འགྲོ་གྲོན་ཆེ་ཤོས་ཀྱི་བོད་བརྒྱུད་ལྷ་སྒྲུང་གློག་བརྙན་ཞིག་སྟོན་མཚམས་བཞག

རྒྱ་ནག་གི་གློག་བརྙན་ལོ་རྒྱུས་ནང་འགྲོ་གྲོན་ཆེ་ཤོས་ཏེ་བོད་བརྒྱུད་ནང་བསྟན་གྱི་ལྷ་སྒྲུང་རིག་པ་གཞིར་བཟུང་གི་མུ་འབྲེལ་གློག་བརྙན་ཨེ་སོ་རཱ་རྒྱ་ནག་རྒྱལ་ཡོངས་སུ་བསྟན་ནས་བདུན་ཕྲག་གཅིག་མ་འགོར་བར་སྟོན་མཚམས་བཞག་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཕེན་ཀྲུང་(Peng Zhang)གིས་ལོ་ངོ་ ༦ ལྷག་གི་རིང་ལ་འཁྲབ་ཁྲིད་བྱས་ཤིང་། འགྲོ་གྲོན་ཨ་སྒོར་ས་ཡ་ ༡༡༣ བཏང་བའི་གློག་བརྙན་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྒྲུང་རིག་པ་གཞིར་བཟུང་ནས་འཁྲབ་པའི་ཨེ་སོ་རཱ(Asura)ཞེས་པའི་མུ་འབྲེལ་གློག་བརྙན་དེ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དག་ཏུ་བསྟན་ཏེ་བདུན་ཕྲག་གཅིག་མ་སོང་བར་སྟོན་མཚམས་འཇོག་དགོས་བྱུང་ཡོད་འདུག

cxyy87118_b.jpg

གློག་བརྙན་དེ་སྟོན་མཚམས་འཇོག་དགོས་པའི་རྒྱུ་མཚན་ད་དུང་གསལ་ཁ་ཅི་ཡང་མེད་ན་ཡང་། མི་མང་པོས་གློག་བརྙན་དེས་རྒྱ་ནག་རྒྱལ་ཡོངས་སུ་ཧ་ཅང་གྲགས་འགུལ་ཆེན་པོ་ཞིག་བསླངས་ཡོད་པས་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་དང་། བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་གློག་བརྙན་བཟོ་སྐྲུན་པ་(Zhenjian Film Studio Ningxia Film Group)ཝེ་པོ་དྲ་རྒྱའི་སྟེང་། རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་གསལ་བསྒྲགས་ཤིག་བཏང་བའི་ནང་ང་ཚོས་གློག་བརྙན་འདིར་ལྟ་རྒྱུའི་གོ་སྐབས་མ་ཐོབ་པའི་ལྟད་མོ་བ་རྣམས་དང་། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་སྟེང་ལོ་ངོ་ ༦ རིང་གློག་བརྙན་འདི་འཁྲབ་སྟོན་བྱེད་མཁན་རྣམས་ལ་སེམས་གཏིང་ནས་དགོངས་དག་ཞུས་པ་ཡིན། ཞེས་བཀོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། གློག་བརྙན་དེ་འགྲེམ་སྟོན་མ་བྱས་གོང་དུ་སྲིད་གཞུང་གིས་ཚད་མཐོན་པོས་རྒྱབ་སྐྱོར་དང་ངོས་ལེན་བྱས་ཡོད་པ་མ་ཟད། རྒྱ་ནག་ནིན་ཞཱ་(Ningxia)གཞུང་འབྲེལ་མཐོ་རིམ་མགོ་འཁྲིད་ཚོ་གློག་བརྙན་དེའི་དབུ་འབྱེད་མཛད་སྒོའི་སྟེང་བཅར་ཡོད་སྐོར་བརྗོད་ཡོད་ན་ཡང་། གློག་བརྙན་བསྟན་ནས་ཉིན་ཤས་རིང་ཨ་སྒོར་ས་ཡ་ ༧.༣ ཙམ་ལས་ལེན་མ་ཐུབ་པར་མཚམས་འཇོག་དགོས་བྱུང་ཡོད་འདུག

ཨེ་སོ་རཱ་གློག་བརྙན་འཁྲབ་འཁྲིད་ལས་རོགས་ཤིག་གིས་རྒྱ་ནག་གི་(Sina news)གསར་ཁང་ལ། གློག་བརྙན་དེ་སྟོན་མཚམས་འཇོག་དགོས་དོན་གློག་བརྙན་ཁང་དག་གིས་མ་འགྲིག་པ་མ་རེད་ལ། འདི་ནས་མཇུག་སྒྲིལ་བའང་མ་ཡིན་པར་ང་ཚོས་གློག་བརྙན་གྱི་ནང་དོན་ཁག་ཅིག་ལ་འགྱུར་བ་བཏང་སྟེ་བསྐྱར་དུ་ཕྱིར་བཏོན་གྱི་ཡིན་སྐོར་བརྗོད་ཡོད་འདུག

a41f726b573a1c9bfadc3d.jpg

གློག་བརྙན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ལྷ་སྒྲུང་རིག་པ་གཞིར་བཟུང་སྟེ། ལོ་ན་ ༡༨ ཡིན་པའི་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཝོ་ལའེ་(Wu Lei)ཡིས་གཙོ་འཁྲབ་བྱས་ཡོད་པ་དང་། ཨེ་སོ་རཱ་ཞེས་པའི་ལུག་རྫི་ཞིག་ཧ་ཅང་དཔའ་རྟུལ་ཆེ་བའི་རྒྱལ་པོ་ཞིག་ཏུ་གྱུར་ཏེ།  ཨེ་སོ་རཱ་ཡིས་ལྷ་ཡུལ་དབང་བསྒྱུར་བར་འདོད་པའི་རྟོག་སྒྲུང་གི་གཏམ་རྒྱུད་ཅིག་ཡིན་པ་དང་། གློག་བརྙན་དེའི་འཁྲབ་ཚུལ་དང་མི་སྣའི་རྣམ་པ་བྱེད་ལུགས་སོགས་ཚང་མ་རྒྱ་ནག་གི་རིག་གནས་ཇི་བཞིན་འཁྲབ་ཡོད་འདུག

གློག་བརྙན་ལ་འགྲོ་གྲོན་ཧ་ཅང་ཆེན་པོ་བཏང་སྟེ། རྒྱ་ནག་གི་གློག་བརྙན་ཁྲོམ་རའི་ནང་སླེབས་པ་དང་སྤྱི་ཚོགས་དྲ་ལམ་དང་རྒྱ་ནག་གི་དྲ་ལམ་གློག་བརྙན་འཚོལ་བཤེར་(Douban)ཞེས་པ་སོགས་ཀྱི་སྟེང་ལབ་གླེང་དང་གྲགས་འགུལ་ཆེན་པོ་བྱུང་ཡོད་པ་དང་། དེ་བཞིན་དྲ་ལམ་སོགས་ནས་གློག་བརྙན་དེར་མཆན་ངན་པའི་རིགས་དང་ལྷག་པར་དུ་གད་སྙིགས་རེད་ལྟ་བུ་བཤད་མཁན་མང་པོ་ཡོད་འདུག ཧོ་ལེ་ཝོ་ཌི་གསར་གནས་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨེ་སོ་རཱ་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཚོའི་བསམ་ཚུལ་ལྟར་ན། ཐེངས་འདིར་དྲ་ལམ་ཁག་ནས་གློག་བརྙན་དེའི་སྣང་བརྙན་ངན་པའི་ཕྱོགས་སུ་བསྒྱུར་བར་རྩ་འཛུགས་ཡོད་པའི་སྒང་ནས་ངན་བྱུས་བྱེད་མཁན་བྱུང་ཡོད་སྐོར་བརྗོད་འདུག

གློག་བརྙན་དེ་ནི་རྒྱ་ནག་གི་གློག་བརྙན་ལོ་རྒྱུས་ཁྲོད་ད་སྔ་ཆེས་འགྲོ་གྲོན་ཆེ་བའི་གློག་བརྙན་གཅིག་པུ་དང་རྒྱལ་སྤྱིའི་ཁྲོད་ཨང་ ༧ དེ་ཆགས་ཡོད་པ་དང་། གློག་བརྙན་འཁྲབ་སྟོན་མཁན་ལ་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་(Tony Leung Ka-fai)དང་(Carina Lau)། དེ་བཞིན་ཧོ་ལེ་ཝོ་ཌི་ཨོ་སི་ཁཱར་བྱ་དགའ་ཐོབ་པའི་ནེའུ་ཛི་ལན་ཌིའི་འཁྲབ་སྟོན་མ་(Ngila Dickson)། (The Lord of the Rings)དཀོན་མཆོག་གི་སོར་གདུབ་ཅེས་པའི་གློག་བརྙན་གྱི་མཛེས་བཟོ་བ་ཁག་ཅིག་གིས་ཆ་ཤས་བླངས་ཡོད་པ་སོགས། རྒྱ་ནག་དང་ཕྱི་རྒྱལ་གྱི་གློག་བརྙན་འཁྲབ་སྟོན་པ་གཙོས་མི་སྣ་ ༢༥༠༠ ཡིས་འཁྲབ་སྟོན་དང་ལས་རོགས་བྱས་ཡོད་པ་དང་། རྒྱ་ནག་གི་ནིན་ཞཱ(Ningxia)དང་ཧི་པེ་(Hebei)། མཚོ་སྔོན་གཙོ་བོར་གྱུར་བའི་ས་གནས་ཁག་མང་པོ་ཞིག་ནས་འཁྲབ་སྟོན་བྱས་ཡོད་འདུག

༢༠༡༨/༠༧/༡༨

དཔྱད་མཆན་ཡོད།