མཆེ་བ་དང་ཁ་སྤུ་སྐྱེས་པའི་ཁོ་མོ་འཚོལ་བ།

LookingforaLadywithFangsandaMoustache_Poster_LoRes-612x918.jpg

          ནམ་རྒྱུན་ཧོ་ལེ་ཝུའུ་དང་པོ་ལེ་ཝུའུ་ཡི་གློག་བརྙན་ལ་ལྟ་ལོབས་བྱུང་བའི་ངེད་ཅག་ལ་མཚོན་ན། རྫོང་སར་མཁྱེན་བརྩེ་ཚང་གི«མཆེ་བ་དང་ཁ་སྤུ་སྐྱེས་པའི་ཁོ་མོ་འཚོལ་བ»ཞེས་པ་འདིའང་གློག་བརྙན་ཞིག་ལས་མ་འདས་མོད། འོན་ཏེ་གོང་གཉིས་དང་མི་འདྲ་བའི་ཆའང་མང་ཙམ་བདོག་ཅིང་། ཐོག་མར་ཁ་བྱང་འདི་མངོན་མ་ཐག ཁྱེད་ལ་བསམ་གཞིག་གཏོང་དུ་འཇུག་ནུས་ལ་ཁྱེད་རང་ཅུང་ཟད་མི་བདེ་བར་གཏོང་སྲིད།

      རྫོང་སར་མཁྱེན་བརྩེ་ཚང་གིས་ཉེ་ལམ་ཁོང་གི«མཆེ་བ་དང་ཁ་སྤུ་སྐྱེས་པའི་ཁོ་མོ་འཚོལ་བ»ཞེས་པའི་གཏམ་རྒྱུད་གློག་བརྙན་རིང་གྲས་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཡོད་ལ། གློག་བརྙན་ཧྲིལ་བོའི་བརྗོད་གཞི་འཆི་བ་དང་དམ་པོར་འབྲེལ་ཡོད།

         གློག་བརྙན་འདི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འཁྲབ་ཁྲིད་དང་འཁྲབ་གཞུང་བཅོས་སྒྲིག་གི་འགན་གཅིག་ལྕོགས་སུ་འཁུར་ཞིང་། ལི་ཕེན་པེན(Mark Lee Ping Bing)གྱིས་བརྙན་ལེན་མཛུབ་སྟོན་པའི་འགན་འཁུར་ཡོད་པ་དང་། དྲས་སྒྲིག་མཁན་ནི་ཐེན་ཀྲོང་ཀྲོང་ཡིན་ལ་རོལ་དབྱངས་ཐད་ཏུའུ་ཀྲུའུ་ཀྲི་ཡིས་འགན་འཁུར་ཡོད། གློག་བརྙན་འདི་ཡར་སྔོན་བྱང་ཨ་མེ་རི་ཀ་ནས་བསྟན་མྱོང་ལ། སྐབས༡༧པའི་མོ་ལེ་ལི་ཡ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང༢༠༢༠ལོའི་ཚེ་བྷེ་ཀ་གློག་བརྙན་དུས་ཆེན་ཐོག་གཟིགས་འབུལ་ཞུས་མྱོང་།

         གློག་བརྙན་ཁྲོད་དུ་བོད་ཀྱི་གཞོན་ནུ་བསྟན་འཛིན་གྱིས་བལ་བོའི་ས་ནས་ཆེས་གྲ་རྒྱས་ཕུན་སུམ་ཚོགས་པའི་འཚིག་ཇ་ཁང་ཞིག་ཕྱེ་ན་འདོད་མོད། འོན་ཏེ་རྨི་ལྟས་ངན་པ་ཏག་ཏག་གིས་ཁོ་རང་བདེ་བཟོད་མེད་པར་བཏང་བས། ཁོ་རང་མཚན་ལྟས་མཁན་ལ་བཀའ་འདྲི་ཞུ་རུ་སོང་ཞིང་། མཚན་ལྟས་མཁན་གྱིས་མཁའ་འགྲོ་མ་ཞིག་བཙལ་ན་མ་གཏོགས་ཉིན་བདུན་ལས་འཚོ་མི་ཐུབ་པའི་ལུང་བསྟན་གནང་བས། དོགས་པ་དང་འཇིགས་སྣང་གི་ཁྲོད་ནས་ཁོ་རང་མཁའ་འགྲོ་མ་ཞིག་འཚོལ་དུ་སོང་བའི་གཏམ་རྒྱུད་བརྗོད་ཡོད།

Looking-for-a-Lady-with-Fangs-and-a-Mustache-1-1.jpg

ལ་ཝེ་ནྰ་མེལ་ཝན་ནེ ( LAVINA MELWANI)ཡིས་འཁྲབ་ཁྲིད་པར་གློག་བརྙན་བཟོ་སྐྲུན་སྐོར་གྱི་བསམ་ཚུལ་ཐད་བཅར་འདྲི་བྱས་པའི་དྲི་བ་བཅུ།

༼ མེལ་ཝན་ནེ་ནི་ཉིའུ་ཡོག་རུ་བཞུགས་པའི་གསར་འགོད་པ་ཞིག་ཡིན་ལ། རྒྱལ་ཁབ་མང་པོའི་དཔེ་སྐྲུན་ཁང་ལ་རྩོམ་འབྲི་བཞིན་ཡོད། རྩོམ་འདི༢༠༢༡ལོའི་ཟླ༤པའི་ཚེས༧ཉིན་བྲིས། ༽

            ༡. འགྱུར་བ་རྒོད་པའི་སྤྱི་ཚོགས་འདིའི་ཁྲོད་མི་མང་པོས་བསྟན་འཛིན་བརྒྱུད་ནས་རང་ཉིད་མཐོང་ཐུབ་སྟེ། ང་ཚོ་དེང་རབས་སྤྱི་ཚོགས་སུ་འཚོ་ནའང་ཆོས་ཕྱོགས་ཀྱི་སྒོམ་སྒྲུབ་ཐད་དུས་ཚོད་འདང་ངེས་མེད། སྐུ་ཉིད་ཀྱིས་གློག་བརྙན་འདི་བཟོ་བའི་ཀུན་སློང་ཅི་ཡིན། ཁྱེད་ཀྱིས་འདི་བརྒྱུད་ནས་ལྟད་མོ་བར་ཅི་ཞིག་མཐོང་དུ་འཇུག་འདོད།

           འཁྲབ་ཁྲིད་པ། ངས་འཇིག་རྟེན་འདིར་འཚོལ་ཞིབ་བྱས་ཚེ་དོན་སྙིང་མང་པོ་ཡོད་པར་འདོད། ངེད་ཚོའི་དེང་གི་མི་ཚོས་རྨོངས་དད་དང་ལྷ་སྒྲུང་། ངག་རྒྱུན་ནམ་ཆོས་ལུགས་ཞེས་བཤད་བཞིན་ཡོད་མོད། འོན་ཀྱང་ལས་གནས་ལས་འཚོ་བ་ལ་སྙིང་པོ་ཡོད་པ་ཡང་དང་བསྐྱར་དུ་ར་སྤྲོད་བཞིན་ཡོད།

       ༢. མཁའ་འགྲོ་མ་ཁ་ཤས་ཐག་ཉེ་དྲགས་པས། ཁྱོད་ཀྱིས་མཐོང་མི་སྲིད། དེ་ནི་ཁྱོད་རང་གི་རྫི་མ་ནང་བཞིན་རེད། མཁའ་འགྲོ་མ་ནི་གསང་སྔགས་ཀྱི་ནང་དུ་ཡོད་ལ། ཁོ་ཚོས་བུད་མེད་ཀྱི་སྟོབས་ཤུགས་མཚོན་པ་ཡིན་ནམ། བུད་མེད་རེ་རེ་ལ་མཁའ་འགྲོ་མ་རེ་ཡོད་དམ། ཁོང་མོ་བྱམས་སེམས་ཀྱི་བདག་མོ་ཞིག་ཏུ་འགྱུར་ཐུབ་བམ།

            འཁྲབ་ཁྲིད་པ། རེད། བུད་མེད་རེ་ལ་མཁའ་འགྲོ་མ་རེ་ཡོད།

Looking-for-a-Lady-with-Fangs-and-a-Mustache-2.jpg

       ༣. ཁྱེད་ཀྱི་འཁྲབ་སྟོན་པ་ཧ་ཅང་བབ་ཆགས་པས་ལྟད་མོ་བས་འདི་གློག་བརྙན་ཞིག་ཡིན་པ་བརྗེད་ངེས། ཁྱེད་ཀྱིས་འཁྲབ་སྟོན་པ་འདི་དག་ཇི་ལྟར་གདམ་པ་ཡིན།

         འཁྲབ་ཁྲིད་པ། གློག་བརྙན་བཟོ་མཁན་ང་ལྟ་བུར་མཚོན་ནས་བཤད་ན་ཆེད་ལས་འཁྲབ་སྟོན་པ་འཚོལ་མི་ཐུབ་པ་མ་ཡིན་ཏེ། གནས་ཚུལ་འདི་ལྟ་བུ་ཞིག་བཟོས་པར་རྒྱུ་རྐྱེན་སྣ་མང་ཡོད། དཔེར་ན་སྔོན་རྩིས་ཀྱིས་ཚོད་བཟུང་པ། དེར་མ་ཟད་ཚོང་རའི་སྟེང་ལེགས་འགྲུབ་མི་ཐོབ་པའི་གློག་བརྙན་ཞིག་འཁྲབ་ནས་རང་ཉིད་ཀྱི་མིང་རྫོད་སྲིད་པའི་མིང་གྲགས་ཆེ་བའི་འཁྲབ་སྟོན་པའང་ཧ་ཅང་ཉུང་། དེ་བས་ངས་རྣམ་པ་གཞན་ཞིག་ཚོད་ལྟ་བགྱི་འདོད། ངས་གློག་བརྙན་མ་བཟོས་གོང་དང་བཟོ་བའི་སྐབས་སུ་དུས་ཚོད་མང་ཙམ་བཀོལ་དེ་ཁོ་ཚོ་དང་ལྷན་དུ་བསྡད་ཅིང་། དེའི་སྐབས་སུ་གཏམ་རྒྱུད་ཁོ་རང་གླེང་མྱོང་བ་མ་ཟད་ད་དུང་འཚོ་བའི་འཇུག་ལྡོག་ཀྱང་གླེང་མྱོང་བས། ལས་ཀ་འདི་དག་གིས་ཕན་ཐོགས་ཡོད་རྒྱུ་རེད།

           ༼   དྲི་བ་བཞི་བ་བོར་བརླག་བྱུང་འདུག ༽

         ༥. བལ་བོ་དང་རྒྱ་གར་རུ་རྨོངས་དད་དང་ལྷ་སྒྲུང་། དེང་རབས་དང་ཚན་རྩལ། ནུབ་ལུགས་སོགས་མཉམ་དུ་གནས་ཡོད། ཆོས་ཀྱི་སློབ་དཔོན་ཞིག་ཡིན་པའི་ཆ་ནས། སྐུ་ཉིད་ལྟར་ན་སྤྱིར་བཏང་གི་མིས་ཇི་ལྟར་བྱས་ཚེ་ད་གཟོད་འདི་གཉིས་བཏང་སྙོམས་སུ་བསྐྱུར་ཏེ་དོན་སྙིང་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་བམ།

       འཁྲབ་ཁྲིད་པ། གནད་དོན་ནི་མི་རྣམས་ཀྱིས་ཚན་རྩལ་སོགས་བེད་སྤྱད་ནས་ལྷ་སྒྲུང་དང་དེང་རབས་འཇིག་རྟེན་གཉིས་བར་དབྱེ་མཚམས་འབྱེད་རྒྱུ་དེ་མ་ཡིན་པར། དེ་ནི་ཁྱོད་རང་གིས་བསྒྲུབ་འདོད་ཡོད་མེད་ཀྱི་གནད་དོན་ཞིག་རེད། ངས་བལྟས་ན་ཚན་རྩལ་དང་སྤྱི་ཚོགས་ཀྱི་དྲ་རྒྱའི་མ་ལག་ཁྲོད་དུ་སོ་སོ་བྲན་གཡོག་ཏུ་གྱུར་ནས་འཚོ་བའི་ཁྲོད་ཀྱི་དོན་སྙིང་རྦད་དེ་བོར་འགྲོ་བཞིན་པ་ནི་གནད་དོན་ཞིག་རེད།

Looking-for-a-Lady-with-Fangs-and-a-Mustache-3.jpg

           ༦. ཁྱེད་ཀྱི་གློག་བརྙན་ཁྲོད་དུ་འཚོ་བའི་ཁྲོད་དགོད་བྲོ་བའི་ཆ་མང་པོ་ཡོད་པ་སྟོན་གྱིན་ཡོད་དེ། 〝འབྲུ་རིགས་ནི་ང་རང་འཚང་རྒྱ་བའི་འགོག་རྐྱེན་ཐ་མ་ཡིན་སྲིད་ཀྱི་རེད〞ཟེར་བའི་རྣ་ཉན་བཏགས་ཡོད་པའི་གྲྭ་པ་དེ་དང་ད་དུང་བག་གསར་དང་ཁྱི་ཞིག་གཉེན་སྒྲིག་པའི་རྣམ་པ་ལྟ་བུ། ནང་བསྟན་གྱིས་ཇི་ལྟར་བྱས་ཏེ་བྱམས་དང་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དག་བཟོད་སླ་བར་བྱེད་བཞིན་ཡོད།

         འཁྲབ་ཁྲིད་པ། ངའི་འདོད་ཚུལ་ལྟར་ན་ནང་ཆོས་ཀྱི་གཞི་རྩའི་ལྟ་སྟངས་ཤིག་ནི། མི་རྣམས་ཀྱིས་རྟོག་བཏགས་ལ་བརྟེན་ནས་དོན་དངོས་དེ་སྟོན་ཐུབ། དེ་བས་རྨོངས་དད་དང་ལྷ་སྒྲུང་། གཏམ་རྒྱུད་སོགས་སྣང་མེད་དུ་མི་འཇོག་པ་དང་ཁྱད་གསོད་མི་བྱེད་མཁན་ལ་བྱམས་དང་བརྩེ་བ་ཆེན་པོས་ཕྱུག་ཡོད།

        ༧. དེང་གི་དུས་དང་དངོས་པོའི་དཔལ་ཡོན་གྱི་འཇིག་རྟེན་འདི་རུ། ཁྱེད་ཀྱི་མཚོན་བྱེད་རང་བཞིན་གྱི་གློག་བརྙན་བརྩམས་ཆོས་དག་ནི་མི་རྣམས་ལ་ང་ཚོ་ཅིའི་ཕྱིར་འདི་རུ་གནས་ཡོད་པ་ཐབས་གཞན་ཞིག་གི་སྒོ་ནས་སྟོན་ཆེད་ཡིན་ནམ།

        འཁྲབ་ཁྲིད་པ། ངས་དེ་འདྲ་ཞིག་ཡིན་ན་འདོད། འོན་ཏེ་ངས་རང་ཉིད་དེའི་ཁྲོད་ཀྱི་གཅིག་ཡིན་ཞེས་གླེང་མི་ཕོད།

        ༨. གློག་བརྙན་གསར་བཟོ་བྱེད་སྐབས་ཆེས་སྤྲོ་བ་དེ་ཅི་ཞིག་རེད།

       འཁྲབ་ཁྲིད་པ། དེ་ནི་འདང་རྒྱག་སྟངས་སླ་མོ་ཞིག་ཡིན་ཏེ། ཁྱོད་ཀྱིས་སྒྲོམ་གཞི་ཞིག་གི་ནང་ཚུན་ནས་འཚོ་བ་ཞིབ་འབྲི་བྱས་ཆོག གལ་ཏེ་ཁྱོད་ཀྱིས་བསྒྲུབ་ཐུབ་ན། དེས་ཕན་ཆེན་པོ་ཐོགས་པ་མ་ཟད་ཐ་ན་ལན་རེར་དེ་ནི་ཐར་བ་ཞིག་ཡིན།

        ༩. རྒྱ་གར་དུ་འཚོ་བ་རོལ་སྐབས་ཚོར་བ་ག་འདྲ་རེད། ཁྱེད་རང་ཆེས་དགའ་ས་གང་རེད།

       འཁྲབ་ཁྲིད་པ། ང་ནི་རྒྱ་གར་བ་ཞིག་མིན་རུང་། འོན་ཀྱང་རིག་གནས་དང་བསམ་བློའི་ཐད་ནས་ང་རྒྱ་གར་དང་འབྲེལ་བ་ཟབ་མོ་ཡོད་པར་འདོད།

       ༡༠. གློག་བརྙན་བཟོ་མཁན་དང་ནང་པའི་སློབ་དཔོན་ཞིག་གི་ངོས་ནས། ཁྱེད་ཀྱིས་མི་ཚེའི་ལ་མོ་ཇི་ལྟར་བརྒལ་བ་ཡིན།

       འཁྲབ་ཁྲིད་པ། ངའི་འདོད་ཚུལ་ལྟར་ན་གློག་བརྙན་བཟོ་མཁན་དང་ནང་པའི་སློབ་དཔོན་བར་དུ་འགལ་ཟླ་མེད་པར་སྙམ། གློག་བརྙན་བཟོ་བ་ནི་ལག་ཐབས་ཤིག་ཡིན། གལ་ཏེ་ངས་ལག་ཐབས་ཅི་ལྟར་བཀོལ་དགོས་པ་མི་ཤེས་ཚེ། གློག་བརྙན་དང་ཡིག་གཏགས་ཆས་གང་ཡིན་རུང་། ངས་མི་མངོན་པའི་ནུས་པ་དེ་རྩལ་དུ་འདོན་མི་ཐུབ།

Khyentse-Nobu.jpg

འཁྲབ་ཁྲིད་པའི་གསལ་བཤད།  

        ་ལྟའི་ཚན་རྩལ་གྱི་འཇིག་རྟེན་འདི་ནི། མིས་བཟོས་འཕྲུལ་ནུས་སུ་འགྱུར་ལ་ཉེ་བའི་འཇིག་རྟེན་ཞིག་དང་། རྗེས་དཔག་དང་མི་མཐུན་པའི་དངོས་པོ་ཞིག་ཡིན་ཕྱིན་ཁྱད་གསོད་བྱེད་པའི་འཇིག་རྟེན་ཞིག་ཡིན་ཕྱིར། ངས་གློག་བརྙན་འདིའི་ཁྲོད་བོད་མིའི་ལྐོག་གྱུར་རིང་ལུགས་ཀྱི་མཐའ་མའི་ཤུལ་དངོས་ཁ་ཤས་འཚོལ་ཞིབ་བྱེད་པར་ཚོད་ལྟ་བགྱིས་ཡོད། བོད་མི་ཞིག་ཡིན་ནའང་། ཁོ་ཚོའི་སྲོལ་རྒྱུན་གྱི་དད་མོས་དང་སྤྱོད་ལམ། འཇིག་རྟེན་ལྟ་ལུགས་སོགས་རིམ་གྱིས་ཡལ་བཞིན་ཡོད་ལ་དུས་ད་ལྟ་གོ་བབ་ཀྱང་མར་ཆག་བཞིན་ཡོད། འོན་ཏེ། གནའ་བོའི་བློ་གྲོས་མཚོན་པའི་ནང་པའི་དངོས་ཡོད་ཀྱི་ལྟ་སྟངས་འདིས་ངེད་ཚོའི་དེང་གི་འཇིག་རྟེན་ལའང་ཕན་ཐོགས་པར་ང་རང་ཡིད་ཆེས་གཙང་མ་ཡོད། ལྷག་པར་དུ། ངས་གློག་བརྙན་འདི་བརྒྱུད་ནས་བུད་མེད་ཀྱི་སྟོབས་ཤུགས་ལ་བརྩི་མཐོང་དང་། བློ་གྲོས་གང་ཞིག་གི་ནུས་པ་དེ་གནའ་དེང་གཉིས་སུ་ནུས་ཤུགས་ཆེན་པོ་ཐོན་གྱིན་ཡོད་པ་དེ་སྟོན་འདོད་ལ། རྒྱུ་མཚན་ཡང་དེས་གནའ་དེང་གཉིས་ཧ་ཅང་དགོད་བྲོ་བའི་ངང་ལྷན་གཅིག་ཏུ་གནས་སུ་བཅུག་པས་རེད། ངས་བལྟས་ན་བལ་བོ་ནི་གློག་བརྙན་འདིའི་ཕབ་གནས་ཡག་ཤོས་སུ་འདོད་དེ། ཀུན་གྱིས་ཤེས་པ་ལྟར་བལ་བོའི་རི་རྒྱུད་དང་རྐང་ཐང་གི་ལྗོངས་རྒྱུ་ལས་གཞན། བལ་བོ་ནི་སྙིང་སྟོབས་དང་ངོ་མཚར་གྱིས་ཕྱུག་པའི་ས་ཆ་ཞིག་ཡིན། དེ་བས་ངས་ས་དེའི་སྡོད་དམངས་ཀྱི་མིག་ཟུང་དང་བརྙན་ཕབ་སྟངས་བརྒྱུད་ནས་དེ་ག་བཟུང་ན་འདོད། དཔེར་ན། ངས་ལྟད་མོ་བར་བསམ་གཞིག་གི་དུས་ཚོད་འདང་ངེས་ཤིག་བྱིན་ཡོད་པས། གཟུགས་རིས་འགུལ་སྐྱོད་བྱས་པ་དལ་ཞིང་། ཐ་ན་འགུལ་མེད་དུ་གནས། དེ་དང་འདྲ་བར། ངས་འཚུབ་ཆ་ལངས་པའི་མིའི་མིག་ཟུང་བརྒྱུད་ནས་འཚོ་བའི་ཁྲོད་ཀྱི་ངོ་མཚར་མཐའ་དག་འཛིན་བཞིན་ཡོད་དེ་དེ་ནི་ལག་འཛིན་བརྙན་ལེན་བཀོལ་ནས་བླངས་པ་ཡིན། ཏག་ཏག་གློག་བརྙན་འདིས་བསམ་གཞིག་གནད་དུ་གཏོང་བར་སྐུལ་བཞིན་ཡོད་པས། ངས་བརྙན་ལེན་འགོ་གཙོ་མར་ཁི་ལི་ཕེན་པེན་བདམས་ཡོད། ཁོའི་རྫི་གསང་རྣོན་པོ་དང་བསམ་གཞིག་གཏོང་མཁས་པ། གཟུགས་རིས་ཐད་ཀྱི་སྟངས་འཛིན། ཧ་ལས་པའི་ནུས་པ་སོགས་ལ་ངས་ནམ་ཡང་གུས་བརྩི་བྱ་བཞིན་ཡོད། ངས་ཆེད་ལས་མིན་པའི་འཁྲབ་སྟོན་པ་བཀོལ་དོན་ནི། བལ་བོ་རུ་སྦྱངས་པ་ཐོབ་པའི་འཁྲབ་སྟོན་པ་ཉུང་བ་དེ་གཅིག་པུ་མ་ཡིན་པར། ད་དུང་ངས་འཁྲབ་མཁན་ནི་ངེས་པར་དུ་བདེན་པ་བདེན་རྐྱང་ཞིག་ཡིན་ན་བསམ་པས་ཡིན། དཔེར་ན། དེའི་ཁྲོད་ཀྱི་འཁྲབ་མཁན་གཅིག་ནི་ཀུན་གྱིས་གོང་བཀུར་ཐོབ་པའི་ལམ་སྟོན་སློབ་དཔོན་ཞིག་ཞིབ་འབྲི་བྱས་ཡོད། ཁོང་གི་བྱ་བ་དང་སྤྱོད་པ་ནི་སྦྱངས་བ་དཔྱིས་ཕྱིན་ཐོབ་པའི་འཁྲབ་སྟོན་པ་ཞིག་གིས་ཧ་གོ་མི་སྲིད་ལ་ལྷག་ཏུ་ཅིག་སྟོན་འདོད་པ་ནི་དཔེ་མི་སྲིད་པ་ཞིག་ཡིན། ཡིད་སྐྱོ་བ་ཞིག་ལ། ཉེ་བའི་རིང་། ང་ཚོས་དར་སྲོལ་མཐའ་དག་ནས་འཛད་སྤྱོད་དངོས་རྫས། དེ་ནས་གཏམ་རྒྱུད་འཆད་པ། དཔེ་དེབ་དང་གློག་བརྙན་སོགས་ཅི་བས་མང་པོ་ཞིག་སྤྱི་འགྲོས་ཤིག་ལྟར་ཐོན་སྐྱེད་བྱེད་ཀྱིན་ཡོད་ལ། ཐམས་ཅད་ནི〝ཚོང་རྫས〞ཡིན་པར་བདེན་དཔང་བྱེད་པ་ང་ཚོས་མཐོང་ཐུབ། ད་ལྟ་གློག་བརྙན་ཞིག་ཧོ་ལེ་ཝུའུ་དང་པོ་ལེ་ཝུའུ་མ་དཔེས་ཤུགས་རྐྱེན་ཐེབས་སུ་མི་འཇུག་རྒྱུ་དཀའ་མོ་རེད། འོན་ཏེ། ངའི་གློག་བརྙན་འདིའི་ཁྲོད་ཧི་མ་ལ་ཡའི་གཏམ་རྒྱུད་བརྗོད་སྟངས་དང་འཆད་སྟངས་དམིགས་བསལ་བ་ཞིག་ལ་འཚོལ་སྙེག་བྱས་ཡོད་ཅིང་། འདི་འདྲའི་བརྗོད་སྟངས་དང་གཏམ་རྒྱུད་འཆད་སྟངས་དེ་ས་དེའི་རིག་གནས་དང་སྲོལ་རྒྱུན། ཤེས་རིག་དང་གཅིག་ལ་གཅིག་འདྲེས་སུ་འཐིམ་ཡོད། བྱེད་ཐབས་འདི་ལྟ་བུ་དང་རྣམ་པ་ལག་རྩལ་འདི་ལྟ་བུ་བརྒྱུད་ནས། ངས་གློག་བརྙན་འདིས་ལྟད་མོ་བ་དག་གཏིང་ཟབ་ས་དང་ལྐོག་གྱུར་ཅིག་ཏུ་འཁྲིད་ན་བསམ་ཞིང་། ཡང་ཧ་ཅང་བདེན་ཤས་ཆེ་ཞིང་བཅར་སླ་བའི་འཚོ་བའི་སྐྱི་པགས་དེར་རེག་ཐུབ་ན་སྙམ་པའི་རེ་བ་རྒྱག་བཞིན་ཡོད། ང་ཚོ་དེང་གི་འཇིག་རྟེན་འདི་དང་འབྲེལ་ཐག་ཆད་ནས་འགྲོ་བཞིན་འདུག

                               ——རྫོང་སར་ནོར་བུ།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།