སྐལ་བཟང་མེ་ཏོག་ཚང་ནས་སློབ་གསོའི་གློག་བརྙན་འགྲེམ་སྤེལ་བྱས།

640.jpg

དང་པོ། ཚོགས་འདུ་སྤྱིའི་གནས་ཚུལ།

           2018ལོའི་སྤྱི་ཟླ11པའི་ཚེས3ཉིན། ངེད་རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གིས་རྒྱ་གར་གྱི་སློབ་གསོའི་གློག་བརྙན་གྲགས་ཅན༼ སའི་གོ་ལའི་སྟེང་གི་སྐར་མ ༽ བོད་འགྱུར་མའི་འགྲེམ་སྤེལ་མཛད་སྒོ་བསྡུས། རྨ་ལྷོ་ས་ཁུལ་གྱི་མཁས་པ་དང་། རྩོམ་པ་པོ། གློག་བརྙན་ཆེད་མཁས་པ། སློབ་མའི་ཁྱིམ་བདག་དང་དགེ་རྒན་སོགས་སློབ་གསོ་དོན་གཉེར་ཅན་གྱི་ས་ཐག་རིང་ཐུང་གི་སྐུ་མགྲོན་མང་པོ་ཞུགས།


གཉིས་པ། མཛད་རིམ་རྒྱས་པ།

མཛད་རིམ་དང་པོ།

1541511646153322.jpg

རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ཀྱི་ཚོགས་མགོ་རྩོམ་པའི་གཏམ་བཤད།

        རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གི་གླིང་གཙོའམ་ཐེངས་འདིའི་སློབ་གསོའི་གློག་བརྙན་གྲགས་ཅན༼ སའི་གོ་ལའི་སྟེང་གི་སྐར་མ ༽ ལག་བསྟར་འགྲེམ་སྤེལ་བྱེད་མཁན་རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཚོགས་མི་ངོ་སྤྲོད་བྱས་ཤིང་། ཨ་ཁུ་ཨ་ཇོ་ལགས་ཀྱིས་གློག་བརྙན་གྱི་པར་དབང་གནང་བར་བཀའ་དྲིན་ཞུས་པ་དང་། རང་གིས་མི་ལོ་དུ་མར་བྱིས་པའི་སློབ་གསོའི་ལས་ཀ་བསྒྲུབས་པའི་ཉམས་མྱོང་དང་། དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ལ་བཀའ་དྲིན་ཞུས། གཞན་ཡང་གློག་བརྙན་འགྲེམ་སྤེལ་ཚོགས་འདུར་སྐུ་བཅར་མ་ཐུབ་པའི་སྐུ་མགྲོན་ཏེ། དགེ་རྒན་ཆེན་མོ་གུར་མགོན་སྐྱབས་དང་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ། རྩེ་སྨིན་གྲོལ་སོགས་ཀྱིས་བསྐུར་བའི་ཤེས་ཚིག་བཀླགས།

མཛད་རིམ་གཉིས་པ།

1541511747803876.jpg

རང་གྲོལ་དུས་དེབ་འགྲེམ་སྤེལ།

              རྨ་ལྷོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས༼ རང་གྲོལ ༽དུས་དེབ་འགྲེམ་སྤེལ་བྱས་པ་དང་སྙན་ངག་པ་བྱང་གྲོལ་གྱིས་རང་གྲོལ་དུས་དེབ་སྟེང་དུ་བཀོད་པའི་རང་གི་སྙན་ངག་གྱེར་འདོན་བྱས།


མཛད་རིམ་གསུམ་པ།


55.jpg

         སྙན་ངག་པ་རེ་རྐང་གླིང་གིས་གློག་བརྙན༼ སའི་གོ་ལའི་སྟེང་གི་སྐར་མར ༽བལྟས་པའི་མྱོང་ཚོར་དང་སྦྲགས་ཏེ། གློག་བརྙན་ལ་བལྟ་བའི་དགོས་པ། ལོ་རྒྱུས་དང་སྦྱར་ཏེ་གློག་བརྙན་ཞེས་པའི་བརྡ་ཆད་ངོ་སྤྲོད། གློག་བརྙན་གྱི་དར་འཕེལ། རྒྱ་གར་གྱི་གློག་བརྙན་སྤྱིའི་གནས་བབ་དང་སྒོས་སུ་འཁྲབ་སྟོན་པ་ཨ་མེའར་ཧཱན་གྱི་ལོ་རྒྱུས། གློག་བརྙན༼ སའི་གོ་ལའི་སྟེང་གི་སྐར་མའི ༽ནང་དོན་བཅས་ཀྱི་ཐད་ནས་གཏམ་བཤད་གནང་།

མཛད་རིམ་བཞི་བ།


1541511687987708.jpg

        ཨ་ཁུ་ཨ་ཇོ་ལགས་ཀྱིས་གློག་བརྙན་འདི་སྐད་སྒྱུར་བྱས་པའི་བརྒྱུད་རིམ་དང་དགོས་པ། དཀའ་ཁག་སོགས་ཀྱི་ཐད་ནས་གསུང་བཤད་གནང་བ་དང་གློག་བརྙན་འདི་ཕབ་སྒྱུར་དང་དཔར་སྐྲུན་སོགས་ཀྱི་ཐད་དུ་རྒྱབ་སྐྱོར་གནང་མཁན་ལ་བཀའ་དྲིན་ཞུས།

མཛད་རིམ་ལྔ་བ།

23617e8026ce3fd8d2957cf2a120bab6.jpg

གློག་བརྙན་གཟིགས་འབུལ།


གསུམ་པ། ཇ་ཞོར་རང་མོས་བགྲོ་གླེང་།

77.jpg
88.jpg

           མཚོ་སྔོན་ཨ་མའི་བུ་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་སྤྱི་གཉེར་བ་བསེ་ཨ་མའི་བུ་ལགས་ཀྱིས་གློག་བརྙན་འདི་སྐད་སྦྱོར་གྱི་བརྒྱུད་རིམ་གསལ་བཤད་བྱས་པ་དང་། གཅན་རང་སྐྱེས་ལགས་ཀྱིས་༼  སའི་གོ་ལའི་སྟེང་གི་སྐར་མ ༽ཞེས་པའི་གློག་བརྙན་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ཏེ།ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོར་འབྲེལ་བའི་གཏམ་བཤད་གནང་། འཁྲབ་སྟོན་པ་གཅོད་པ་རྒྱལ་གྱིས་གློག་བརྙན་གྱི་བརྙན་མིག་བཀོད་སྒྲིག་བྱེད་སྟངས་སྐོར་གྱི་ལེགས་ཆ་གླེང་། གཞན་ཡང་། སྒྲུང་གཏམ་རྩོམ་པ་པོ་རིག་ལྡན་རྒྱ་མཚོ་དང་། སློབ་གསོ་བ་རྒན་འབྲོང་བུ་རྡོ་རྗེ་རིན་ཆེན། ནག་ཀྱཱ་བ་ཤ་བོ་ཚེ་རིང་། རོང་བོ་གངས་དཀར། རེ་རྐང་གླིང་སོགས་ཀྱིས་སློབ་གསོའི་ལས་ཀ་གཉེར་བའི་ཉམས་མྱོང་དང་། བྱིས་པའི་རང་རྟོན་གྱི་སེམས་ཁམས་སྐྱེད་སྲིང་། བྱིས་པའི་སློབ་གསོའི་དཀའ་ཁག ཟུར་སོ་སོ་ནས་གློག་བརྙན་འདིར་གོ་བ་ལེན་ཆོག་ཚུལ། གཞན་ཡང་འཁྲབ་སྟོན་པ་ཨ་མའེར་ཧཱན་གྱི་གློག་བརྙན་བརྩམས་ཆོས་གཞན་དག་གི་ཁྱད་ཆོས་དང་བསམ་བློ། བོད་ཀྱི་གློག་བརྙན་སྐད་སྒྱུར་གྱི་ལས་ཀའི་ཁྲོད་བྱིས་པའི་སྐད་སྒྱུར་གྱི་སྟོང་ཆ་སྐོང་དགོས་ཚུལ་ཐད་ལ་རེ་བ་ཞུས།

དཔྱད་མཆན་ཡོད།