་གོ་ཨ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་འབྱོར་ནས་བྱ་དགའ་བླངས་པ་དང་། ཡུལ་དེའི་ལྟ་མཁན་མང་པོར་གློག་བརྙན་སྐོར་ནས་ཁ་བརྡ་བྱས།

  གཡང་ཕྱུག་འཚོ། གཡང་ཕྱུག་འཚོ་ནི་པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་ལྔ་བ་«ཐར་ལོའི»ནང་གཡང་འཚོ་འཁྲབ་ནས་ལྟ་མཁན་ཁྲི་སྟོང་གི་ཡིད་དབང་ཅིག་ཅར་འཕྲོག་མྱོང་པ་རེད། ད་ཐེངས་གློག་བརྙན«དབུགས་ལྒང»ནང་དུ་མོས་ཇོ་མོ་བྱང་ཆུབ་སྒྲོལ་མ་འཁྲབ་པ་ལས། གཏམ་རྒྱུད་ཁྲོད་དུ་མོ་རང་གློ་བུར་བའི་ཐུག་འཕྲད་ཅིག་གིས་འདས་དོན་གྱི་སྒོ་མོ་ཕྱེས་སུ་བཅུག ཡིན་ཡང་། ཨ་ཅེ་སྒྲོལ་དཀར་གྱི་ཕ་མ་ལྟ་བུའི་སྲུང་སྐྱོང་གིས་མོ་རང་ལ་འཚོ་བའི་གདམས་ཀ་དང་། མི་ཚེ་ལམ་སྟོན་བྱས་མཐར། མོ་རང་མི་སྐྱ་ལས་གྲོལ་བའི་འཇིག་རྟེན་གྱི་ངོས་གཞན་ཞིག་གི་འོད་སྣང་བསྙེག་ནས་འགྲོ་འགོ་བརྩམས།བར་འདིར་ང་ཚོས་གླེང་འོས་པ་ཞིག་ནི་གཡང་ཕྱུག་འཚོས་གློག་བརྙན«དབུགས་ལྒང»ནང་གི་ཇོ་མོ་འཁྲབ་ཆེད་མོ་རང་གི་མགོའི་སྐྲ་བཞར་ནས་མགོ་རིལ་དུ་བཏང་། སྤྱིར་བཏང་བུད་མེད་ཅིག་ལ་མཚོན་ན་སྐྲ་ནི་ལུས་ཀྱི་མཛེས་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ནི་ང་ཚོས་ཤེས་ངེས་པ་ཞིག་རེད། འོན་ཀྱང་མོས་གློག་བརྙན་འཁྲབ་སྟོན་གྱི་ཆེད་དུ་མཛེས་པའི་སྐྲ་ལོ་སར་གཡུག་ཐུབ་པ་ནི། མདོར་ན་མོས་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་ལ་བཅངས་པའི་གུས་སེམས་རྣལ་མ་ཞིག་ཏན་ཏན་ཡིན་སྲིད།

  པདྨ་ཚེ་བརྟན་གྱི་གློག་བརྙན«དབུགས་ལྒང»ད་ལོར་སྔ་གཞུག་ཏུ་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཁྲོ་རོན་ཁྲོ་རྒྱལ་སྤྱིའ་གློག་བརྙན་དུས་ཆེན། ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཕེན་ཡོ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་དུས་ཆེན་སོགས་སུ་གཟིགས་འབུལ་བྱས་ཏེ། ལྟ་མཁན་མང་པོས་དགའ་བསུ་བླ་མེད་བྱས། དེ་དུས་བརྙན་དཔྱད་པ་ལ་ལས་བཤད་རྒྱུར་འདི་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཁྲོད་དུ་ཆེས་གོ་བདེ་བ་དང་། བརྗོད་དོན་སྣ་མང་བ། སྒྲིག་སྦྱོར་གྱི་འགྲོས་ཆེས་མགྱོགས་པའི་བརྩས་ཆོས་ཤིག་རེད་ཟེར། དེ་མིན་བརྗོད་བྱ་ལ་ས་གནས་རང་བཞིན་གྱི་ཁྱད་ཆོས་ལྡན་པ་མ་ཟད། ཕལ་བའི་ལྟ་མཁན་དང་ཚོང་འབྲེལ་གློག་བརྙན་ལམ་བུར་འཚམས་པའི་གློག་བརྙན་ཞིག་ཀྱང་རེད་ཟེར། ཐེངས་འདིའི་གློག་བརྙན་དུས་ཆེན་འདིའི་གཟིགས་འབུལ་བརྒྱུད་ནས། གློག་བརྙན«དབུགས་ལྒང»གི་རྩེར་སོན་གྱི་སྒྱུ་རྩལ་ཁྱད་ཆོས་དང་མྱོང་རོལ་གྱི་རིན་ཐང་ལ་མཐའ་མེད་པ་རྒྱ་གར་ནས་ཡུལ་ནས་ར་སྤྲོད་བྱས།
  རྒྱ་གར་གོ་ཨ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་སྤྱི་ལོ༡༩༥༢ལོར་གསར་འཛུགས་བྱས་པ་ཞིག་ཡིན་ལ། དེ་ནི་རྒྱ་གར་གྱི་ཆེས་ཐོག་མའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཞིག་ཡིན་པ་ཟད། ཡ་གླིང་གི་ཆེས་སྔ་བའི་རིམ་པAཅན་གྱི་གློག་བརྙན་དུས་ཆེན་ཞིག་ཡིན་འདུག འདི་ནི་སྤྱི་ལོ༡༩༧༥ལོ་ནས་བཟུང་ལོ་རེར་ཐེངས་རེ་རྒྱ་གར་ནས་བསྡུ་བ་ཞིག་རེད།
  གློག་བརྙན་དུས་ཆེན་འདི་རུ་བྱ་དགའི་རྣམ་གྲངས་ནི གསེར་གྱི་རྨ་བྱ་དང་། དངུལ་གྱི་རྨ་བྱ། ཟངས་ཀྱི་རྨ་བྱ་བཅས་གློག་བརྙན་རྩེ་གྲ་དང་དཔྱད་འདེམས་པའི་བྱ་དགས་ཆེན་མོ། འཁྲབ་ཁྲིད་པ་རྩེ་གྲ། འཁྲབ་སྟོན་ཕོ་མོ་རྩེ་གྲ་དག་ལ་འབུལ་གྱིན་ཡོད་པ་ཞིག་རེད།

དཔྱད་མཆན་ཡོད།