རཱ་ཨུག་གདོང་ཐུག་གི་ཕམ་ཕྱོགས་བསྟན་ཟིན་པའི་གྲགས་བརྙན་ཞིག

p2627977762.jpg

          རཱ་ཨུག་གདོང་ཐུག་གི་ངོས་མང་བོ་ཞིག་རྒྱུས་ལོན་བྱ་བསམ་ན། གདོང་ཐུག་དེ་དངོས་སུ་བརྒྱུད་མྱོང་མཁན་གྱི་སྐད་ཆ་ལས་འོས་པ་ཞིག་མེད་ལ།   གཅིག་བྱས་ན། ང་ཚོས་རཱ་ཨུག་འགལ་བ་རྒྱབ་ལྗོངས་བྱས་པའི་དངོས་བཤུས་གློག་བརྙན་ཅིག་ལས་ཀྱང་དྲིས་ལན་བཙལ་ཆོག  དེ་ནི་2018ལོར་ཕབ་ལེན་བྱས་པའི《སྐུང་མདའ་བའི་དམག་འཁྲུག》ཞེས་པའོ།

        ཉེ་ལམ། དྲ་རྒྱའི་སྟེང་རཱ་ཨུག་འཁྲུག་རྩོད་གསར་འགྱུར་གྱིས་བཀང་།  ཉིན་རེ་རེར་ང་ཚོས་དྲ་རྒྱའི་སྟེང་ནས་ཡོ་རབ་ཤར་མ་ནས་ཐུལ་འོངས་པའི་འབར་རྫས་ཀྱི་དྲི་མ་སྟུག་པོ་སྣོམ་ཐུབ། རཱ་ཤི་ཡས་ཡར་སྔོན་ཨུག་རེན་དང་དངོས་སུ་དམག་རྒྱབ་པ་དང་བསྟུན་ནས། དུས་ཡུན་རིང་བོར་བརྩེགས་པའི་འགལ་བ་གཞི་ནས་དམག་འཁྲག་ཏུ་གྱུར།  དོན་དངོས་ཐོག རཱ་ཨུག་སྟེ་ཡོ་རབ་ཤར་མའི་ཁྱིམ་མཚེས་འདི་གཉིས་ཀྱི་འགལ་བ་ནི་ལོ་དང་ཟླ་བར་བསགས་པའི་གཙུབ་བརྡར་ལས་འགོ་བརྩམས་ཤིང་། སེམས་ངན་བཅངས་པའི་ནུབ་ཕྱོགས་སྟོབས་ཤུགས་ཀྱི་དབྱེན་སྦྱོར་ལས་བྱུང་བའང་ཅི་ལ་མིན།  2014ལོ་ནས་བཟུང་། ཨུག་རེན་ཏུ་ནང་འཁྲུག་བྱུང་ཞིང་། ཨུག་རེན་ཙུང་ཐུང་སྔོན་མ་ཡཱ་ནོའུ་ཁི་ཝེ་ཆི་གནས་དབྱུང་བཏང་ནས་ཕྱི་རྒྱལ་དུ་ཡུལ་བྱོལ་བྱས་ཤིང་། ཨུག་རེན་གྱི་ཆབ་སྲིད་ནུབ་ཕྱོགས་ལ་ཉེ་མཁན་གྱི་ལག་ཏུ་ཤོར།

641.png

       ནང་འཁྲུག་གི་རྒྱབ་ལྗོངས་འོག་ཏུ། རྒྱལ་ཁབ་གང་དེ་འཕྲལ་མར་ཡོ་མེ་ལ་ཉེ་བའི་ཨུག་རེན་ནུབ་མ་དང་རཱ་ཤི་ཡའི་མི་རིགས་ཀྱིས་གཙོ་བྱས་པའི་ཨུག་རེན་ཤར་མ་རུ་ཁ་འཕྲལ། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་འགལ་ཚབས་ཆེན་གྱི་དབང་གིས་ཨུག་རེན་ཤར་མའི་ས་ཁུལ་མང་པོ་2014ལོའི་རྗེས་ནས་ཐེངས་དུ་མར་ཨུག་རེན་གྱི་ཚོད་འཛིན་ལས་ཁ་བྲལ་བར་ཚོད་ལྟ་བྱས་རྐྱེན། ཕྱོགས་གཉིས་འགལ་ཟླ་ཚབས་ཆེན་གྱི་གནས་སུ་གྱར། གཞན་ཡང་། ཨུག་རེན་སྲིད་གཞུང་གིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་བྱེད་པའི་རྒྱབ་ལྗོངས་འོག  ཧམ་པ་ཚ་བའི་“བྱང་ཆིངས་ཤར་བསྐྱེད་”ཀྱིས་ཨུག་རེན་གྱི་ནང་ཁུལ་འགལ་བ་ཛ་དྲག་ཏུ་བཏང་ཞིང་། རཱ་ཤི་ཡ་དང་ས་མཚམས་འབྲེལ་ཡོད་པའི་དབང་གིས་རཱ་ཤི་ཡའི་ཕྱོགས་ནས་ཡི་མི་རང་བའི་རྣམ་པ་བྱེད་ཀྱི་ཡོད་ལ། མུ་མཐུད་དུ་རཱ་ཨུག་འབྲེལ་བ་ཛ་དྲག་ཆེ་རུ་བཏང་།  འགལ་རྩོད་དེ་རཱ་ཤི་ཡས་དེ་སྔོན་ཨུག་རེན་ཤར་ཕྱོགས་ཏུན་པ་སི་ས་ཁུལ་གྱི་ཏུན་ནེ་ཚི་ཁེ་དང་ལུའུ་ཀན་སི་ཁེ་སྤྱི་མཐུན་རྒྱལ་ཁབ་གཉིས་ཨུག་རེན་ནས་ཁ་བྲལ་བ་ཁས་ལེན་བྱས་པ་ནས་ཡང་རྩེར་སླེབས།

641.jpg

         ཕྱི་ཚུལ་ནས་བལྟས་ན། འདི་ནི་ཨུག་རེན་རྒྱལ་ཁབ་ནང་ཁུལ་གྱི་འདུ་ཤེས་འཛིན་སྟངས་ཕྱོགས་འགལ་གྱིས་བསླངས་པའི་འགལ་བ་ཞིག་ཡིན་ཡང་།  ལྟག་རྒྱབ་ཏུ། ཨ་མེ་རི་ཁ། བྱང་ཆིངས་དང་རཱ་ཤི་ཡ་ཡི་ཡོ་རབ་ཤར་མའི་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཅིག་རེད།

      རཱ་ཨུག་མཐའ་མཚམས་ཀྱི་ཟིང་ཆ་འགོ་བརྩམས་པ་དང་བསྟུན་ནས། འཛམ་གླིང་ཡོངས་ཀྱི་དོ་ཁུར་གྱི་མིག་མདངས་ཡོ་རབ་ཤར་མར་གཏད། འཛམ་གླིང་ཧྲིལ་བོས་ལྟད་མོར་ལྟ་བའི་སྐབས་འདིར། “རཱ་ཨུག་གདོང་ཐུག་གི་ངོས་མང་བོ་ཞིག་རྒྱུས་ལོན་བྱ་བསམ་ན། གདོང་ཐུག་དེ་དངོས་སུ་བརྒྱུད་མྱོང་མཁན་གྱི་སྐད་ཆ་ལ་ཉན་པ་ལས་འོས་པ་ཞིག་མེད་ལ།   གཅིག་བྱས་ན། ང་ཚོས་རཱ་ཨུག་འགལ་བ་རྒྱབ་ལྗོངས་བྱས་པའི་དངོས་བཤུས་གློག་བརྙན་ཅིག་ལས་ཀྱང་དྲིས་ལན་བཙལ་ཆོག དེ་ནི་2018ལོར་ཕབ་ལེན་བྱས་པའི《སྐུང་མདའ་བའི་དམག་འཁྲུག》(狙击手的战争)ཞེས་པའོ།”

641 (1).png

       གློག་བརྙན་འདི་ཕབ་ལེན་བྱེད་ས་ནི་ཨུག་རེན་ཤར་ཁུལ་གྱི་ཏུན་ནེ་ཚི་ཁེ་སྟེ། ད་སྐབས་རཱ་ཨུག་འཁྲུག་རྩོད་ཀྱི་གནད་འགག་ས་ཁུལ་རེད། འདི་ནི་ཨ་རི་ཉིག་ཡོར་གྱི་བུད་མེད་འཁྲབ་ཁྲིད་པ་Olya Schechterཨུག་རེན་ཤར་ཁུལ་གཡུལ་སར་དངོས་སུ་སོང་སྟེ། རཱ་ཨུག་ཕྱོགས་གཉིས་ཀྱི་མཉམ་འབྲེལ་འོག་ཉེན་ཁ་བརྒྱུད་དེ་བླངས་པའི་བརྙན་གཟུགས་རྩ་ཆེན་ཞིག་རེད།

641 (3).png

       དངོས་བཤུས་གློག་བརྙན་གྱི་གཙོ་འཁྲབ་པ་ནི་མིང་ལ་ཏི་ཅེ་ཟེར་བའི་སྐུང་མདའ་བ་ཞིག་ཡིན་ལ། ཁོས་རང་འདུན་པའི་ངོས་ནས་ཨུག་ཤར་ས་ཁུལ་ལ་ཨུག་རེན་སྲིད་གཞུང་གི་ཚུར་རྒོལ་འགོག་པར་རོགས་རམ་བྱས།

          ཏི་ཅེ་ཡི་མཐོང་སྣེ་བརྒྱུད་དེ། འཁྲབ་ཁྲིད་པས་དུས་ཚོད་གཅིག་གི་དུས་ཡུན་དུ་དམག་འཁྲུག་གི་གནས་ཚུལ་ངོ་མ་སླར་མཚོན་བྱས་ཡོད་དེ།

641 (2).png

གནས་ཚུལ་དང་པོ་ནི། ཤི་གསོན་མི་རྟག་པའི་དམག་འཁྲུག་གི་རང་བཞིན་ངོ་མ། 

         དམག་འཁྲུག་གློག་བརྙན་གཞན་དང་མ་འདྲ་བར། དངོས་བཤུས་གློག་བརྙན་འདིའི་ནང་དུ་ཁྲག་ཁུ་གང་སར་འཕྱོ་བའི་མཐོང་ཚོར་རང་བཞིན་གྱི་རྡབ་གསིག་གཅིག་ཀྱང་མེད།

      ཡིན་ཡང་སྤྱིར་བཏང་བ་དང་བཅོས་མིན་གྱི་བརྙན་མིག་འོག འཁྲབ་ཁྲིད་པས་ང་རང་ཚོར་ཁོག་འདར་རྒྱག་པའི་དམག་འཁྲུག་གི་ངོ་གདོང་དངོས་ཉམས་སུ་མྱོང་དུ་འཇུག གློག་བརྙན་འགོ་བརྩམས་མ་ཐག བརྙན་མིག་ཏི་ཅེ་ཡི་རླངས་འཁོར་རུ་ཁག་དང་བསྡོངས་ནས་རྡོ་ཁུའུ་ཆི་ཡེ་ཧྥུ་སི་ཁེ་ཟེར་བའི་ས་ཁུལ་དུ་འབྱོར།

641 (5).png

        སྐབས་འདིར། རླངས་འཁོར་གྱི་རྒྱང་སྒྲོག་ནང་དུ་ཨུག་རེན་དམག་དཔུང་གིས་མདང་དགོང་ས་འདིར་སྒྱོག་མདེལ་230འཕངས་པ་དང་། ཨུག་ཤར་མི་སེར་གྱི་སྲོག་ཤོར་བའི་གནས་ཚུལ་སྒྲོག་ཀྱིན་འདུག

       ཡིན་ཡང་ཏི་ཅེ་ཁོ་རང་གནས་ཚུལ་འདི་ལྟ་བུར་སྔ་ས་ནས་གོམས་འདུག་ལ།  ཅི་མི་སྙམ་པའི་ངང་ནས་དམག་ལྭ་གྱོན་པ་དང་། གྲབས་ཤོམ་ཡོད་ཚད་བྱས་ནས་འཐབ་རགས་སུ་བསྐྱོད།  འཁྲབ་ཁྲིད་པས་འཐབ་འཁྲུག་གི་རྣམ་པ་དངོས་ལེན་མ་ཐུབ་པར་མ་ཟད། ཕ་རོལ་པོས་ཉེན་ཁ་ཆེ་བར་ཁག་བཞག་སྟེ་བཙན་གྱིས་ཕར་ཁྲིད་སོང་། དེའི་རྗེས་ཀྱི་སྒྱོག་མདེལ་གྱི་སྒྲ་གོ་བ་ལས་མི་མི་རིག་པའི་བརྙན་མིག་འགའ་ཡི་ཁྲོད། ཏི་ཅེ་ཡང་བསྐྱར་མངོན་ཡོང་དུས་འཐབ་འཁྲུག་བརྒྱབ་ཚར་བའི་རྗེས་རེད། སྐབས་འདིར་ཁོས་འཐབ་གྲོགས་ལ་ལག་འཇུ་བྱས་ནས་ཁ་བརྡ་བྱེད་ཀྱིན་འདུག

641 (19).png

       ཏི་ཅེ་ཡིས་ཞིབ་ཚགས་ཀྱིས་དཔུང་རས་འདོགས་པའི་ཚུགས་ཀར་བལྟས་ན། འཐབ་འཁྲུག་དེ་འདྲའི་ཛ་དྲག་མིན་པ་འདྲ། ཡིན་ཡང་སྨན་ཁང་ལ་ཐོན་རྗེས་ང་ཚོས་ད་གཟོད་ཏི་ཅེ་ཡིས་ད་སོ་མར་ཉེན་ཁ་ཅི་འདྲ་ཞིག་བརྒྱུད་སོང་བ་ཤེས་ཐུབ། གདོང་དུ་རྣམ་འགྱུར་གང་ཡང་མེད་པའི་ཁོས་སྨན་པར་རྨས་སྐྱོན་གྱི་གནས་ཚུལ་བཤད་ཀྱིན་འདུག  སྒྱོག་མདེལ་ཅིག་ངའི་འགྲམ་ནས་བཀད་པས། ད་ལྟ་ངའི་རྣ་གཡས་བ་རུ་དང་སྒྲ་གྲགས་པ་ལས་གཞན་ཅི་ཡང་མི་གོ་ཟེར།

641 (6).png

         ཡིན་ཡང་དུས་མཚུངས་སུ།  ཁོས་རང་ཉིད་ཀྱི་ལ་རྒྱ་མཚོན་ཕྱིར། ངས་ཁོ་ཚོའི་སྐུང་མདའ་བ་ལྔ་ལམ་དུ་བརྫངས་བཏང་ཞེས་ཁ་སྣོན་ཅིག་བཤད།

      ཕྱོགས་གཉིས་ཀྱི་སྐུང་མདའ་བ་གཅིག་རྨས་པ་དང་གཅིག་ཤི་བའི་དོན་དངོས་ཏི་ཅེ་ཡིས་རགས་རིམ་གྱིས་བཤད་པ་དང་། རང་ཉིད་ཀྱི་སྟེང་དུ་བྱུང་བ་མིན་པ་དང་མཚུངས། ཡིན་ཡང་ཁོ་དང་དམག་མི་གཞན་དག་གི་ཁ་བརྡའི་ཁྲོད་ནས། འཐབ་འཁྲུག་ཛ་དྲག་ཡིན་པ་ཤེས་ཐུབ། གློག་བརྙན་འགོ་བརྩམས་ནས་ཅུང་མ་འགོར་བར། དམག་མི་ཞིག་གིས་ཏི་ཅེ་ལ་ཉིན་འགའི་སྔོན་ལ་རང་ཉིད་ཀྱི་སྤུན་ཟླ་4ཤོར་སོང་བ་བཤད་ཀྱིན་འདུག 

641 (4).png

       བརྙན་མིག་ནང་དུ།  ཁོ་ཚོས་འཛེམ་དོགས་མེད་པར་འཐབ་རོགས་ཀྱི་ཤི་སྐྱོན་གླེང་བཞིན་འདུག  མདེའུ་ཟུག་ས་མཐོང་ཐུབ་པ་མ་གཏོགས། ཕྱིར་ཐོན་ས་མི་མཐོང་། མགོ་བོའི་ཕྱེད་ཀ་མི་འདུག་ཟེར། 

         ཏི་ཅེ་ཡིས་ལྷོད་ལ་བབ་ནས། ཏཱ་མུའུ་མདེལ་ཡིན་ཁོ་ཐག་རེད། ངས་མེ་མདའ་འཛིན་མཁན་དེ་ཤེས། ངའང་ཁོས་རྨས་མྱོང་ཞེས་ཕྱིར་ལན་བཟློག

641 (20).png

མཆན། ཏཱ་མུའུ་མདེལ་ནི་རྨས་སྐྱོན་ནུས་པ་ཧ་ཅང་མཐོ་བའི་རྒྱ་སྐྱེད་ཅན་གྱི་མདེའུ་ཞིག་ཡིན་ལ། མདེའུ་མིའི་ལུས་པོར་ཕོག་ཚེ་བུ་ག་ཕུག་ནས་མི་འགྲོ་བར་མྱུར་དུ་རྨ་ཁ་ནས་རྒྱ་བསྐྱེད་དེ་མུ་མཐུད་ནས་རྨས་སྐྱོན་བྱེད། དེའི་ཕྱིར་མདེའུ་མེ་ཏོག་མ་ཟེར་སྲོལ་ཡང་ཡོད་པ་རེད། མདེའུ་འདིའི་རིགས་མི་ཇུས་དང་མི་མཐུན་པས་རྒྱལ་ཁང་མང་བོ་རུ་བཀག་འགོག་བྱས་ཡོད་པ་རེད།

        ཁོང་ཚོས་གླེང་བཞིན་པ་ནི་ལྗིད་ཏིག་ཏིག་གི་གླེང་གཞི་ཞིག་ཡིན་རུང་། ཏི་ཅེ་དང་དམག་མི་གཞན་པ་ཚོའི་གདོང་དུ་འགྱུར་ལྡོག་ཆེན་པོ་མི་འདུག ཏི་ཅེ་ཡིས་ཕྱོགས་གཅིག་ནས་མདའ་བ་དེར་ཐ་ཤལ་ཞེས་སྡིག་པ་དང་། ཕྱོགས་གཞན་ཞིག་ནས་ཡང་ཕ་རོལ་བོ་དངོས་ནས་མདའ་བ་ཕུལ་བྱུང་བ་ཞིག་རེད་ཟེར། སེམས་ཁམས་སྦར་བ་དང་རྡབ་གསིག་རང་བཞིན་གྱི་པར་མིག་མེད་ཀྱང་། ཏི་ཅེ་དང་ཏུན་ནེ་ཚི་ཁེ་ཡི་མི་རྣམས་ཀྱི་གནས་ཚུལ་ལས་དམག་འཁྲུག་གི་སྐྱི་གཡའ་བ་སྔར་བཞིན་གང་སར་ཁྱབ་ཡོད་པ་ཤེས་ཐུབ།

641 (7).png

       དེ་ནི་ཁོང་ཚོས་གཟས་ནས་སྣང་མེད་བྱས་པ་མིན་པར། གཡུལ་ངོས་ནས་ཤི་གསོན་མཐོང་མང་བས་ཚོར་མེད་དུ་གྱུར་བ་རེད། འཐབ་འཁྲུག་རྗེས་ནས་གསོན་པར་ལུས་པའི་ཁོ་ཚོར་སྡུག་བསྔལ་གྱི་དུས་ཚོད་མེད་པར། ཐེངས་རྗེས་མའི་འཐབ་འཁྲུག་ལ་གྲ་སྒྲིག་བྱས་ནས་གསོན་ཐུབ་པར་ཤུ་རེས་བྱེད་དགོས། དམག་འཁྲུག་གི་ངོ་གདོང་དངོས་མ་དེ་ཡང་མི་རྣམས་ཀྱི་སེམས་ཁམས་ལ་དོ་སྣང་བྱེད་ལོང་མེད་པའི་ཤི་གསོན་མི་རྟག་པའི་སྟེང་ན་མངོན་ཡོད།

གནས་ཚུལ་གཉིས་པ། དམག་འཁྲུག་གིས་དམག་མཚམས་འཇོག་པའི་“དམག་དུས་དྲང་བདེན།” 

641 (7).png

       གླེང་རིན་ཡོད་པ་ཞིག་ནི། གློག་བརྙན་འགོ་བརྩམས་མ་ཐག་ཏི་ཅེ་ཡིས་ང་ཚོར་བཤད་རྒྱུར། ཁོ་ཨུག་རེན་དང་རཱ་ཤི་ཡ་རྒྱལ་ཁབ་གཉིས་ཀྱི་གང་ནས་ཀྱང་མིན་ཟེར།  དོན་དངོས་ཐོག ཏི་ཅེ་སར་པི་ཡ་ནས་ཡོང་བ་དང་། ཁོ་ནི་རྔན་པ་མི་ལེན་པར་ཨུག་ཤར་ས་ཁུལ་ལ་ཤུགས་འདོན་པའི་རང་འདུན་པ་ཞིག་རེད། 

        འཁྲབ་ཁྲིད་པའི་གདོང་གི་དོགས་གཞི་ལ་གཞིགས་ནས། ཏི་ཅེ་ཡིས་ཕ་རོལ་པོ་ཁྲིད་དེ་ཁོའི་སྡོད་ཤག་ཏུ་སོང་ལ། གྱང་ངོས་ཀྱི་པར་བསྟན་ཏེ་རང་ཉིད་ཀྱི་“ཞེ་སྡང་”གླེང་བྱུང་།

      1999ལོའི་5བར། བྱང་ཆིངས་རྩ་འཛུགས་ཀྱིས་ངའི་ཕ་ཡུལ་སར་པི་ཡ་འགད་གཏོར་བཏང་། འདི་བུད་མེད་ཚན་ཁག་གི་སྨན་ཁང་ཞིག་རེད། འདི་ཡང་འགད་གཏོར་བྱས་སོང་། མི་སེར་བགྲང་ལས་འདས་པ་ཞིག་འཐབ་འཁྲུག་འདིའི་ནང་ནས་ཤི་སོང་བ་རེད། ངས་བྱང་ཆིངས་རྩ་འཛུགས་ཀྱི་བྱ་སྤྱོད་དེ་དག་བརྗེད་མི་སྲིད་ཟེར། 

        ནན་སི་ལ་ཧྥུ་གཏོར་རྗེས་རཱ་ཤི་ཡར་ཡོང་བའི་ཁོས། དེའི་གཞུག་ནས་དམག་འཁྲུག་ལ་ཞུགས་པའི་དམིགས་ཡུལ་ངོ་མ་བཤད་བྱུང་། ཁོ་ཚོས་(བྱང་ཆིངས་)ངའི་རྒྱལ་ཁབ་གཏོར་སོང་། དེ་འདྲའི་གནས་ཚུལ་འདིར་ཡང་བྱུང་ངེས་པ་རེད། ངས་ངེས་པར་དུ་བཀག་འགོག་བྱས་ནས་ལོ་རྒྱུས་བསྐྱར་འཁྲབ་བྱེད་དུ་མི་འཇུག་ཟེར།

641 (12).png

       ཏི་ཅེ་ཡིས་བལྟས་ན། རང་གིས་མེ་མདའ་འཛིན་པ་ནི་སྔར་གྱི་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་ལ། སེམས་ཁོང་གི་དྲང་བདེན་གྱི་ཆེད་དུ་ཡང་ཡིན། ཏུན་ནེ་ཚི་ཁེ་ཡི་སློབ་འབྲིང་ཞིག་ནས་གཏམ་བཤད་གནང་དུས། མིང་གྲགས་ཅུང་ཙམ་ཡོད་པའི་མི་རིགས་གཞན་པའི་དམག་མི་ཁོང་གིས་སློབ་ཕྲུག་ཚོ་ལ་སྔར་སོང་གི་གཏམ་རྒྱུད་བཤད།  ནན་སི་ལ་ཧྥུ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེས་བཟང་བའི་གྲས་རེད། དེ་གའི་ཡོད་ཚད་རིན་མེད་ཡིན་ལ། སློབ་གསོ་དང་སྨན་བཅོས་ཚང་མར་འགན་སྲུང་ཡོད། ཡོད་ཚད་མི་དམངས་ལ་དབང་བ་རེད། ཡིན་ཡང་ཁོ་ཚོས་འདི་དག་ཡོད་ཚད་མེད་པར་བཟོས་པ་རེད། དུས་མཚུངས་སུ། སྔར་ཉིན་གཅིག་གི་ནང་མི་7-8བསད་མྱོང་བའི་ཏི་ཅེ་ཡིས་རང་ཉིད་ཀྱི་སེམས་ཁོང་གི“དམག་མི་དང་ལག་དམར”གྱི་དབྱེ་བ་བརྗོད། ངས་ལག་ཏུ་མཚོན་ཆ་མེད་པའི་མིར་མེ་མདའ་རྒྱག་མི་སྲིད། ངས་བསད་པ་ཚང་མ་ནི་མི་སེར་གསོད་མཁན་གྱི་ཉེས་ཅན་ཡིན། ངས་སྙིང་རྗེ་མི་སྲིད། དྲང་མོར་བཤད་ན་ང་ལ་ཚོར་བ་ཅི་ཡང་མི་འདུག་ཟེར།

   དངོས་བཤུས་གློག་བརྙན་གྱི་མཇུག་ཏུ། ཏི་ཅེ་ཡིས་འཐབ་མོའི་ཁྲོད་དུ་སྒྲིག་འགལ་གྱིས་ཏཱ་མུའུ་མདེལ་བཀོལ་མཁན་གྱི་དགྲ་ཕྱོགས་ཀྱི་མདའ་བ་དེ་གསོད་ཐུབ་པ་བྱུང་ཞིང་།  དམག་འཐབ་བྱས་རྗེས་རབ་དང་རིམ་པའི་དབང་གིས་གཟེངས་རྟགས་ཐོབ།  སྐབས་དེར་ཏུན་ནེ་ཚི་ཁེ་ནས་ལོ3ལ་བསྡད་པའི་ཁོ་རང་། ད་ནས་ས་དེ་དང་ཁ་བྲལ་ནས། ཕལ་བའི་མི་ཚེ་རོལ་བར་འགྲོ་བའི་སེམས་ཐག་བཅད།

641 (13).png

      “སྐུང་མདའ་བའི”ཐོབ་ཐང་ལ་བདེ་མོ་འཇོག་འདོད་པའི་ཁོ་ཡིས། ཁ་བརྡ་ཞིག་གི་ཁྲོད་དུ་ཁ་རོག་གེར་བློ་ཁ་འགྱུར།  ཏི་ཅེ་ཡིས་ས་དེ་གའི་རྒན་པ་ཞིག་དང་ཁ་བརྡ་བྱེད་པའི་དུས་སུ། རྒན་པ་ཡིས་ཁོ་རང་ལ་ཉིན་རེ་བཞིན་ཚུར་རྒོལ་ཐེབས་ཀྱི་ཡོད་པ་དང་ཨུག་རེན་གྱི་སྐུང་མདའ་བས་མི་སེར་ཡིན་མིན་ལ་དོ་སྣང་བྱེད་ཀྱི་མི་འདུག་པ་བཤད།

       ཏི་ཅེ་ཡིས་རང་ཉིད་ཀྱིས་རོགས་རམ་བྱས་ནས་ཐག་གཅོད་བྱེད་པར་ཁས་ལེན་བྱེད་སྐབས།  སྒྱོག་མདེལ་མཐོང་མང་བའི་རྒན་པ་ཡིས་དངན་པ་ཞིག་འཐེན་ཏེ། ང་ལ་བཤད་རྒྱུ་ཡོད་པ་འདི་དག་ཡིན། གཞན་པ་ཁྱོད་རང་ཉིད་ཀྱིས་ཐག་གཅོད་བྱོས་ཟེར། རྒན་པའི་ཐབས་ཟད་འུ་ཐུག་གི་ལན་དེ་ཡིས་ཏི་ཅེ་ལ་བཟོད་ཐབས་མེད་པ་བྱུང་། ཕ་རོལ་པོ་སོང་བའི་གཞུག་ནས། གློག་བརྙན་ཧྲིལ་བོའི་ཁྲོད་སེམས་ཁམས་ལྷིང་འཇགས་ལ་གནས་པའི་ཏི་ཅེ་ཡིས་ཐེངས་འདིར་ཁ་རོག་གེར་མིག་ཆུ་གཏོར་བྱུང་ལ། སྡུག་བསྔལ་སྦ་གསང་བྱེད་ཐབས་མེད་པར་བསམ་གཞིགས་ཀྱི་ཀློང་དུ་ཚུད། ཏི་ཅེ་ཡི་མ་འོངས་པའི་འགྲོ་ཕྱོགས་ཀྱི་སྐོར། འཁྲབ་ཁྲིད་པས་གློག་བརྙན་ཁྲོད་གསལ་བོར་མ་བཤད་པར། སྒྱུ་རྩལ་གྱི་རྣམ་པས་སྟོང་ཆར་བཞག་འདུག ཁོའི་ཆེས་མཐའ་མཇུག་གི་མིག་ཆུས་བཀང་བའི་ངོ་གདོང་གི་རྣམ་པ་དེ་ལས་བལྟས་ཚེ། ཐེངས་འདིའི“སྐུང་མདའ་བའི་དམག་འཁྲུག”གི་ཡང་སྙིང་ནི། དྲང་བདེན་གྱི་ཆེད་དུ་འཐབ་པ་རེད།

གནས་ཚུལ་གསུམ་པ་ནི། ཕམ་ཁ་མྱོང་མཁན་གཏན་འཁེལ་བྱས་ཡོད་པའི་འགྲེལ་ཐབས་མེད་པའི་མཇུག་འབྲས།

641 (15).png

        དོན་དངོས་ཐོག 2018ལོར་དངོས་བཤུས་གློག་བརྙན་འདི་འགྲེམས་པ་ནས་བཟུང་། མི་སྣ་གཙོ་བོ་ཏི་ཅེ་དང་གློག་བརྙན་གྱི་སྐོར་ནས་ཕྱོགས་གཉིས་ཐལ་མཐར་ལྷུང་བའི་གདེང་འཇོག་ཐོབ།

         ཏུའུ་པན་གྱི་སྟེང་དུ་དངོས་བཤུས་གློག་བརྙན་འདིར8.2ཡི་སྐར་གྲངས་མཐོན་པོ་ཐོབ།

      དཔྱད་འཇོག་ཁུལ་དུ་དྲ་གྲོགས་ཚོས་འདི་ནི་དོན་སྙིང་ངོ་མའི་སྟེང་གི་སྐུང་མདའ་བའི་གློག་བརྙན་དུ་འདོད་པ་དང་། ལྷག་ཏུ་ཏི་ཅེ་ནི་སེམས་བཟང་ཞིང་བཀུར་བར་འོས་པའི་མི་ཞིག་ཏུ་འདོད། 

       ཡིན་ཡང་ཕྱོགས་གཞན་ཞིག་ནས། ནུབ་ཕྱོགས་བསམ་བློས་གཙོ་ཁྲིད་བྱས་པའི་IMDBསྟེང་དུ། ཨུག་རེན་གྱི་མི་མང་བོ་བཞུར་ཡོང་སྟེ་དཔྱད་འཇོག་དམན་པ་བྱས་ཤིང་། སྐར་གྲངས་དམའ་མོ་1.8དུ་སླེབས།  ཁོ་ཚོས་ཉིན་གཅིག་ལ་མི་7-8གསོད་པའི་ཏི་ཅེ་དོན་དངོས་སུ་ཚེ་སྲོག་གཅོད་པའི་གཤེད་མ་ཞིག་ཡིན་པར་འདོད་ལ། ཐ་ན་གློག་བརྙན་འདིས་རཱ་ཤི་ཡར་ཁས་ལེན་མིང་རྟགས་བཀོད་ཡོད་པར་འདོད།

641 (16).png

        དོན་དངོས་ཐོག  གདེང་འཇོག་ཕྱོགས་གཉིས་སུ་ལྷུང་བའི་གློག་བརྙན་འདིར་སྔ་མོ་ནས་ལས་རིགས་ནང་ཁུལ་གྱི་ཁས་ལེན་ཐོབ་ཡོད། 2018ལོར་ཨ་རིའི་ཡ་ལི་ཟོང་ནཱ་གློག་བརྙན་དུས་སྟོན་སྟེང་ཕྱི་སྐད་གློག་བརྙན་རྩེ་གྲྭ་ཡི་གཟེངས་རྟགས་ཐོབ། མི་སྣ་གཙོ་བོ་ཏི་ཅེ་དོན་དམ་པར་དྲང་བདེན་གྱི་སྐུང་མདའ་བ་ཞིག་ཡིན་ནམ་ཡང་ན་དམར་གསོད་ལ་གོམས་པའི་བདུད་རྒན་ཅིག་ཡིན་ནམ།  གཅིག་བྱས་ན་ཚང་མ་དེ་འདྲའི་གནད་ལ་འཁེལ་བ་ཞིག་མིན་ཐང་། ཁྱིམ་གཞི་མེད་པའི་འཁྱམ་པོ་ཟེར་ན་ཁོའི་དངོས་དོན་དང་ལྷག་ཏུ་འཚམ་སྲིད།

      གློག་བརྙན་ཁྲོད་དུ་ཏི་ཅེ་ཡིས་ཁོ་རང་མ་གཞི་ཨར་ལས་བཟོ་བ་ཞིག་ཡིན་པར་བཤད། བྱང་ཆིངས་ཀྱིས་ཁོའི་ཕ་ཡུལ་འགད་གཏོར་བྱས་རྐྱེན། ཡུལ་ངེས་མེད་དུ་འཁྱམས་པའི་ཏི་ཅེ་རཱ་ཤི་ཡར་ཡོང་བ་དང་། དེ་རྗེས་ད་རུང་སུའོ་ཆི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཟོ་བ་བྱས་མྱོང་། ཡིན་ཡང་ཏུན་ནེ་ཚི་ཁེ་ནས་རང་གི་ཕ་ཡུལ་དང་འདྲ་བའི་དུས་ཟིང་བྱུང་བར་འཕྲད་སྐབས། གཞན་སྡུག་རང་མྱོང་གི་ཚོར་བ་ཡོད་པའི་ཏི་ཅེ་ཡིས་མེ་མདའ་བཟུང་སྟེ་བྱང་ཆིངས་རྩ་འཛུགས་ལ་གདོང་གཏད།

641 (14).png

       ཟུར་ཟའི་རང་བཞིན་ཆེ་བ་ཞིག་ལ། སར་པི་ཡ་སྲིད་གཞུང་གིས་རྒྱལ་འབངས་ཏུན་ནེ་ཚི་ཁེ་སྲིད་དབང་ལ་ཞུགས་པར་བཀག་འགོག་བྱེད་ཀྱི་ཡོད་པས། གལ་སྲིད་ཏི་ཅེ་ཕྱིར་རྒྱལ་ནང་དུ་ལོག་ཚེ་བཙོན་འཇུག་བྱེད་སྲིད། དེ་བས། དངོས་བཤུས་གློག་བརྙན་ཁྲོད་རང་ཉིད་སྤྱིར་བཏང་གི་སར་པི་ཡ་མི་ཞིག་ཡིན་ཟེར་མཁན་གྱི་སྐྱེས་པ་དེ་དོན་དམ་པས་བྱང་ཆིངས་རྩ་འཛུགས་ཀྱི་རྐྱེན་དང་དམག་འཁྲུག་གི་རྐྱེན་གྱིས་ལོག་སའི་ཁྱིམ་མེད་པར་གྱུར་ལ། ཁོ་ནི་དམག་འཁྲུག་ཐེངས་འདིའི་ཕམ་ཁ་མྱོང་མཁན་དུ་རྩིས་ཆོག 

        གློག་བརྙན་ནང་དུ་འཁྲབ་ཁྲིད་པསIMDBནང་གི་བརྙན་དཔྱད་ཀྱིས་སྐྱོན་བརྗོད་བྱས་པ་ཇི་བཞིན། རང་ངོས་ཐད་ནས་དམག་འཁྲུག་གི་ཕྱོགས་གཉིས་འགྲིག་པ་དང་ནོར་འཁྲུལ་གྱི་གདེང་འཇོག་བྱས་མེད་པར། མི་སེར་གྱི་མཐོང་སྣེ་སྤྱད་དེ་ཟིང་འཁྲུག་ཁྲོད་རྟེན་སའི་ཁྱིམ་གཞིས་མེད་པར་གྱུར་བའི་སྐྱོ་བའི་གཞི་གདངས་མངོན་མཚོན་བྱས་འདུག གློག་བརྙན་ཁྲོད་དེ་འདྲའི་སྐྱོ་གདུང་མྱོང་བཞིན་པ་ནི་ཏི་ཅེ་གཅིག་པོ་མ་ཡིན་པར། བརྙན་མིག་ཁྲོད་ཀྱི་ཨུག་ཤར་མི་དམངས་རེ་རེ་འདུས་ཡོད།

641 (17).png

       ཚོར་སྣང་ཆེས་ཟབ་ས་ནི་གློག་བརྙན་གྱི་མཇུག་ཏུ་ཡོད་དེ། ཏུ་ནེ་ཚི་ཁེའི་སྐྱ་ཐང་ངེའི་གྲོང་མཐའ་རུ། རང་གི་སྐྱེས་པ་འཚོལ་བཞིན་པའི་རྒན་མོ་ཞིག་གྱང་ཆག་ཞིག་རོའི་ཁྲོད་དུ་བགྲོད་བཞིན་འདུག  ས་ཐོག་བཀང་བའི་དུར་བྱང་ལ་ལྟ་བཞིན། ཉེ་འགྲམ་ནས་མཆེད་འོང་བའི་ངུ་ངག་ལ་ཉན་བཞིན་རྒན་མོ་ཡིད་ཆད་པའི་ངང་ནས་ཚིག་གཅིག་བཤད་སོང་། ཅི་འདྲའི་སྐྱི་གཡའ་བ་ལ། ངས་རང་གི་སྐྱེས་པ་མི་རྙེད་གི་ཟེར།

641 (18).png

      ད་ལྟ། རཱ་ཨུག་འགལ་བ་གོམ་གང་མདུན་སྤོས་ཀྱིས་ཛ་དྲག་ཏུ་ཕྱིན་ཅིང་། “བྱང་ཆིངས་ཤར་སྐྱེད”ཀྱི་རྗེས་སུ་ཐོན་པའི་ཆག་སྒོ་མུ་མཐུད་དུ་རྒྱུན་བསྲིངས་ངེས། ཚོད་དཔག་བྱ་ཐུབ་པ་ནི་དམག་འཁྲུག་གི་མེ་ལྕེ་ཡང་བསྐྱར་སྤར་བ་དང་བསྟུན། ལོ་20སྔོན་གྱི་ཏི་ཅེ་ལ་ནན་སི་ལ་ཧྥུ་ནས་ཁྱིམ་གཞིས་མེད་པར་གྱུར་བའི་གཏམ་རྒྱུད་མུ་མཐུད་དུ་བསྐྱར་འཁྲབ་བྱེད་ངེས་ལ། ལོ་འགའི་སྔོན་ཏུན་ནེ་ཚི་ཁེའི་ས་ཐོག་དུར་བྱང་གིས་བཀང་བའི་གཏམ་རྒྱུད་ཀྱང་བསྐྱར་འཁྲབ་བྱེད་པར་ངེས།

    ཆབ་སྲིད་པའི་ཧམ་པ་སྐོང་བའི་གཡུལ་སའི་འགྲན་རྩོད་འོག ཐེངས་འདིའི་རཱ་ཨུག་འགལ་རྩོད་ཀྱི་མཇུག་འབྲས་ཀྱི་ཕམ་ཁ་ཉོ་མཁན་སྔ་ས་ནས་དངོས་བཤུས་གློག་བརྙན་འདིའི་ནང་དུ་བྲིས་ཡོད་པ་རེད།  སྒྱོག་སྒྲ་གྲགས་པ་ནས་བཟུང་། མི་སེར་གྱི་སྐྱོ་གར་འགོ་བརྩམས་པ་རེད།

 

འཇིགས་བྱེད་འཚོས་བསྒྱུར།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།