གློག་བརྙན་འཕྲིན་གསར།

254566434.jpg

       རྒྱུས་ལོན་བྱུང་བ་ལྟར་ན། དེ་རིང་ཞོགས་པར། སྐབས༩༤པའི་ཨོ་སི་ཁཱ་གློག་བརྙན་བྱ་དགའི་གཞུང་འབྲེལ་མི་སྣས་རྒྱལ་སྤྱིའི་གློག་བརྙན་རྩེ་གྲའི(སྔོན་ཆད་མིང་ལ་ཕྱི་སྐད་གློག་བརྙན་རྩེ་གྲ་ཟེར།)འོས་མིང་དུ་ཚུད་པའི་གློག་བརྙན༡༥མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དགའ་འོས་པ་ཞིག་ལ་འཁྲབ་ཁྲིད་པ་ཆོས་དབྱིངས་རྡོ་རྗེའི་གློག་བརྙན«ལུང་ནག་ན»ཞེས་པ་འོས་མིང་དུ་ཚུད་འདུག

         གློག་བརྙན་འདིས་ན་ནིང་ཐའེ་ཝན་ནས་སྤ་འཚོང་ཡོང་འབབ་ཁྲི༧༣༥ཡི་ཟིན་ཐོ་བསྐྲུན་ཞིང་། སྔ་ཕྱིར་༢༠༢༡ལོ་དང་༢༠༢༢ལོའི་ཨོ་སི་ཁཱའི་བྱ་དགར་ཞུགས།(ན་ནིང་འབྲུག་ཡུལ་དུ་གློག་བརྙན་ཨུ་ཡོན་ལྷན་ཁང་ཚུགས་མེད་པས་འགྲན་ཞུགས་ཐོབ་ཐང་མེད་པར་གྱུར། ད་ལོ་གསར་དུ་བཙུགས་པས་གོ་སྐབས་རེག)

        འཁྲབ་ཁྲིད་པ་ཆོས་དབྱིངས་རྡོ་རྗེ་ཁོ་རང་རྫོང་སར་མཁྱེན་བརྩེ་ཚང་གི་ཚ་བོ་ཡིན་པར་བཤད་ཅིང་། ཐའེ་ཝན་གྱི་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་ལེ་ཧྲིན་ཁྲོན(赖声川)གྱི་བུ་མོ་ལེ་ཧྥན་ཡོན(赖梵耘)དང་བཟའ་ཚང་སྒྲིག་ཅིང་། ཁོ་མོ་ནི་གློག་བརྙན་འདིའི་བཟོ་བསྐྲུན་པ་ཡིན།

1844401663.jpg

        གློག་བརྙན་འདིས་སྔོན་ཆད་ཏ་ལ་ཆུ་མིག་རྒྱལ་སྤྱིའི་བརྙན་འགྲེམས་(棕榈泉国际影展)ཁྲོད་གློག་བརྙན་རྩེ་གྲ་དང་ལྟ་མཁན་མང་པོའི་བྱ་དགའ་སོགས་བྱ་དགའ་ཆེ་གྲས་བླངས་མྱོང་བའི་མི་ཚད། ཐའེ་ཝན་ནས་སྟོན་སྐབས་སློབ་གསོའི་ལས་རིགས་སྡེ་ཡི་ཆེད་མཁས་པ་གང་མང་གིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་། རྒྱལ་སྤྱིའི་སྨྱན་བྱད་སྡེ(AMP)ཡིས”མི་རྣམས་ཧ་ལས་པར་བྱེད་པའི་མཛེས་པ་དང་དགེ་བ”ཞེས་བསྔགས་བརྗོད་གནང་མྱོང་། ད་ལོར་གློག་བརྙན་གྱི་ཆེས་མཐོའི་གཟིགས་བཟོས་བྱ་དགའ་རུ་བརྩི་བའི་ཨོ་སི་ཁཱའི་འོས་མིང་དུ་ཚུད་པ་ནི་རྨད་བྱུང་སྐལ་བ་བཟང་ཞིང་། སང་ལོའི་སྤྱི་ཟླ༣པའི་ཚེས༢༧ཉིན་དངོས་སུ་བྱ་དགའི་གཏང་རག་གསོལ་བའི་བཀྲ་ཤིས་སྨོན་འདུན་ཞུ།

         གློག་བརྙན་འདི་དང་འབྲེལ་བའི་རྩོམ་གཞན། http://www.filmtbt.com/news/dok/2021-08-31/1160.html

1640264025818120.jpg

           སྐབས༣༤པའི་ཀྲུང་གོའི་གསེར་བྱ་སྣ་བརྒྱའི་མེ་ཏོག་གློག་བརྙན་དུས་ཆེན་ཟླ༡༢པའི་ཚེས༢༨ནས༣༠བར་ཧྥུ་ཅན་ཞ་མོན་ནས་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དེ་དང་མཉམ་དུ་འོས་མིང་དུ་ཚུད་པའི་གློག་བརྙན་དག་གསལ་བསྒྲགས་བྱས། དགའ་འོས་པ་ཞིག་ལ་འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ་གྱི་གློག་བརྙན«རླུང»ལ་མ་རྩ་ཆུང་འབྲིང་གཏམ་རྒྱུད་གློག་བརྙན་རྩེ་གྲ་དང་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ། འཁྲབ་ཁྲིད་པའི་ཐོག་མའི་བརྩམས་ཆོས་རྩེ་གྲ བུད་མེད་འཁྲབ་རོགས་རྩེ་གྲ་བཅས་འོས་མིང་བཞི་ཐོབ།

        གློག་བརྙན་འདི་ནི་ལུའུ་ཞུན་རྩོམ་རིག་བྱ་དགའ་དང་མའོ་ཏུང་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཨ་ལེ་ཡི་སྒྲུང་གཏམ«ཁྱི་ཕྲུག་དགེ་ལེགས»ཞེས་པ་བཅོས་སྒྲིག་བྱས་ཤིང་། ཚེ་རིང་སྒྲོལ་མ་དང་བསོད་ནམས་དབང་མོ། དགེ་འདུན་ཕུན་ཚོགས། དབང་སྒྲོན་འཚོ་སོགས་ཕུལ་བྱུང་འཁྲབ་སྟོན་པ་དག་གིས་འཁྲབ་ཡོད།

        འདི་ནི་བོད་ཀྱི་བུད་མེད་ཀྱི་ལས་དབང་གླེང་བའི་གློག་བརྙན་ཐོག་མ་དེ་ཡིན་འདུག་ལ། མིག་སྔའི་བར་དུ་སྐབས27པའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་དུ་གྲངས་ཉུང་མི་རིགས་སྡེ་ཚན་གྱི་ཆེས་ཕུལ་དུ་བྱུང་བའི་འཁྲབ་གཞུང་གསར་གཏོད་ཀྱི་བྱ་དགའ་ཐོབ་མྱོང་ཞིང་། ལྷག་པར་དུ་སྐབས25པའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཟིགས་འགྲེམ་སྡེ་ཚན་དུ་བདམས་པ་མ་ཟད། རོམ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ད་དུང་སི་ཕེན་གྱིImagine Indiaགློག་བརྙན་དུས་ཆེན་སྟེང་གཟིགས་འབུལ་བྱས་པ་དང་ཀྲེ་ཕུའུ་ཨར་རྒྱལ་སྤྱིའི་གློག་བརྙན་དུས་ཆེནJIFFགཏམ་རྒྱུད་རྩེ་གྲའི་འོས་མིང་སོགས་ཐོབ་མྱོང་།

    བྱ་དགའ་དངོས་སུ་སྟེར་བའི་ཉིན་མ་དེར་ཡང་གློག་བརྙན་འདི་དང་དེའི་འབྲེལ་ཐོགས་ཀུན་གྱི་བསམ་དོན་ཅི་བཞིན་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ།

          གློག་བརྙན་འདི་དང་འབྲེལ་བའི་གནས་ཚུལ་གཞན། http://www.filmtbt.com/news/dok/2020-12-25/1119.html

1640265181119985.jpg

          ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ«ལྷ་མོ་དང་སྐལ་བྷེ»ཞེས་པ་སྐལ་བ་ལྡན་པ་ཚོས་ཉིན་འདི་ཚོར་གློག་བརྙན་ཁང་ནས་སྔོན་ལ་བལྟ་ཐུབ་ཀྱིན་འདུག

           ཤེས་གསལ་ལྟར་ན། རྒྱལ་ཡོངས་སྒྱུ་རྩལ་གློག་བརྙན་འགྲེམས་སྟོན་ཚོགས་ཁང་གིས་གཙོ་བསྒྲུབ་བྱས་པའི་༢༠༢༡ལོའི་སྒྱུ་རྩལ་གསར་རྩོམ- དགུན་དྲོ་བརྗོད་གཞིའི་བརྙན་འགྲེམ་ཞེས་པ་དེཟླ༡༢པའི་ཚེས༢༣ནས་ཟླ༡པའི་ཚེས༤བར་དུ་པེ་ཅིང་དང་ཧྲང་ཧའེ། ཧྲིན་ཀྲིན། ཁྲིན་ཏུའུ། སུའུ་ཀྲོའུ་སོགས་གྲོང་ཁྱེར་ལྔ་ནས་སྔ་གཞུག་དུ་སྤེལ་འཆར་འདུག དེ་བས། གྲོང་ཁྱེར་དེ་དག་ན་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་གོ་སྐབས་ཤོར་དུ་མ་བཅུག་པར་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ།

      ཁོང་གི་གློག་བརྙན་གསར་བ་འདི་དེ་སྔ་སྐབས༦༧པའི་ཧྲིན་སེ་པ་སི་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྐབས༣པའི་ཕེན་ཡའོ་རྒྱལ་སྤྱིའི་གློག་བརྙན་སྟེང་སྟོན་སྐབས་ལས་རིགས་གཅིག་པའི་མི་སྣ་མང་པོས་དགའ་བསུ་ཚད་མེད་ཐོབ་མྱོང་།

             གློག་བརྙན་འདི་དང་འབྲེལ་བའི་གནས་ཚུལ་གཞན། http://www.filmtbt.com/news/nyan/2018-10-18/912.html

1640317121384187.jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།