༼ཐར་ལོ ༽དང་གསེར་གྱི་གྱི་ལིང་རྟགས་མའི་སྔོན་བསུའི་གཟིགས་འབུལ།

       5555.jpg 

          ༢༠༡༥ལོའི་ཟླ༡༡པའི་ཚེས༡༦ཉིན་གྱི་དགུང་མོར།   སྐབས་ལྔ་གཉིས་པའི་ཐེ་ཝན་གསེར་གྱི་གྱི་ལིང་རྟགས་མའི་དོན་བརྗོད་གློག་བརྙན་རྩེ་གྲས་དང་། འཁྲབ་ཁྲིད་པ་རྩེ་གྲས། འཁྲབ་གཞུང་རྩེ་གྲས།  བརྙན་ཕབ་རྩེ་གྲས་བཅས་བྱ་དགའི་སྡེ་ཚན་བཞིའི་རྩེ་གྲས་འོས་མིང་ནང་ཚུད་པའི་བོད་ཀྱི་ཕ་སྐད་གློག་བརྙན༼ཐར་ལོ༽ཞེས་པ་ཐེ་པཱེ་རོལ་དབྱངས་གློག་བརྙན་ཁང་དུ་ས་གདན་དམར་པོའི་སྔོན་བསུ་དང་ཐོག་མའི་གཟིགས་འབུལ་མཛད་སྒོ་གཟབ་རྒྱས་ངང་བསྡུས་པར་མ་ཟད། གློག་བརྙན༼ཐར་ལོ༽ཡི་གཙོ་སྒྲུབ་མི་སྣ་ཁ་ཤས་ཀྱང་ཐེངས་འདིའི་མཛད་སྒོར་ཞུགས། 

                           1111.jpg

 སྐབས་འདིའི་གསེར་གྱི་གྱི་ལིང་རྟགས་མའི་ཀྲུའུ་ཞི་ཀྲང་ཨེ་ཅཱས༼ཐར་ལོའི༽བརྙན་བཟོ་བ་དག་ལ་དགའ་བསུའི་ཚུལ་དུ་བཤད་རྒྱུར།༼ཐར་ལོ ༽ནི་དམིགས་བསལ་གྱི་མཚོན་ཐབས་སྤྱད་པའི་གློག་བརྙན་ཞིག་ཡིན་པས།   ཐེངས་འདིའི་གསེར་གྱི་གྱི་ལིང་རྟགས་མའི་ས་གདན་དམར་པོའི་སྔོན་བསུ་དང་ཐོག་མའི་གཟིགས་འབུལ་དུ་བཞག་ཡོད།  ང་ཚོས་དོན་བརྗོད་གློག་བརྙན་རྩེ་གྲས་འོས་མིང་དུ་ཚུད་པའི་གློག་བརྙན་འདི་རྒྱ་ཆེའི་གཟིགས་མོ་བའི་སྤྱན་སྔར་བསྟར་བའི་གོ་སྐབས་གང་ལེགས་བསྐྲུན་རྒྱུ་ཡིན་ཟེར།

                           4444444444444.jpg

         མཛད་སྒོ་མཇུག་རྫོགས་རྗེས།  ལྟ་མཁན་ཆིག་སྟོང་ལྷག་ཤོང་བའི་རོལ་དབྱངས་གློག་བརྙན་ཁང་ནས་བོད་བརྙན༼ཐར་ལོ༽ཞེས་པ་ཐེངས་འདིའི་གསེར་གྱི་གྱི་ལིང་རྟགས་མའི་སྔོན་བསུའི་ལེགས་སྐྱེས་སུ་གཟིགས་འབུལ་གནང་ཞིང་། གཟིགས་འབུལ་གནང་རྗེས་ལྟ་མཁན་མང་པོའི་དགའ་བསུ་ཚད་མེད་ཐོབ་ཅིང་། མཇུག་མཐའི་གོ་རིམ་སྟེ་ཡུལ་དངོས་བགྲོ་གླེང་གི་སྐབས་སུ། ༼ཐར་ལོའི༽ཕབ་སྐྲུན་པ་ཧྥང་ཐེན་ཧྭ་ཧྭ་ཐེན་པེ་ཅིང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟིའི་འཐུས་ཚབ་མི་སྣ་ལའོ་ཧྥང་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན།  སྐྱེས་པ་གཙོ་འཁྲབ་པ་ཞི་བདེ་ཉི་མ།  སྐྱེས་མ་གཙོ་འཁྲབ་པ་གཡང་ཕྱུག་མཚོ་དང་བརྙན་ཕབ་པ་ལུའུ་སུང་ཡཱེ་བཅས་གར་སྟེགས་སྟེང་བུད་དེ་རྒྱ་ཆེའི་གཟིགས་མོ་བར་གློག་བརྙན༼ཐར་ལོ༽བཟོ་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་གཏམ་རྒྱུད་སོགས་ལ་མཉམ་རོལ་བྱས།  ཐེངས་འདིའི་བགྲོ་གླེང་ལ་གསེར་གྱི་གྱི་ལིང་རྟགས་མའི་བརྙན་གཟིགས་ལག་བསྟར་ཨུ་ཡོན་ཚོགས་པའི་ལག་བསྟར་འགོ་བ་ཝུན་ཐེན་ཞིང་ནས་མགོ་འཛིན་མཛད། 

                        3333333333.jpg

        གློག་བརྙན༼ཐར་ལོ༽ནི་པདྨ་ཚེ་བརྟན་གྱི་ཕ་སྐད་གློག་བརྙན་ལྔ་པ་ཡིན་ལ།  འཁྲབ་གཞུང་ནི་ཁོང་གི་སྒྲུང་ཐུང་༼ཐར་ལོ༽ཞེས་པར་གཞི་བཟུང་ནས་བཅོས་པ་ཡིན། གློག་བརྙན་གྱི་ནང་དོན་གཙོ་བོ་ནི་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད།   

           སྐྱེས་པ་གཙོ་འཁྲབ་པ་ཞི་བདེ་ཉི་མའི་ལུས་སྟེང་དུ་ལྷན་སྐྱེས་སུ༼དྲང་རྐྱང་༽གི་གཤིས་ཀ་ཞིག་མངའ་བས་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་ཐར་ལོའི་ཁེར་རྐྱང་གི་གནས་བབ་མངོན་སུམ་དུ་མཚོན་ཡོད་ཕྱིར། རྒྱ་ཆེའི་ལྟ་མཁན་མང་པོའི་སེམས་སུ་འཇགས་ཤིང་གདེང་འཇོག་ཀྱང་མི་དམན་པ་ཐོབ།  

          ལོ་རབས་དགུ་བཅུའི་རྗེས་ཀྱི་སྐྱེས་མ་གཙོ་འཁྲབ་པ་གཡང་ཕྱུག་མཚོས་གློག་བརྙན་འདིའི་ཁྲོད་དུ་ལོ་སུམ་ཅུར་སོན་པའི་སྐྲ་བཞར་ཁང་གི་ཚོང་བདག་མ་ཞིག་སྤྲས་ཡོད་པས།  རང་བྱུང་བབ་ཆགས་ཀྱི་སྒོ་ནས༼བསླུ་བྲིད་མཁན༽ཞིག་གི་འགུག་ཤུགས་རྗེན་པར་ཐོན་ཡོད། 

          གློག་བརྙན༼ཐར་ལོ༽ཡི་སྒྲིག་བཟོའི་མཛུབ་སྟོན་མཁན།  ཐེ་ཝན་ན་མིང་དུ་གྲགས་པའི་སྒྲིག་བཟོ་བ་མོའུ་ཆིན་སུང་གིས་ཐོག་མའི་གཟིགས་འབུལ་སྐབས་སུ་གཡང་ཕྱུག་མཚོར་བཤད་རྒྱུར།   ངས་ཁྱོད་རང་ཆེད་ལས་གཞས་མ་ཞིག་ཡིན་པ་ཤེས་ཡོད།  ཡིན་ཡང་གློག་བརྙན་ནང་དུ་ཁྱོས་གཞས་གདངས་འཆོལ་ཞིང་རྣ་ལ་མི་སྙན་པའི་གཞས་གཏོང་ཐུབ་པ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད།  ཁྱོད་ཀྱིས་གློག་བརྙན་ནང་གི་འཁྲབ་སྟོན་ཐད་ནུས་པ་མི་དམན་པ་ཐོན་འདུག་པས་ཆེད་ལས་པ་ཞིག་དང་མཚུངས་ཞེས་བསྟོད་བསྔགས་བྱས།

          གཞོན་སྐྱེས་བརྙན་ཕབ་པ་ལེའུ་སུང་ཡཱེ་ལ་ཁྱད་ཆོས་འབུར་དུ་ཐོན་པའི་བརྙན་ཕབ་ཉམས་སྣང་ཡོད་ཕྱིར།   ལས་རིགས་ནང་ཁུལ་གྱི་ཤེས་ལྡན་མི་སྣས་ཁས་ལེན་ཡང་ཡག་པོ་ཐོབ་ཡོད།       

          རྒྱུས་ལོན་བྱུང་བ་ལྟར་ན།   གསེར་གྱི་གྱི་ལིང་རྟགས་མའི་བྱ་དགའ་གནང་བའི་མཛད་སྒོ་ནི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་གྱི་དགུང་མོར་ཐེ་པཱེ་རྒྱལ་ཡབ་རྗེས་དྲན་ཁང་ནས་བསྡུ་འཆར་འདུག   

          གློག་བརྙན༼ཐར་ལོ༽ལ་རྒྱལ་ཁའི་གྲུབ་འབྲས་བཟང་བོ་ཞིག་ཐོབ་པར་རེ་ཞིང་སྒུག་ཡོད།   

དཔྱད་མཆན་ཡོད།