བསོད་རྡོའི«མཐར་མཇུག་གི་སྦྲ་ནག»ལ་རྒྱལ་སྤྱིའི་བསྐོ་མིང་བྱ་དགའ་ཐོབ།



1526393544580111.jpg

འཁྲབ་ཁྲིད་པ།  བསོད་རྡོ།


འཁྲབ་ཁྲིད་པ་ངོ་སྤྲོད།

མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསོད་ནམས་རྡོ་རྗེའམ་བསྡུས་མིང་དང་སྨྱུག་མིང་ལ་བསོད་རྡོའམ་རྐ་ཕུག་བསོད་རྡོ་ནི། མཚོ་སྔོན་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རྐ་ཕུག་རུ་མཚེར་སྡེ་བའི་ཡ་མཁར་ཚོ་བར་སྐྱེས། ཀྲུང་གོའི་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི། ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་དཔྱད་སྡུར་ཚོགས་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན།

སྤྱི་ལོ༢༠༠༥ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན། སྤྱི་ལོ༢༠༠༥ལོའི་ཟླ༩པ་ནས་༢༠༡༠ལོའི་ཟླ༣པའི་བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་ནས་གསར་འགྱུར་ལོ་ཙཱ་དང་རྩོམ་སྒྲིག །རྩོམ་འབྲི།  རིག་རྩལ་དང་ཆེད་སྒྲིག་ལེ་ཚན་ཇུས་འགོད་དང་སྒྲིག་ཁྲིད། བརྙན་ཕབ། སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར། སྤྱི་ལོ༢༠༠༧ལོར་ཁོས་ཇུས་འདོན་བྱས་པའི་ཨ་མདོ་བརྙན་འཕྲིན་གྱི་ན་ཆུང་བྱིས་པའི་ཆེད་སྒྲིག་ལེ་ཚན་མེ་ཏོག་གངས་ལྷ་གསར་སྒྲུབ་སྒོ་འཕར་ཕྱེས། སྤྱི་ལོ༢༠༠༨ལོར་ཁོས་ཇུས་འདོན་དང་སྒྲིག་ཁྲིད་བྱས་པའི་བྱིས་པའི་ལོ་སར་དགོང་ཚོགས་མདོ་ལ་རིང་མོའི་སྐྱ་རེངས་ཀྱི་ཡོལ་བ་ཕྱེ་ནས་བོད་སྐད་བརྙན་འཕྲིན་ལ་ན་ཆུང་བྱིས་པའི་ལོ་སར་དགོང་ཚོགས་མེད་པའི་ལོ་རྒྱུས་ལ་སྟོང་ཆ་ཐོག་མར་བསྐངས། ལོ་དེར་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་ཕབ་བསྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁ་སང་གི་གཏམ་རྒྱུད་ཀྱི་བརྙན་ལེན་པའི་སྡེ་དང་། རབ་བཏགས་བརྙན་འཕྲིན་གཡང་དཀར་གྱི་གཏམ་རྒྱུད་ཀྱི་བརྙན་སྐྲུན་དང་བརྙན་ཕབ་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་འཁུར་ནས་གྲུབ་འབྲས་མི་དམན་པ་བླངས།  

སྤྱི་ལོ༢༠༡༠ལོའི་ཟླ༤པར་བྱ་བའི་དགོས་དབང་གིས་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་གནས་སྤར། གསར་འགྱུར་དང་ཆེད་སྒྲིག། དངོས་བྲིས། གློག་བརྙན་འཕྲིན་སོགས་ཀྱི་བརྩམས་ཆོས་མང་པོར་ཞིང་ཆེན་དང་རྒྱལ་ཁབ། རྒྱལ་སྤྱིའི་རིམ་པའི་བྱ་དགའ་ཐོབ་མྱོང་། འཐུས་ཚབ་བརྩམས་ཆོས་ལ་དངོས་བྲིས་བརྙན་འཕྲིན་ཏུའུ་ལན་གནའ་བོའི་ཐུ་བྷོད་བང་སོར་མཇལ་བའི་མཐོང་ཐོས་མྱོང་གསུམ་དང་། ལེའུ་གཉིས་ཅན་གྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར་མཐར་མཇུག་གི་སྦྲ་ནག བོད་ཁུལ་མ་བུ་བདེ་སྲུང་དང་ཨེ་ཛིའི་རིམས་ནད་སྔོན་འགོག་སྐོར་བརྗོད་བྱ་ཡིན་པའི་ལེའུ་ལྔ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་སྐྱིད་སྡུག་གི་ལོ་ཟླ་སོགས་ཡོད། སྙན་ངག ཁ་དོག་ཤོར་བའི་དཔྱིད་དུས་དང་། དཔྱད་རྩོམ་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་གོ་རྟོགས་དང་ནུས་རྩལ་སྐོར་རོབ་ཙམ་གླེང་བ། འབོལ་རྩོམ་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ལས་འཕྲོས་པའི་དྲན་འཆར་ལྷུག་པོ་དང་། གཞས་ཚིག་རེ་འབོད་སྙིང་གི་སེམས་གཞས་དང་དུས་ཆེན་མཆོད་གླུ། ཁྲབ་གཞུང་འཚར་ལོངས་སྐྱ་བོ་སོགས་ཡོད་ལ། རྩོམ་སྟངས་རིགས་མི་འདྲ་བ་མང་པོའི་བརྩམས་ཆོས་དུ་མ་ཞིང་ཆེན་ཕྱི་ནང་གི་སྒེར་གཞུང་དུས་དེབ་དང་ཚགས་པར། བརྙན་འཕྲིན།  རྒྱང་སྒྲོག།  དྲ་ཚིགས་སྣ་ཚོགས་སུ་བཀོད་མྱོང་།

རྩིས་ཚན་ནི་ཆེད་ལས་དང་རིག་ཚན་ལ་མོས་ཤིང་འབྲས་རྟགས་ཡོད་པའི་ཁོ་རང་ཆུང་དུས་སུ་རྩོམ་རིག་གསར་རྩོམ་ཕྱོགས་ལ་མོས་འདུན་ཆེ་བས།དུས་ནམ་ཡང་སྨྱུག་གུའི་སྐྱུག་མཚམས་མ་བཞག་པར། དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཤིག་དང་ཞོར་གྱི་ལས་རིགས་ཤིག་ཏུ་ཅིས་ཀྱང་རྩི་བཞིན་ཡོད།

སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུ་བསྡོམས་པས་རྒྱལ་ཁབ43གྱི་གློག་བརྙན་འཕྲིན་བརྩམས་ཆོས1000ལྷག་འགྲན་ཞུགས་མིང་ཐོར་བཀོད་པ་དང་། མཇུག་མཐར་རྒྱལ་ཁབ32ཀྱི་གློག་བརྙན་འཕྲིན་བརྩམས་ཆོས་94བདམས་ཐོན་བྱུང་ནས་བྱ་དགའི་རྣམ་གྲངས་ཐག་བཅད་པ་རེད།

དཔྱད་མཆན་ཡོད།