«དབུགས་ལྒང»ཏའོ་ལུན་ཏའོ་ཡི་གློག་བརྙན་དུས་ཆེན་སྐབས་44པའི་འོས་མིང་དུ་ཚུད་པ།

  ཁ་ན་ཊའི་ས་གནས་དུས་ཚོད་སྤྱི་ཟླ8པའི་ཚེས13ཉིན།ཏའོ་ལུན་ཏའོ་ཡི་གློག་བརྙན་དུས་ཆེན་སྐབས་44པའི་འོས་མིང་དུ་ཚུད་པའི་བརྩམས་ཆོས་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལྟར་ན། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་བ་སྟེ«དབུགས་ལྒང»ཞེས་པ“དེང་རབས་འཛམ་གླིང་གློག་བརྙན”བྱ་བའི་སྡེ་ཚན་དུ་ཚུད་ཡོད་པ་མ་ཟད།ད་དུང་སྤྱི་ཟླ་9པའི་ཟླ་སྟོད་དུ་མེ་གླིང་བྱང་མ་ནས་ཐོག་མའི་གཟིགས་འབུལ་གནང་འཆར་འདུག


                                                            གློག་བརྙན «དབུགས་ལྒང»གི་རྒྱལ་སྤྱིའི་འགྲེམ་བརྡ།
 

གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་སྦྲགས་གློག་བརྙན་ཕྱོགས་ཀྱིས་ཀྱང་ཐོག་མའི་སྔོན་བརྡའི་བརྙན་ཐུང་བཀྲམ་པ་རེད།«དབུགས་ལྒང»ཞེས་པའི་གཏམ་རྒྱུད་འདིའང་སྔར་བཞིན་བོད་ཡུལ་དུ་བྱུང་ཞིང་།བརྗོད་དོན་གཙོ་བོ་ནི་བླ་སྲོག་དང་དངོས་ཡོད་བར་གྱི་འབྲེལ་བ་གཙོར་བོར་བརྗོད་ཡོད་པ་ཞིག་ཡིན། གློག་བརྙན་འདིའི་ཁྲོད་དུའང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འདས་མ་ད་གསུམ་ལ་བརྟན་སྲུང་བྱས་པའི་མི་ཆོས་སྙིང་སྟོབས་སོར་བཞག་བྱས་ཤིང་། བོད་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཀྱི་མཛེས་པ་མངོན་པར་མཚོན་ཡོད། ཚང་མས་ཁྱབ་བསྒྲགས་བྱས་པའི་སྔོན་བརྡའི་བརྙན་ཐུང་ནང་དུ། བརྩམས་ཆོས་སྤྱིའི་ངོ་བོར་གཞིགས་ན།དངོས་ཡོད་རིང་ལུགས་ཀྱི་བགྲོད་ལམ་སྟེང་ཕྱིར་ལྡོག་པའི་བརྩམས་ཆོས་འདི་ཉིད། མཐོང་ཚོར་གྱི་ཆ་ནས་རྨི་ལམ་དང་འཕྲུལ་སྣང་བར་གྱི་འཕོ་འགྱུར་ལ་ཇི་ལྟར་ཞུགས་དགོས་སམ།
རྒྱུས་ལོན་བྱུང་བ་ལྟར་ན། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་ནི་ཐེངས་དང་པོར་ཏའོ་ལུན་ཏའོ་ལ་འགྲེམས་སྟོན་བྱས་པ་ཞིག་མིན་པར། ཡར་སྔོན་དུ་«འཚོལ»དང་«ལག་དམར»ཡང་ཏའོ་ལུན་ཏའོ་གློག་བརྙན་དུས་སྟོན་སྟེང་གཟིགས་འབུལ་བྱས་མྱོང་། ཐེངས་འདིར་ཡང་ཁོང་གི་བརྩམས་ཆོས«དབུགས་ལྒང»ཞེས་པས་ལྟད་མོ་བ་རྣམས་ལ་མི་འདྲ་བའི་མཐོང་ཚོར་གསར་བ་ཞིག་བསྐྱལ་ཡོང་བར་ཡིད་ཆེས་ཟབ་མོ་ཡོད།
གློག་བརྙན«དབུགས་ལྒང»ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིང)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།

དཔྱད་མཆན་ཡོད།