གངས་རིའི་གསེང་དུ་འཐིམ་པའི་ཚེ་སྲོག

 གངས་རིའི་གསེང་དུ་འཐིམ་པའི་ཚེ་སྲོག

                         ——ལོ་མང་བཀག་སྡོམ་བྱས་པའི་དངོས་བྲིས་གློག་བརྙན<<ཁ་བ་དཀར་བོ>>བལྟས་རྗེས་ཀྱི་མྱོང་བའི་རེག་ཟིག  

                                                                                         ——被禁多年的《卡瓦格博》记录片观后感


མདའ་ཅང་ཤེས།  རྨ་ལྷོ།

0530_1.jpg

            དང་བོ།  ཁ་བ་དཀར་བོའི་མཛེས་སྡུག་གི་བསླུ་བྲིད།

           ཁ་བ་དཀར་བོ【KhaBaDkrBo】ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི【云南省迪庆藏族自治州】མངའ་ཁོངས་སུ་གནས་པའི་གངས་རི་ཞིག་ཡིན་ཞིང་།   མཚོ་ངོས་ལས་མཐོ་ཚད་སྨི་6740ལྷག་ཡོད།

        སྔོན་གྱི་དུས་སུ། ཁ་བ་དཀར་བོ་ནི་སློབ་དཔོན་པདྨས་བོད་ཡུལ་གྱི་བསྟན་པ་སྲུང་བའི་གཞི་བདག་ཏུ་བཀོད་པའི་གནས་རི་ཞིག་ཡིན་ཚུལ་ངག་རྒྱུན་དུ་གནས་ལ། བོད་ཡུལ་གྱི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དུའང་བགྲང་བར་བྱེད། དེ་བཞིན་ཀརྨ་པཀྴི་ཆོས་ཀྱི་བླ་མ་དང་ཀརྨ་རང་བྱུང་རྡོ་རྗེ་སོགས་བཀའ་བརྒྱུད་པའི་བླ་མ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དང་།དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཀྱང་ཁ་བ་དཀར་བོར་ཕེབས་ནས་གནས་མཇལ་གནང་བར་གྲགས།

       ཁ་བ་དཀར་བོ་ནི་མཛེས་སྡུག་ཡིད་དུ་འོང་བའི་གངས་རི་ཞིག་ཡིན་པས། དུས་རབས་གོང་མའི་ལོ་རབས་30ནང་ཨ་རིའི་འབུམ་རམས་པ་ལོ་ཁི་ཡིས། ཁ་བ་དཀར་བོ་ནི་འཛམ་གླིང་སྟེང་ཆེས་མཛེས་སྡུག་ལྡན་པའི་རི་བོ་དེ་རེད་ཅེས་བསྔགས་བརྗོད་བྱས་མྱོང་ལ། ཁ་བ་དཀར་བོ་ནི་ད་སྔ་མིའི་རིགས་ཀྱིས་རྐང་རྗེས་ཕབ་མ་ཐུབ་པའི་མི་ཡུལ་གྱི་དག་ཞིང་དེའང་ཡིན། མཚོ་ངོས་ལས་མཐོ་ཚད་སྨི་6740ནི་མཐོ་བར་བྱས་ཚེ་ཧ་ཅང་མཐོན་པོ་ཞིག་ཏུ་སྣང་ནའང་། མཚོ་ངོས་ལས་མཐོ་ཚད་སྨི8848ལྷག་ཡོད་པའི་འཛམ་གླིང་གི་ཆེས་མཐོ་བའི་གངས་རི་ཇོ་མོ་གླང་མ་དང་བསྡུར་ཚེ། འདི་ཡང་ཧ་ཅང་གི་དམའ་བ་ཞིག་ཡིན་མོད། འོན་ཀྱང་། ཇོ་མོ་གླང་མའི་དབུ་རྩེ་རུ་མི་ག་ཚོད་ཕྱིན་པ་བཞིན་ཁ་བ་དཀར་བོའི་དབུ་རྩེ་རུ་མི་གཅིག་ཀྱང་ཕྱིན་མྱོང་མེད། ད་ནི་ཁ་བ་དཀར་བོའི་དབུ་རྩེ་རུ་མི་གཅིག་ཀྱང་གངས་འཛེག་ཏུ་མ་སོང་བ་མ་ཡིན་པར། མི་གཅིག་ཀྱང་ལེགས་འགྲུབ་མ་བྱུང་བ་རེད། 1902ལོར་ཨིན་ཇིའི་གངས་འཛེག་རུ་ཁག་གིས་གངས་འཛེག་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར་ལ། 1987ནས་1996བར་ཉི་ཧོང་གངས་འཛེག་རུ་ཁག་དང་ཨ་རིའི་གངས་འཛེག་རུ་ཁག ཀྲུང་ཉིའི་མཉམ་འབྲེལ་གངས་འཛེག་རུ་ཁག་བཅས་ལ་སྔ་རྗེས་སུ་ཐེངས་དུ་མར་ཕམ་ཁ་བྱུང་ཞིང་། དེ་ལས་ཀྱང་སྐྱོ་གར་དང་ཕམ་ཉེས་དུས་གཅིག་ཏུ་བྱུང་བའི་གངས་འཛེག་ནི་༡༩༩༡ཀྲུང་ཉིའི་མཉམ་འབྲེལ་གངས་འཛེག་རུ་ཁག་གི་གངས་འཛེག་ཁྲོད་དུ་མི་17ལྷག་ཁ་བ་དཀར་བོའི་གངས་ཉིལ་གྱི་ཁྲོད་དུ་རྐྱེན་ལམ་དུ་ཤོར་ཏེ་མིའི་རིགས་ཁ་བ་དཀར་བོའི་གངས་འཛེག་ལས་རྒྱལ་ཁ་གཅིག་ཀྱང་མ་ཐོབ་པས། དེ་ནས་བཟུང་ཁ་བ་དཀར་བོ་ནི་འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱི་སྣང་ངོར་སེང་རས་གཡོགས་པའི་བཞིན་བཟང་མ་ཞིག་ཏུ་གྱུར།

       2000ལོ་ནས་བཟུང་། སྲིད་གཞུང་གིས་ཁ་བ་དཀར་བོ་ལ་གངས་འཛེག་བྱེད་པ་ཡོངས་སུ་བཀག་སྡོམ་བྱས་ཤིང་། དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་ཕུལ་བའི་བརྩི་བཀུར་ཞིག་དང་ཁ་བ་དཀར་བོར་བཅངས་པའི་བླ་མེད་ཀྱི་དད་སེམས་ཤིག་ཀྱང་ཡིན་ནོ།།

0530_2.jpg

             གཉིས་པ།  ནམ་ཡང་ཕྱིར་ལོག་མ་ཐུབ་པའི་ཚེ་སྲོག

        ལོ་མང་རིང་བཀག་སྡོམ་བྱས་པའི་དངོས་བྲིས་གློག་བརྙན«ཁ་བ་དཀར་བོ»ཞེས་པ་འདི་ནི་ཡུན་ནན་ཞིང་ཆེན་བརྙན་འཕྲིན་ལྟེ་གནས་ནས་ཕབ་བསྐྲུན་བྱས་ཤིང་། འཁྲབ་ཁྲིད་པ་ཁྲེན་མེན(陈敏)དང་ཅེ་ཀྲི(吉哲)སོགས་ནས་འཁྲབ་འཁྲིད་གནང་བའི་དུས་ཡུན་སྐར་མ་66ཅན་གྱི་དངོས་བྲིས་གློག་བརྙན་【纪录片】ཞིག་ཡིན།

      གངས་འཛེག་དང་འབྲེལ་བའི་དངོས་བྲིས་གློག་བརྙན་ལ་ང་རང་གིས་བལྟས་མྱོང་བ་དག་ལས་བག་ཆགས་ཟབ་ཤོས་ནི་ཧི་མ་ལ་ཡའི་ཐེམ་སྐས་ཞེས་པ་དེ་ཡིན་ཞིང་། དེ་ནི་༢༠༡༥ལོར་འགྲེམ་སྤེལ་བྱས་པ་ཡིན་ལ། ལོ་དེ་ནི«ཁ་བ་དཀར་བོ»ཞེས་པའི་དངོས་བྲིས་གློག་བརྙན་འདི་རང་བཀག་སྡོམ་གློད་ནས་རང་དབང་ཐོབ་པའི་ལོའང་ཡིན།

       «ཧི་མ་ལ་ཡའི་ཐེམ་སྐས»【喜马拉雅梯地】ཞེས་པའི་དངོས་བྲིས་གློག་བརྙན་དེ་ནི་འགྲོ་སོང་བཏང་བ་ཆེས་མང་ཞིང་། གོ་རིམ་དང་བརྙན་མིག་སོགས་ཀྱི་སྤུས་ཀ་ཅང་མཐོ་བའི་གློག་བརྙན་ཞིག་ཡིན་པས། དངོས་བྲིས་གློག་བརྙན་ཞེས་ན་རློམ་དཀའ་བའི་གློག་བརྙན་ཡག་པོ་ཞིག་ཡིན་མོད། ང་རང་དེ་ལས་ལྡོག་སྟེ་ཧི་མ་ལ་ཡའི་ཐེམ་སྐས་ལས་ལོ་ཉི་ཤུ་ལྷག་ལས་སྔ་བའི་བརྙན་མིག་རབ་རིབ་དང་གོ་རིམ་ཐུང་བ། བར་བཅུག་སྐད་ཆ་མང་བའི«ཁ་བ་དཀར་བོ»ཞེས་པའི་དངོས་བྲིས་གློག་བརྙན་འདི་ལ་ཞེ་དག་པས་དགའ་བོ་བྱུང་ཞིང་། ཐ་ན་སེམས་འགུལ་ལྕི་མོ་ཞིག་གིས་ཀྱང་དེད་པས་འདིའི་གོ་རིམ་དང་མྱོང་ཚོར་ཞིག་འབྲི་བའི་བསམ་འདུན་འགོག་མེད་དུ་སྐྱེས་སོང་།

     «ཁ་བ་དཀར་བོ»ནི་དོན་དངོས་ཟིན་བྲིས་ཀྱི་མིག་ཟུང་དང་སྐད་ཆའི་འགྲེལ་བརྗོད་ཀྱི་རྣམ་པས་གྲུབ་པའི་གློག་བརྙན་ཞིག་ཡིན་ལ། འཁྲབ་སྟོན་གྱི་ཆ་འདོར་བའི་གངས་འཛེག་གི་ཕམ་ཉེས་ཆེན་པོ་ཞིག་གི་བརྒྱུད་རིམ་ཡང་གསལ་བོར་མཚོན་ཡོད་དེ། ཐོག་མར་འཆར་ངོས་ལས་ཁ་བ་དཀར་བོ་ཤར་ཡོང་ཞིང་། དེ་ནས་རླངས་འཁོར་བགྲོད་པ་སོགས་རེས་མོས་སུ་འཆར་བ་དང་། གངས་འཛེག་རུ་ཁག་ཅིག་གི་གངས་འཛེག་གི་སྟ་གོན་མཐོང་ཡོང་། ཁོ་ཚོ་ཁ་བ་དཀར་བོར་འཛེག་པའི་བྱ་འགུལ་དེས་གངས་འདབས་སུ་ཆགས་པའི་བོད་པའི་མང་ཚོགས་ཀྱི་དད་མོས་ལ་ཤུགས་རྐྱེན་ཆེན་པོ་ཞིག་བཟོས་པ་སྟེ། ཁོ་ཚོས་ནམ་རྒྱུན་མཆོད་བཀུར་བྱེད་སའི་ཁ་བ་དཀར་བོའི་དབུ་རྩེ་རུ་མི་འགའ་ཤས་ཀྱིས་རྡོག་པས་བཟོ་རྩིས་བྱས་པ་ལ་ཡི་མ་རངས་ཤིང་བཀག་འགོག་ཀྱང་མང་བོ་ཞིག་བྱས་མོད། སྔར་བཞིན་ཁོ་ཚོས་ཅི་མི་སྙམ་པར་ཁ་བ་དཀར་བོའི་མཛེས་སྡུག་གི་བསླུ་བྲིད་ཀློང་དུ་ཆས།

      1991ལོར་ཀྲུང་ཉིའི་མཉམ་འབྲེལ་གྱི་【中日联合登山队】མི་སྣ་བཅུ་བདུན་གྱིས་གྲུབ་པའི་གངས་འཛེག་རུ་ཁག་ཅིག་གིས་གངས་འཛེག་གི་ཡོ་བྱད་འཁུར་ནས་ཁ་བ་དཀར་བོར་འཛེག་ཅིང་། གངས་འཛེག་གི་སྒར་ས་དང་བོ་དང་གཉིས་པ། གསུམ་པ། བཞི་བ་རེ་རེ་བཞིན་བཙུགས། ཁོ་ཚོ་གངས་འཛེག་གི་ཁྲོད་དུ་གངས་རིའི་ཆེས་མཐོ་བའི་གནས་ས་ཞིག་ཏུ་སླེབས་མོད། གློ་བུར་དུ་གནམ་གཤིས་ལ་འགྱུར་ལྡོག་བྱུང་ནས་རླུང་ཆེན་ལྡང་ནས་ཁངས་བབས་པས། གནམ་ས་ཡོད་ཚད་ཁ་བའི་འཚུབ་མས་བཀང་བར་གྱུར། 1991ལོའི་ཟླ་1བོའི་ཚེས་3མཚན་མོར་སྒར་ས་གོང་འོག་བར་འབྲེལ་གཏུག་བྱས་ཏེ་ཁ་བའི་མཐུག་ཚད་སོགས་དྲིས་དུས། སྒར་ས་གསུམ་པར་ཁ་བའི་མཐུག་ཚད་སྨི་1.6ལྷག་ཏུ་སླེབས་པས་མི་ཞིག་གི་གཟུགས་པོའི་རིང་ཚད་ལས་བརྒལ་བར་གྱུར།

       ཟླ་1བོའི་ཚེས་4ཉིན་གྱི་སྔ་དྲོར་སྒར་ས་གསུམ་པར་འབྲེལ་གཏུགས་བྱས་ཀྱང་གྲག་འགུལ་ཅི་ཡང་མེད་པར་གྱུར་པས། རུ་གཙོས་མཚན་མོ་གཅིག་གི་ནང་ཀྲུང་ཉིའི་གངས་འཛེག་པ་བཅུ་བདུན་ལྷག་གར་སོང་ཆ་མེད་དུ་གྱུར་ཚུལ་ཁུང་མིང་གྲོང་ཁྱེར་དུ་ཡར་ཞུ་བྱས། སྐབས་དེར་སྒར་ཆེན་དུའང་གངས་ཉིལ་བྱུང་བས་མི་རྣམས་སྐྲག་སྣང་ལ་གཏད།  ཁོ་ཚོས་མྱུར་སྐྱོབ་སླེབས་པར་ཉིན་བཞིའི་ནང་རེ་སྒུག་བྱས་ཤིང་དེ་ནི་ཤི་གསོན་ཆ་མེད་གྱུར་པའི་ཚེ་སྲོག་བཅུ་བདུན་སྐྱོབ་པར་སེམས་འཚབ་ཀྱི་ཁྲོད་དུ་ལུས་པའི་ཉིན་བཞི་འགོར་རྗེས། མྱུར་སྐྱོབ་བྱེད་པའི་གྱེན་འཕུར་གནམ་གྲུ་སླེབས་ཀྱང་གློ་བུར་དུ་གནམ་གཤིས་འགྱུར་ལྡོག་བྱུང་ནས་ཁངས་རླུང་འཚུབ་པས་ནུས་པ་ཅི་ཡང་མ་ཐོན།

         ཉིན་བདུན་ལ་སྒུག་རྗེས། གཞི་ནས་ལྷ་ས་ནས་ལེ་བར་2000ལྷག་བརྒལ་ནས་བོད་ལྗོངས་གངས་འཛེག་རུ་ཁག་མྱུར་སྐྱོབ་ཏུ་ཡོང་ཡང་ཡིད་ཕངས་པ་ཞིག་ལ་འཚོལ་ཞིབ་ཙམ་ལས་གངས་འཛེག་པ་བཅུ་བདུན་ལས་གཅིག་ཀྱང་རྙེད་མ་ཐུབ་པས། ཚེས་༢༡་ཉིན་ཀྲུང་ཉིའི་མཉམ་འབྲེལ་གངས་འཛེག་རུ་ཁག་གི་མི་བཅུ་བདུན་ཚང་མ་གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱས་ཤིང་། ཚེས༢༢ཉིན་མྱུར་སྐྱོབ་རུ་ཁག་ཀྱང་ཕྱིར་འཐེན་བྱས་པ་རེད།  

        འདི་ནི་གློག་བརྙན་གྱི་གོ་རིམ་ཧྲིལ་བོ་ཞིག་བསྐྱར་བཟློས་ཀྱི་རྣམ་པས་ཡི་གེའི་གཟུགས་སུ་འཕོས་པ་ལས་མེད་ཀྱང་། ཁ་བ་དཀར་བོས་མཛེས་སྡུག་གིས་འཁྲིད་སོང་བའི་མི་བཅུ་བདུན་ལྷག་གི་ཚེ་སྲོག་བོར་བའི་སྐྱོ་གདུང་གི་གཏམ་རྒྱུད་ཀྱང་ཡིན། དེ་བས་ངས་འདི་ལ་སེམས་ཞིབ་མོས་ཐེངས་གཉིས་ཙམ་ལ་བལྟས་ཤིང་།  རྟོག་བཟོ་དང་ལྷད་ཀྱིས་མ་བཅོས་པའི་གོ་རིམ་ཧྲིལ་བོ་ཞིག་ལ་སེམས་མྱངས་པ་ཡིན་པས། གཟོད་དམིགས་ཡུལ་དང་དགའ་ཕྱོགས་ཀྱི་སླད་དུ་བློས་བཏང་བའི་ཚེ་སྲོག་ཇི་འདྲའི་རླབས་ཆེན་ཞིག་ཏུ་མཐོང་ལ། དེ་ལས་ཀྱང་སྐྱེ་འཆི་ནི་ལྡོག་མེད་ལས་སྐལ་ཞིག་ཡིན་ན། ཚེ་མཇུག་གི་དུར་ས་མི་ཡུལ་གྱི་ཤམ་བྷ་ལའི་ཕང་བར་བསྐྱུར་དགོས་དོན་ཡང་། གངས་འཛེག་པ་བཅུ་བདུན་གྱི་མཐའ་མའི་བླ་ན་མ་མཆིས་པའི་གདམ་གསེས་ཤིག་ཀྱང་ཡིན་ནོ་སྙམ་བྱུང་།

0530_5.jpg

            གསུམ་པ། བརྙན་མིག་ལས་ཤོར་བའི་གསང་བ།

         ཀྲུང་ཉིའི་གངས་འཛེག་པ་བཅུ་བདུན་ལྷག་གི་ཚེ་སྲོག་ཤོར་བའི་དངོས་བྲིས་གློག་བརྙན«ཁ་བ་དཀར་བོ»ཞེས་པ་འདི་1991ལོར་ཕབ་ལེན་བྱས་རྗེས་ཡོངས་སུ་བཀག་སྡོམ་བྱས་ཀྱང་། 2015ལོར་བཀག་སྡོམ་གློད་དེ་ལོ་དེའི་གངས་འཛེག་གི་བྱུང་བ་མཐའ་དག་སྐྱེ་བོ་ཀུན་གྱི་གཟིགས་མོར་འགྲེམ་ཐུབ་པར་གྱུར་པས།  མི་རྣམས་ཀྱི་སེམས་ཁོང་དུ་ལུས་པའི་ལྐོག་གྱུར་དང་གསང་བ་མང་བོ་ཞིག་གི་མདུད་པ་གཅིག་ཏུ་གྲོལ་ཐུབ་པར་གྱུར།

        གློག་བརྙན་འདི་བཀག་སྡོམ་བྱས་པའི་དམིགས་ཡུལ་ནི་མི་བཅུ་བདུན་ལྷག་གི་ཚེ་སྲོག་མཚན་གཅིག་ལ་ཤོར་བའི་ཕམ་ཉེས་མ་ཐེག་པ་ཡིན་ནམ།  གཞུག་ན་མྱུར་སྐྱོབ་ཙམ་ཡང་མེད་པར་རྒྱལ་ཁབ་གཉིས་ཀྱིས་གངས་འཛེག་རུ་ཁག་ཅིག་ཀྱང་སྐྱོབ་མ་ཐུབ་པའི་ངོ་ཚ་སྒྲིབ་པ་ཡིན་ནམ། ཡང་ན། གྱེན་འཕུར་གནམ་གྲུ་ཡོང་བར་ཉིན་བཞི་ལ་སྒུག་ནས་ཚེ་སྲོག་ཐམས་ཅད་རྨེག་མེད་དུ་སོང་བའི་བློ་འགྱོད་དེ་སྒྲིབ་པ་ཡིན།  མདོར་ན་འཐུས་ཤོར་དང་ཕམ་ཉེས། བློ་འགྱོད་སོགས་དུས་གཅིག་ཏུ་གཡོལ་ཐབས་བྱས་པར་གདོན་མི་ཟ་ཡང་།  2015ལོར་གཞི་ནས་རང་དབང་ཐོབ་པ་འདི་ཡང་ཁོ་ཚོའི་ཚེ་སྲོག་བོར་བའི་གཏམ་རྒྱུད་ལ་ཉི་འོད་འཕྲོས་པའང་ཡིན་ཏེ། མིའི་རིགས་ཀྱི་སེམས་ཁོང་ནས་གཏན་དུ་བརྗེད་ཐབས་མེད་པའི་དྲན་ཤིང་གི་རྡོ་རིང་ཞིག་བསླངས་པ་རེད།

       ཁོ་ཚོའི་ཁྲོད་དུ་ཉི་ཧོང་བ་བཅུ་གཅིག་དང་རྒྱ་མི་ལྔ། བོད་མི་གཅིག་བཅས་ཡོད་ཅིང་། བརྙན་འདིའི་བར་བཅུག་ཏུ་བྱས་ཡོད་པའི་ཁོ་ཚོའི་ཁྱིམ་མིའི་སྐད་ཆ་དག་ཐོས་འཕྲལ་ཧ་ཅང་སྐྱོ་བསྔལ་གྱིས་མནར་ཡོང་བ་ཞིག་རེད། དཔེར་ན། བོད་མི་དེས་ཤུལ་དུ་བསྐྱུར་ཡོད་པ་ནི་ལོ་ན་དྲུག་ཅུ་བདུན་ཅུ་ལྷག་ལ་སོན་པའི་བགྲེས་སོང་གི་ཕ་མ་གཉིས་རེད། ཨ་མ་རྒན་མོ་དེས་བུ་ཕྲུག་ཤི་བ་ཤེས་རྗེས་མིག་ཆུ་དང་བཅས་བློ་འགྱོད་ཀྱི་ངང་། ཡར་སྔོན་བུ་ལ་གངས་འཛེག་བྱེད་པར་བཀག་འགོག་བྱས་ཀྱང་དང་ལེན་མ་བྱས་པ་སོགས་བཤད་བྱུང་བས། ཁོ་བོའི་ནང་སེམས་ཀྱང་སྐྱུར་བྲོ་བ་ཞིག་ཏུ་གྱུར་ཞིང་རྒས་ཁོག་གི་ཕ་མ་དེ་གཉིས་སྙིང་རྗེ་བ་ཞིག་ཀྱང་བྱུང་།

      དེ་བཞིན་གཞན་དག་གིས་ཀྱང་བུ་ཕྲུག་དང་ཆུང་མ་ཤུལ་དུ་བསྐྱུར་ནས་ཁ་བ་དཀར་བོའི་གངས་ཁྲོད་དུ་འཐིམ་ཟིན་པས། ཡུགས་ས་དང་དྭ་ཕྲུག་ཏུ་གྱུར་བའི་ཁོ་ཚོའི་སྐྱོ་ངལ་ཀྱང་བརྗོད་ལས་འདས་ཤིང་། དེའི་ཁྲོད་ཕངས་སེམས་སྐྱེ་དགོས་པ་ཞིག་ནི་ལོ་22ཙམ་མ་གཏོགས་མ་སོན་པའི་གངས་འཛེག་པ་ཞིག་ཀྱང་འདུག དེ་འདྲ་ལོ་ན་ཆུང་བའི་ཁོས་མི་ཚེ་ལ་བཅངས་པའི་ཕུགས་བསམ་དང་འཆར་གཞི་ག་འདྲ་མང་བོ་ཞིག་ཆག་གྲུམ་དུ་གྱུར་ནས་བཞུད་སོང་བ་སུ་ཡིས་རྟོགས།

       1998ལོའི་དབྱར་ཁར།  ས་གནས་འབྲོག་པ་ཞིག་གིས་འཁྱག་རོམ་གྱི་སྟེང་དུ་ཚོན་མདོག་སྣ་ཚོགས་ཡོད་པའི་དངོས་པ་ཞིག་མཐོང་ཞིང་། གོང་རིམ་ལ་ཡར་ཞུ་བྱས།  སྐབས་དེའི་རུ་གཙོ་སོགས་སླེབས་ནས་མཐོང་དུས།  གར་སོང་ཆ་མེད་དུ་གྱུར་བའི་གངས་འཛེག་པ་དག་གི་རུས་པ་དང་གོན་པ། སྦྲ་གུར། པར་ཆས།  མཐོ་ཚད་འཇལ་ཆས་མཐོང་བས། ཁོ་ཚོའི་ཤི་གསོན་ཐག་གིས་ཆོད་ཅིང་རྗེས་སོར་ཤུལ་ལུས་དངོས་རྫས་དག་ཀྱང་ཁོ་ཚོའི་ཁྱིམ་མིར་སྤྲད་འདུག  

0530_6.jpg

             བཞི་བ།   གངས་རིའི་དད་མོས་དང་ཁོར་ཡུག་སྲུང་སྐྱོབ།

          2000ལོར་ཨ་རིའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་དང་ས་གནས་སྲིད་གཞུང་གིས་བདེ་ཆེན་དུ་རྒྱལ་སྤྱིའི་ཚོགས་འདུ་བསྡུས་ཏེ།  དེའི་སྟེང་དུ་རྒྱལ་སྤྱིའི་མཁས་པ་དང་འགོ་ཁྲིད། བླ་མ།  སྤྲུལ་སྐུ།  NGOསྐུ་ཚབ་བཅས་མི་སྣ་གྲགས་ཅན་བཅུ་ལ་ཉེ་བ་ཞིག་གིས་ཁ་བ་དཀར་བོའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་དད་མོས་ལ་བརྩི་བཀུར་བྱས་ནས།  དེ་ནས་བཟུང་ཁ་བ་དཀར་བོ་ལ་གངས་འཛེག་བྱེད་པ་ཡོངས་སུ་བཀག་སྡོམ་བྱས་པ་རེད།

        མདོར་དེད་ན།  ཁ་བ་དཀར་བོར་གངས་འཛེག་བྱེད་པ་བཀག་སྡོམ་བྱས་པ་ནི་མིའི་རིགས་ཀྱིས་གདོད་མའི་དད་མོས་ལ་བརྩི་འཇོག་བྱས་པ་ཁོ་ནའང་མིན་ཏེ། ཁ་བ་དཀར་བོ་ནི་མིའི་རིགས་རྐང་རྗེས་ཕབ་མི་ཐུབ་པའི་གངས་རིར་གྱུར་པས་ཀྱང་རེད། ཡར་སྔོན་གྱི་གངས་འཛེག་ཐེངས་རེར་ཕམ་ཉེས་བྱུང་ཞིང་ནམ་ཡང་མིའི་རིགས་ལ་རྒྱལ་ཁ་ལེན་པའི་གོ་སྐབས་ཐེངས་གཅིག་ཀྱང་མ་བྱིན་པར་མ་ཟད། ཐ་ན་ཚེ་སྲོག་དང་རྒྱུ་ནོར། དུས་ཚོད་བཅས་ལ་གྱོང་གུད་བཟོས་པ་ཡོད་ཚད་ནི་རང་བྱུང་ཙམ་ཡང་མ་ཡིན་པར།  དེའི་གསེང་དུ་ཡིབ་པའི་ལྐོག་གྱུར་གྱི་གསང་བ་གལ་ཆེན་ཞིག་ལ་རག་ལས་ཡོད།

     ཁ་བ་དཀར་བོའི་མཐོ་ཚད་འཛེག་མི་ཐུབ་པའི་གངས་རིའི་མཐོ་ཚད་ཀྱང་མ་ཡིན་མོད། ཁ་བ་དཀར་བོ་ནི་མཚོ་ངོས་མཐོ་ཚད་སྨི7000མན་གྱི་འཛེག་མི་ཐུབ་པའི་གངས་རིར་གྱུར་ཡོད།  དེ་ནི་དཔྱད་བརྗོད་པ་མང་བོས་གདོད་མའི་ལྷ་རུ་བཀུར་བའི་ཁ་བ་དཀར་བོའི་སྟོབས་ཆེ་བའི་ནུས་ཤུགས་ཤིག་ཏུ་བསམ་ཡོད།  1991ལོར་ཀྲུང་ཉིའི་རུ་ཁག་འདི་གངས་འཛེག་གི་ཆེས་མཐོ་བའི་གནས་ཤིག་ཏུ་སླེབས་སོང་མོད། ཁ་བ་དཀར་བོ་ལྷ་རུ་མཆོད་པའི་གངས་འདབས་ཀྱི་མང་ཚོགས་ཀྱིས་དེ་ཤེས་རྗེས།  ཁ་བ་དཀར་བོར་བསང་མཆོད་དང་སྨོན་ལམ་བཏབ་ནས་ཁོ་ཚོ་གངས་རྩེ་རུ་འཛེག་མི་རུང་ཞིང་། ཁོ་ཚོ་མེད་པར་གཏོང་བའི་དམོད་མོ་ཡང་བཏང་ཡོད་པས།  གློ་བུར་དུ་ཁངས་རླུང་འཚུབ་ནས་མཚན་གཅིག་གི་རིང་ཚེ་སྲོག་བཅུ་བདུན་ལྷག་རྡུལ་དུ་བརླག་པ་རེད།  1996ལོར་སླར་ཡང་ཉི་ཧོང་གི་གངས་འཛེག་རུ་ཁག་ཅིག་ཁ་བ་དཀར་བོར་འཛེག་པ་ཡིན་མོད། ཆེས་མཐོ་བའི་གནས་ས་ཞིག་ཏུ་སླེབས་རྗེས།  ཡང་བསྐྱར་ཁངས་རླུང་འཚུབ་པའི་གནམ་གཤིས་ཐོན་པས་ཁོ་ཚོ་ཚང་མ་ཕྱིར་བྲོས་སོང་བ་རེད།  དེ་ནས་བཟུང་མིའི་རིགས་ཀྱིས་ཁ་བ་དཀར་བོར་གངས་འཛེག་བྱེད་པའི་རེ་འདུན་དེ་ཡོངས་སུ་དོར་བ་རེད།  འདི་ནི་ད་སྔ་སུས་ཀྱང་རྟོགས་མི་ཐུབ་པའི་ཁ་བ་དཀར་བོའི་གསང་བ་ཞིག་ཏུ་གྱུར་ཡོད་དེ། གློ་བུར་དུ་འགྱུར་འགྲོ་བའི་གནམ་གཤིས་ནི་ཁ་བ་དཀར་བོར་འཛེག་མི་ཐུབ་པའི་དཀའ་ཁག་ཆེས་ཆེ་ཤོས་དེའང་ཡིན།  

       ད་དུང་ཁ་བ་དཀར་བོའི་གངས་འཛེག་ཁྲོད་དུ་ད་ལྟའི་བར་ལྐོག་གྱུར་དུ་ལུས་པའི་སྐད་ཆ་ཞིག་ཡོད་དེ།  1991ལོར་གངས་འཛེག་པ་དག་ཁ་བ་དཀར་བོའི་དབུ་རྩེ་རུ་སླེབས་ལ་ཉེ་བའི་སྐབས་དེར།  བརྡ་གཏོང་འཕྲུལ་ཆས་ཀྱིས་སྒར་ཆེན་དུ་འཇིགས་སུ་རུང་བའི་བརྡ་ཞིག་བཏང་སོང་། དེ་ནི་བརྡ་གཏོང་གངས་འཛེག་པ་དག་གིས་གངས་རྩེ་ནས་དགོན་པ་ཆེན་པོ་མཐོང་སོང་ཞེས་བཤད་ཀྱང་།  སྒར་ཆེན་ནས་གནས་མཐོ་སར་མཐོང་བའི་འཁྲུལ་སྣང་གི་འཇིག་རྟེན་ཞིག་རེད་ཅེས་གསལ་བཤད་བྱས་པ་རེད།  དེ་ནས་བཟུང་།  སྐབས་དེའི་བརྡ་གཏོང་སྒྲ་ཕབ་དེ་བདེ་ཆེན་དཔེ་མཛོད་ཁང་དུ་བཞག་ནས་ད་ལྟའི་བར་ཕྱི་རུ་བསྒྲགས་མེད་པ་རེད།  སྐད་ཆ་འདི་བདེན་མིན་ཅི་འཚལ་ཡང་། སྐབས་དེའི་འགོ་ཁྲིད་ཀྱི་བར་བཅུག་སྐད་ཆ་ཞིག་ཏུ་“ཁོ་ཚོ་ཤི་སོང་མ་འདོད་པར། འཇིག་རྟེན་གཞན་དུ་བུད་སོང་སྙམ་”ཞེས་པའི་སྐད་ཆ་འདིས་ཀྱང་ང་ཚོ་ལ་དོགས་གནས་མང་བོ་ཞིག་བསླངས་ཡོང་།

      གང་ལྟར།  ཁ་བ་དཀར་བོ་ལ་ནག་ནོག་གི་དྲི་མ་དང་དབུ་འཕང་སྨད་པ་མེད་པར། བསྐལ་བ་མ་སྟོང་བར་དུ་གཟི་བརྗིད་ཀྱིས་འགྱིང་ཞིང་བྱིན་རླབས་ཀྱིས་ཕྱུག་ཡོད་པས།  འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱིས་མི་ཡུལ་གྱི་དག་ཞིང་དང་མཛེས་སྡུག་གི་རི་བོར་བསྔགས་ཤིང་། ཁ་བ་དཀར་བོས་ཀྱང་བོད་གངས་ཅན་གྱི་སྙིང་སྟོབས་དང་ལོ་རྒྱུས་ཀྱང་ཁོང་གི་དབུ་རྩེ་བཞིན་ནམ་ཡང་གཞན་གྱི་རྐང་འོག་ཏུ་འཇུག་མི་ཐུབ་པ་མཚོན་ནོ།།

                             

                                                      2022/5/26ཉིན་བྲིས་ཚར།

0530_7.jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།