ནང་དོན་གནད་བསྡུས།
ཀ་བ་དང་ཁ་བ་གཉིས་ཀྱིས་ཚོ་བ་གཞན་ནས་གཡག་ཅིག་བརྐུས་ཏེ་རྫོང་གི་ཕྱོགས་སུ་སྐྱོད་ཀྱིན་ཡོད་ལ། རྫོང་ནས་གཡག་བཙོང་སྟེ་སྐྱིད་པོ་བྱ་འཆར་ཡོད། ཡིན་ནའང་ལམ་བར་ནས་ཁ་བའི་རྨི་ལམ་ནང་གཟན་ཤམ་ཤིན་ཏུ་དམར་བའི་གྲྭ་པ་ཞིག་ཡོང་སྟེ"ངས་རྣ་རུ་སྲུང་སྐུད་ཡོད་པའི་གཡག་ཅིག་བོར་སོང་། ཁྱོད་ཀྱིས་ཨེ་མཐོང་།"ཞེས་ཡང་དང་བསྐྱར་དུ་འདྲི་བཞིན་པ་རྨིས། ཁ་བ་གཉིད་ལས་སད་རྗེས་གཡག་དེའི་རྣ་རུའང་སྲུང་སྐུད་ཡོད་པ་མཐོང་བས་བློ་བདེ་བོར་གནས་ཀྱིན་མེད། ཁོ་གཉིས་རྒད་པོ་ཞིག་ལ་འཕྲད་ཅིང་དེས་གཞི་བདག་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་པས་ཁ་བ་ལྷག་ཏུ་འཚབ་འཚུབ་ཏུ་བཏང་། ས་རུབ་ཁར་ཁོ་གཉིས་ཁྱིམ་ཚང་ཞིག་ནས་ཞག་སྡོད་བྱས་ཤིང་ཁ་བས་ཡང་བསྐྱར་རྨི་ལམ་འཇིགས་པོ་ཞིག་རྨིས་པས་ཀ་བར་གཡག་དེ་ཕྱིར་གཏོང་མིན་སྐོར་གྲོས་གཞི་བཏོན། ཀ་བ་དོན་འདིར་རྩ་བ་ནས་ཡིད་འཐད་མེད་པ་མ་ཟད། ཁོ་གཉིས་ཀྱི་འགལ་བ་ཆེར་ཕྱིན། ལམ་བར་ཁོ་གཉིས་ཀྱི་རླངས་འཁོར་ལ་ཆག་སྐྱོན་བྱུང་བ་དང་། ཁ་བས་སླར་ཡང་རྨི་ལམ་ཞིག་རྨིས། རྨི་ལམ་ནང་ཁོས་ཀ་བ་བསད་ཅིང་གཡག་བསྐྱབས་ནས་ཕྱིར་ཡོང་བཞིན་པ་རྨིས།
གཙོ་འཁྲབ་པ། རིན་ཆེན་ནོར་བུ་དང་སྒྲོལ་དཀར་སྐྱབས།
སྐར་སུམ་ཅུའི་ཡུན་གྱི་བརྙན་འདི་ནི་ཉིན་བཞིའི་དུས་ཚོད་ནང་རྨ་ཆུའི་དངུལ་རྭར་ཕབ་སྐྲུན་བྱས་ཤིང་། ནང་དུ་རྐུན་མ་གཉིས་ཀྱིས་གཡག་ཅིག་བརྐུས་པའི་བརྒྱུད་རིམ་མངོན་ཡོད། རང་ལ་མཚོན་ན་ཤེས་བྱ་དང་བློ་སྦྱོང་གང་ནས་ཀྱང་དེ་འདྲའི་ཡག་པོ་མིན་སྟབས་སྐྱོན་དང་མི་འདང་སའི་ཆ་མང་པོ་ཡོད་ངེས་མོད། ཡིན་ནའང་དུས་ཚོད་འདིའི་ནང་ཉམས་མྱོང་དང་བློ་སྐྱེད་ཀྱང་གང་འཚམ་ཐོབ་པས་མ་འོངས་པར་གློག་བརྙན་བཟོ་བའི་གདེང་ཇེ་མཐོར་གྱུར་སོང་། གཞན་ཐེངས་འདིའི་གྲོགས་པོ་ཚོར་བཀའ་དྲིན་ཆེ་ཞུས་པ་ཡིན།
འཁྲབ་ཁྲིད་དང་འཁྲབ་གཞུང་ ། བློ་བཟང་བཀྲ་ཤིས།





དཔྱད་མཆན་ཡོད།