འཕགས་པ་ཐར་གྱི་གློག་བརྙན«མཁའ་དབྱིངས»ཕབ་འགོ་བཙུགས།

གློག་བརྙན་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་མདོར་བསྡུས།


        ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་གཅིག་བསྡུ་དང་། ཁེ་ལས་པ་སོ་སོས་ཐུན་མོང་ཐོག་དབུལ་ཐར་ལས་དོན་གྲོས་ཚོགས་བསྡུས་རྗེས། རྡོ་རྗེ་ཁྱིམ་ཆས་ཅ་ལག་བཟོ་གྲྭའི་སྦྱིན་བདག་རྡོ་རྗེ་ཡིས་ཁྱིམ་ཚང་དཀའ་ཁག་ཅན་གྱི་ན་གཞོན་སྐོར་ཞིག་རང་བཟོ་གྲྭའི་ལས་བཟོ་བ་རུ་བསྡུ་ལེན་བྱེད་རྒྱུའི་ཐག་བཅད་པ་དང་། རང་ཉིད་ཀྱི་ནུས་ཤུགས་དང་ཤེས་རྒྱ་ཁོ་ཚོའི་བརྒྱུད་དུ་འབྱོར་བར་འབད་འབུངས་བྱས་མཐར། ཁོ་ཚོའི་གནས་བབ་ཁ་ལོ་བསྒྱུར་བར་སྐུལ་འདེད་བྱས། བསྡུ་ལེན་བྱས་པའི་ལས་བཟོ་བའི་ནང་དུ་མིང་ལ་བཀྲ་ཤིས་ཕུན་ཚོགས་ཟེར་བའི་ན་གཞོན་ཞིག་ཡོད་པ་དང་། བཀྲ་ཤིས་ཕུན་ཚོགས་ཟེར་བའི་ན་གཞོན་འདི་རིག་རྒོད་ཞིག་ཡིན་ལ། ཁྱིམ་ཆས་སྟེང་སྣུམ་བྱུག་པ་དང་ཚོན་སྡེབ་པ་སོགས་ཀྱི་ཐད་ལྷན་སྐྱེས་ཀྱི་འཇོན་ནུས་ལྡན།

        ཡིན་ན་ཡང་། བཀྲ་ཤིས་ཕུན་ཚོགས་ནི་མི་ལེ་ལོ་ཅན་ཞིག་ཡིན་པས། བྱ་བ་རབ་དང་རིམ་པ་ཞིག་བརྒྱུད་མཐར་སྦྱིན་བདག་རྡོ་རྗེ་ཁོའི་སྟེང་ལ་ཡིད་ཆེས་མེད་པར་གྱུར། གོང་གི་རྒྱུ་རྐྱེན་དེ་དག་གིས་ཁོའི་འཚོ་བ་ཉིན་རེའི་ཇེ་སྡུག་ཏུ་སོང་བ་དང་།དུས་རྒྱུན་ཏུ་སྦྱིན་བདག་རྡོ་རྗེ་དང་འགལ་ཟླ་བྱུང་། ཐེངས་ཞིག་སྦྱིན་བདག་རྡོ་རྗེ་དང་ཁ་འཁོན་ཚིག་རྩོད་བསླངས་རྗེས། བཀྲ་ཤིས་ཕུན་ཚོགས་གཅིག་པུ་རྨ་ཆུའི་འགྲམ་དུ་སོང་སྟེ་ཨ་རག་བཞེས་ནས་ཞག་ཏུ་ལུས། ཕྱི་ཉིན། དབྱངས་ཅན་མེ་ཏོག་རྨ་ཆུའི་འགྲམ་དུ་ཆུ་ཁུར་བར་འགྲོ་དུས་ཁོ་རང་རྨ་ཆུའི་འགྲམ་དུ་ཆང་གིས་བཟི་ནས་ལོག་འདུག་པ་མཐོང་། དབྱངས་ཅན་མེ་ཏོག་ནི་བཀྲ་ཤིས་ཕུན་ཚོགས་ཀྱི་བཟོ་གྲྭའི་ཉེ་འགྲམ་གྱི་སྡེ་བའི་ནང་གི་བུ་མོ་ཞིག་ཡིན་ལ། དེ་ནས་བཟུང་ཁོ་གཉིས་ངོ་ཤེས་སོང་།

        དབྱངས་ཅན་མེ་ཏོག་གི་མཛེས་པ་དང་སྤྱང་གྲུང་དེ་སྔ་མོ་ནས་རི་སྡེ་གཞན་ལ་ཁྱབ་ཡོད་ཅིང་། ཁོ་མོ་མཐའ་འཁོབ་ཀྱི་རི་སྡེ་ཤིག་ཏུ་སྐྱེས་རུང་བུ་མོ་ཕུགས་སེམས་ལྡན་པ་ཞིག་ཡིན། མ་འོངས་པར་སྐྱེ་ཁམས་ཁོར་སྲུང་ཚོགས་པ་ཞིག་འཛུགས་རྒྱུ་དང་། ཕ་ཡུལ་གྱི་འབག་བཙོག་གཙང་སེལ།ས་གཞི་ཡོངས་སྐྱེས་སྟོབས་ཀྱི་ཁེངས་ཤིང་སྔོ་ལྗང་དུ་འགྱུར་བ་ནི་ཁོ་མོའི་ཕུགས་འདུན་ཡིན།

 

1525486541752109.jpg

1525486536617161.jpg

        ཁོ་གཉིས་ངོ་ཤེས་རྗེས་ན་ཆུང་གི་སེམས་པ་འདི་གཉིས་རིམ་གྱིས་ཇེ་ཉེ་ནས་ཇེ་ཉེར་གྱུར་ཅིང་། ལྷད་མེད་ཀྱི་བརྩེ་བ་ཟབ་མོ་ཞིག་ཆགས། དབྱངས་ཅན་མེ་ཏོག་གི་ལྷད་མེད་ཀྱི་བརྩེ་དུང་དང་མི་གཤིས་ཡག་པོའི་ཤུགས་རྐྱེན་འོགབཀྲ་ཤིས་ཕུན་ཚོགས་ཀྱང་ལུས་ལ་བརྩོན་ཞིང་ཡར་སེམས་ལྡན་པ་ཞིག་ཏུ་གྱུར། མཇུག་མཐར། ཚང་མས་སྣང་མེད་དུ་བཞག་པའི་བཀྲ་ཤིས་ཕུན་ཚོགས་རང་ཉིད་ལས་རྒྱལ་དེ། ལས་རིག་གསར་གཏོད་ཀྱི་ལམ་ཁར་ཞུགས། 


3333.jpg

འཕགས་པ་ཐར།  2006ལོར་སྙན་དེབ«ངས་ད་དུང་ཐེངས་ཤིག་བཤད»པར་སྐྲུན་འགྲེམས་སྤེལ་བྱས།2008ལོར«གནའ་རྒྱའི་ཚེ་ལོ»ལས་གཞོན་དུས་ཀྱི་གནའ་རྒྱའི་ཚེ་ལོ་འཁྲབ་སྟོན་བྱས། 2009ལོར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་བཟོ་བའི་རིག་རྩལ་དགོང་ཚོགས་སྟེང་«ལས་འབྲས»ཞེས་པའི་གླུ་གཞས་ཐོག་མ་བླངས། 2013ལོར་གློག་བརྙན་«མདོ་ལྷོའི་མཛའ་གཞས»ཞེས་པ་ལས་རྒྱལ་པོ་འཁྲབ་སྟོན་བྱས། CCTV6འཁོར་སྐར་འཕྲུལ་ལམ་ནས་བཏང་། 2014ལོར་སྤྱི་ཕན་མུ་འབྲེལ་ཟློས་གར«སྐྱིད་སྡུག་གི་ལོ་ཟླ»འི་བརྙན་རིས་མཛེས་བཟོ་དང་མགོ་བརྗོད་སྒྲིག་བཟོ་བྱས།  2015ལོར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་འགུལ་བརྙན་ལས་བཟོ་བྱས།2016ལོར་«སྦྲ་ནག་གི་ལས་དབང་།»མགོ་བརྗོད་སྒྲིག་བཟོ་བྱས། ཉེ་བའི་ལོ་འདི་འགའི་རིང«བོད་མིའི་རིག་གནས་དྲ་བ»དང་«ཀྲུང་གོའི་དེབ་རབས་སྙན་ངག»«ཁྱེད་ལ་བྲིས་པའི་སྙན་ངག»སོགས་དྲ་བའི་སྟེང་སྙན་ངག་སུམ་ཅུར་ཉེ་བ་སྤེལ།ཉེ་ལམ་སྔ་ཕྱིར་བརྙན་འཕྲིན་ལེ་ཚན་མགོ་བརྗོད་སྒྲིག་བཟོ«སྒྱུ་རྩལ་གླིང་ག»«འགྲན་རྩལ་དོ་ར།»«ཆུ་ཤིང་བསྟན་བཅོས།»སོགས་ཡོད་ལ།གཞན་ཚོང་རྟགས་ཇུས་འགོད་ཉི་ཤུ་ལྷག་དང་སྤྱི་ཕན་བརྙན་ཐུང་དྲུག་ལྷག་གྲུབ།  2009—2012ལོ་གསུམ་རིང་པེ་ཅིན་དུ་གློག་བརྙན་མཛེས་ཐད་སྦྱོང་བ་བྱས། ད་ལྟ་ཨ་མདོ་བརྙན་འཕྲིན་ཁང་གི་འཁོར་སྐར་འཕྲུལ་ལམ་གྱི་བརྙན་འཕྲིན་མཛེས་བཟོ་དང་ལེ་ཚན་ཐུམ་བཟོ་སོགས་ཀྱི་འགན་ཁུར་ཡོད།

དཔྱད་མཆན་ཡོད།