«ལག་དམར»ལ་ཉི་ཧོང་ནས་དཔྱད་བརྗོད་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ།

  སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན།ཐོ་ཁྱོFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་དགུ་བའི་བྱ་དགའ་སྟེར་བའི་མཛད་སྒོ་གྷིན་ཛ་ནས་གཟབ་རྒྱས་ངང་སྤེལ་ཞིང་།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ«ལག་དམར»ཞེས་པར་དཔྱད་བརྗོད་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ།འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལFILMeXརྒྱལ་སྤྱིའི་གློག་བརྙན་སྟེང་བསྟུད་མར་བྱ་དགའ་ཐོབ་ཐེངས་གསུམ་པ་རེད།༢༠༡༡ལོར་གློག་བརྙན«ཁྱི་རྒན»ལ་ཐོ་ཁྱོFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་གཉིས་པའི་སྟེང་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་ཅིང་།༢༠༡༥ལོར་གློག་བརྙན«ཐར་ལོ»ལ་ཡང་བསྐྱར་ཐོ་ཁྱོFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་དྲུག་པའི་སྟེང་གློག་བརྙན་རྩེ་གྲའི་བྱ་དགའ་དང་སློབ་མའི་དཔྱད་བརྗོད་ཚོགས་པའི་བྱ་དགའ་ཐོབ།

  ཐེངས་འདིར་གློག་བརྙན་རྩེ་གྲའི་བྱ་དགའ་ཝོ་ཚི་པེ་ཁུ་སི་ཐན་གྱི་འཁྲབ་ཁྲིད་པSergei DVORSEVOYལགས་ཀྱི་བརྩམས་ཆོས«Ayka»ཞེས་པར་ཐོབ། དཔྱད་བརྗོད་ཚོགས་པའི་དམིགས་བསལ་བྱ་དགའ་རྒྱལ་ཁོངས་ཉི་ཧོང་ནས་ཡིན་པའི་འཁྲབ་ཁྲིད་པHIROSE Nanakoལགས་ཀྱི་གློག་བརྙན«夜明»His Lost Nameཞེས་པར་ཐོབ། རྒྱ་ནག་གི་འཁྲབ་ཁྲིད་པ་པེ་གིན་གྱི་བརྩམས་ཆོས«སའི་གོ་ལའི་མཇུག་མཐའི་མཚན་མོ»ཞེས་པར་སློབ་མའི་དཔྱད་བརྗོད་ཚོགས་པའི་བྱ་དགའ་ཐོབ།

  འཁྲབ་ཁྲིད་པ་ཝང་ཡེ་ལགས་དབུ་འཛིན་པ་ཡིན་པའི་དཔྱད་བརྗོད་ཚོགས་པའི་བྱ་དགའ་སྟེར་བའི་ཤིས་ཚིག་ནི།“གལ་ཏེ་ངས་ཁྱེད་རང་ལ་ངའི་རྨི་ལམ་དེ་བཤད་ཚེ།ཁྱེད་ཀྱིས་དེ་བརྗེད་འགྲོ་ངེས་ཡིན།གལ་ཏེ་ངས་ཁྱེད་རང་ངའི་རྨི་ལམ་ནང་དུ་ཁྲིད་ཚེ།དེ་ནི་ཁྱེད་ཀྱི་རྨི་ལམ་དུའང་འགྱུར་སྲིད།ཅེས་པའི་བོད་ཀྱི་ལེགས་བཤད་ཅིག་གིས་སྣེ་དྲངས་ཏེ་ཨ་ཆེན་གངས་རྒྱབ་ཀྱི་ནུབ་ཁུལ་གཞུང་ལམ་སྟེང་ནས་འཁྲབ་ཡོལ་ཕྱེས།བརྗོད་དོན་ནི་མིང་ལ་སྦྱིན་པ་ཞེས་པའི་གསང་བ་ལྐོག་གྱུར་ཅན་གྱི་གསར་བུ་གཉིས་ལས་འགོ་བརྩམས་ཤིང་།སྦྱིན་པ་གཅིག་ནི་མི་གསོད་པའི་སྡིག་ཉེས་གསོག་པར་ཆས་བཞིན་ཡོད་ལ།སྦྱིན་པ་ཅིག་ཤོས་ནི་ལུག་ཅིག་གཅིར་བའི་སྡིག་བཤགས་ལ་འགྲོ་བཞིན་ཡོད།བོད་འགྱུར་གྱི«ང་ཡི་ཉི་མ»དང་མིག་དབང་འཕྲོག་པའི་མཐོང་ཚོར་ཉམས་སྣང་གིས་གློག་བརྙན་འདི་ཉིད་གླུ་གཞས་ཟློས་གར་ནང་བཞིན་ངོ་མཚར་བའི་རྨི་ལམ་ཞིག་ཏུ་བསྐྲུན་ཡོད།”

  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས།རང་ཉིད་ཀྱི་གློག་བརྙན«ཁྱི་རྒན»དང«ཐར་ལོ»ད་དུང«ལག་དམར»བཅས་ནིFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྒྱུད་དེ་ཉི་ཧོང་གི་ལྟ་མཁན་ཡོངས་དང་མཇལ་འཕྲད་བྱུང་བ་ཡིན།ལྟ་མཁན་ཚོས་བཤད་རྒྱུར།ངའི་གློག་བརྙན་འདི་ཡིས་རྨི་ལམ་གསར་བ་ཞིག་བསྐྲུན་སོང་ཟེར། དངོས་གནས་དེ་འདྲ་རེད།ཉི་ཧོང་གི་ལྟ་མཁན་དག་ངའི་གློག་བརྙན་འདི་བརྒྱུད་ནས། ལྷན་ཏུ་ལྟ་མཁན་མང་པོ་ཞིག་གི་རྨི་ལམ་དུ་འཇུག་ཐུབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན་ཟེར།

དཔྱད་མཆན་ཡོད།