འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ།

                                                          


          སྤྱི་ལོ༡༩༥༦ལོར་བོད་ལྔོངས་གཞིས་རྩེ་རྣམ་གླིང་རྫོང་ཁོངས་སུ་འཁྲུངས། ༡༩༨༡ལོར་ཧྲང་ཧེ་ཟློས་གར་སློང་གླིང་ནས་ཐོན། ད་ལྟ་བོད་ལྔོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱལ་ཁབ་གྱི་འཁྲབ་སྟོན་པ་རིམ་པ་དང་པོ་དང་ཀྲུང་གོའི་ཟློར་གར་མཁས་ཅན་པའི་ཚོགས་པའི་ཚོགས་མི། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན། ཁོས་སྔ་རྗེས་སུ་གཏམ་བརྗོད་ཟློས་གར་རིང་ཤོས«སྲོང་བཙན་སྒམ་པོ»དང«པོ་ཏ་ལའི་འཕོར་འགྱུར»«གནས་མཆོག་སུ་སྐྱོད་པའི་ལམ»«རྫོང་རིའི་རྣམ་ཤེས»«ཡང་རྩེ་བརྒལ་བ»སོགས་སུ་གཙོ་འཁྲབ་གྱི་འགན་བཞེས་ཤིང་། ད་ལྟའི་བར་ཏུ་གཏམ་བརྗོད་ཟློས་གར་ཆེ་ཆུང་ཉི་ཤུ་ཡས་མས་སུ་མི་སྣ་མི་འདྲ་བ་དུ་མ་འཁྲབ་མྱོང་ཡོད། ༡༩༩༦ལོར་བརྙན་འཕྲིན་ཟློས་གར་གྱི་གར་སྟེགས་སུ་གོམ་པ་དང་པོ་སྤོས་དེ། གློག་བརྙན«སྲོང་བཙན་སྒམ་པོ»ཟེར་བའི་ནང་དམག་དཔོན་ཞིག་འཁྲབ། དེའི་རྗེས་ནས་ཁོས་འཁྲབ་པའི་གློག་བརྙན་ལ«ལུང་གཞུང་དམར་པོ»དང«གངས་སྐྱོབ»«ཡེ་ཧེ་མཉམ་འབྲེལ»«ཁོ་ཁོ་ཞི་ལི»སོགས་ཡོད། བརྙན་འཕྲིན་ཟློར་གར་ལ« གངས་འགུལ»དང«གཟིམ་མེད་ཀྱི་མིག་ཟུང»«ལྷ་སའི་འདས་དོན»«བོད་ཀྱི་འཕོར་འགྱུར»«རྒྱ་བཟའ་ཀོང་ཇོ»«རྡུལ་ཕྲན་ཞོད་འཇགས»«ཇ་རྟའི་གནའ་ལམ» «སྐལ་བཟང་མེ་ཏོག་འདབ་བརྒྱད་མ»«གསང་འཕྲིན་འཕོར་འགྱུར»«བླ་མ་དགེ་དར»«སྤྲོ་སྐྱིད་ལྡན་པའི་འཚོ་བ»སོགས་འཁྲབ་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་གི་གཏམ་བརྗོད་ཟློས་གར་དང་བརྙན་འཕྲིན་ཟློར་གར་ཕྱོགས་གཉིས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས།
           ༡༩༩༡ལོར་སྐབས་གཉིས་པའི་ཀྲུང་གོའི་གཏམ་བརྗོད་ཟློས་གར་གསེར་གྱི་སེང་གེའི་བྱ་དགའ་ཐོབ། ༡༩༩༤ལོར་ལོ་རྒྱུས་ཟློར་གར་རིང་ཤོས«པོ་ཏ་ལའི་འཕོ་འགྱུར»གྱི་འཁྲབ་སྟོན་ལ་འབྲུག་དགུ་བུམ་པའི་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་ཐོབ། ལོ་དེར་ད་དུང་བོད་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱིས་གནང་བའི་ཇོ་མོ་གླང་མའི་སྒྱུ་རྩལ་བྱ་དགའ་ཐོབ། ༡༩༩༥ལོར་བརྙན་འཕྲིན་ཟློས་གར«གངས་འགུལ»གྱི་འཁྲབ་སྟོན་ལ་སྐབས༡༥བའི་རྒྱལ་ཡོངས་བརྙན་འཕྲིན་ཟློས་གར་གྱི་མཁའ་འགྲོའི་བྱ་དགའ་ལས་ཕུལ་བྱུང་སྐྱེས་པ་འཁྲབ་སྟོན་པ་ཕལ་བའི་གཟེངས་བསྟོད་ཐོབ། ༡༩༩༧ལོར་གློག་བརྙན«ལུང་གཞུང་དམར་པོའི»འཁྲབ་སྟོན་ལ་སྐབས༡༧པའི་ཀྲུང་གོའི་གློག་བརྙན་གསེར་གྱི་བྱ་ཕོའི་བྱ་དགའ་ལས་ཕུལ་བྱུང་སྐྱེས་པ་འཁྲབ་སྟོན་པ་ཕལ་བའི་མཚན་སྙན་ཐོབ། ༢༠༠༢ལོར་བརྙན་འཕྲིན་ཟློས་གར«སྐལ་བཟང་མེ་ཏོག་འདབ་བརྒྱད་མའི»འཁྲབ་སྟོན་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཟློར་གར་གྱི་རྟ་མཆོག་བྱ་དགའི་ཆེས་ཕུལ་བྱུང་གི་སྐྱེས་པ་གཙོ་འཁྲབ་པའི་བྱ་དགའ་ཐོབ། ༢༠༠༥ལོར་གློག་བརྙན«ཁི་ཁི་ཞི་ལིའི»འཁྲབ་སྟོན་ལ་སྐབས༤༡པའི་ཀྲུང་གོའི་ཐའེ་ཝན་གྱི་གསེར་རྟའི་བྱ་དགའ་ལས་ཆེས་ཕུལ་བྱུང་གི་སྐྱེས་པ་གཙོ་འཁྲབ་པའི་མིང་ཐོར་ཚུད། འདི་ལྟར་ཁོ་རང་རྡོ་སོལ་འདོན་མཁན་གྱི་བཟོ་བ་ཆེས་སྤྱིར་བཏང་བ་ཞིག་ནས་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་སྒྱུ་རྩལ་པ་ཞིག་ཏུ་གྱུར།
           ༡༩༥༦ལོའི་ཟླ༥པའི་ཚེས༡༥ཉིན་བོད་ལྗོངས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཁོངས་ཀྱི་ཞིང་བ་དཀྱུས་མ་ཞིག་གི་ཁྱིམ་ཏུ་སྐྱེས། ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡིན་ཙང་སྟོབས་རྒྱལ་ཆུང་དུས་སུ་སློབ་གྲྭར་འགྲོ་བའི་བསྐལ་བ་མེད་པར་གྱུར། ཞིང་གྲོང་གི་བྱིས་པ་མང་ཤོས་དང་འདྲ་བར་ཁོང་བྱིས་པའི་དུས་ནས་ཁྱིམ་གྱི་ལས་ཀ་སྣ་ཚོགས་ལ་ཞུགས་ཡོད་དེ། ཁོང་རང་གིས་བཤད་པ་ནང་བཞིན་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་ནས་མཚར་ལོང་བྱུང་བ་རེད། སྟོབས་རྒྱལ་ནི་འཚོ་བ་དཀའ་ངལ་ཆེ་བའི་ལོ་ཟླའི་ནང་སྐྱེས་ཤིང་ཞིང་གྲོང་གི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་ནའང་། ཁོང་རང་ཉིད་ཀྱི་ཚོར་སྣང་ལ་སྐབས་དེ་དུས་ཉིན་རྟག་པར་གྲོགས་པོ་ཚོ་དང་མཉམ་དུ་ངལ་རྩོལ་བྱེད་ཞོར་ཏུ་གླུ་ལེན་གར་རྩེད་དང་ཀུ་རེ་འདྲ་མིན་རྩེ་བ་དེའང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡིན་ཟེར། མི་དམངས་ཀུང་ཧྲེའི་དུས་སྐབས་སུ་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ཁོ་རང་གི་ལས་ཀའི་འགན་ཁུར་ཇེ་ཡང་དུ་གཏོང་ཆེད་ཀུང་ཧྲེའི་འཁྲབ་སྟོན་དྲིལ་བསྒྲགས་རུ་ཁག་ལ་ཞུགས་པར་སྐུལ་མ་བྱས། གལ་ཏེ་དྲིལ་བསྒྲགས་རུ་ཁག་ལ་ཚུད་པ་ཡིན་ན་གཅིག་ནས་ལས་ཀའི་སྐར་གྲངས་ཐོབ་སྲིད་ལ། གཉིས་ནས་ལས་ཀ་ལྗིད་མོ་ལས་མི་དགོས་པ་རེད། སྟོབས་རྒྱལ་ཆུང་དུས་ནས་གླུ་ལེན་གར་རྩེད་ལ་མཁས་པས་ལམ་སང་དྲིལ་བསྒྲགས་རུ་ཁག་ལ་ཚུད། དང་པོ་དྲིལ་བསྒྲགས་རུ་ཁག་ཏུ་ཞབས་བྲོ་འཁྲབ་པ་དང་། རྗེས་སུ་མི་རྣམས་ཀྱིས་ཁོ་ལ་སྐད་ངག་བདེ་མོ་ཡོད་པ་ཤེས་ཙང་ཁོ་གླུ་བ་བྱེད་རྒྱུ་བྱས། ཡིན་ནའང་རང་ཉིད་གཅིག་པུ་གར་སྟེགས་སྟེང་འབུད་པའི་སྤོབས་པ་མེད་པ་རུ་ཁག་གི་དབུ་ཁྲིད་ལ་ཡང་ཡང་ཞུས་མོད། དབུ་ཁྲིད་དག་གིས་ཡང་ནས་ཡང་དུ་སྐུལ་བྱུང་པས་དང་ལེན་མི་བྱེད་ཀ་མེད་བྱུང་། དུས་དེ་ནས་བཟུང་ཁོ་རང་ཀུང་ཧྲེའི་དྲིལ་བསྒྲགས་རུ་ཁག་གི་འཁྲབ་སྟོན་པ་ཕུལ་བྱུང་ཅན་ཞིག་ཏུ་གྱུར། ཡིན་ནའང་གནས་སྐབས་དེར་སྟོབས་རྒྱལ་ཁོ་རང་ཉིད་ལ་མཚོན་ན་འཁྲབ་སྟོན་གྱི་ལས་ཀར་ཞུགས་པ་ནི་ལས་ཀ་ཇེ་ཡང་དང་ལས་ཀའི་སྐར་གྲངས་རེག་པའི་ཐབས་ལམ་ཙམ་ལས་མ་འོངས་པར་འཁྲབ་སྟོན་གྱི་ལམ་ལ་དངོས་སུ་ཞུགས་དང་མི་ཞུགས་སྐོར་ལ་བསམ་བློ་ཅི་ཡང་འཁོར་མྱོང་མེད་པར་གསུང་།
སྤྱིར་སྟོབས་རྒྱལ་གྱི་སེམས་ཁོངས་སུ་་འདུན་མ་གཞན་ཞིག་སྔ་ས་ནས་སྦས་ཡོད་པ་ནི་དམག་མི་ཞིག་བྱེད་རྒྱུ་དེ་རེད། ཁོང་གིས་གསུང་རྒྱུར་སྐབས་དེར་ལོ་ན་ཆུང་ཆུང་ཡིན་ཙང་དམག་མའི་གྱོན་ཆས་ཀྱི་མཛེས་མཉམ་ཁོ་ནར་ཡིད་སྨོན་འཆོར་ཏེ་དམག་མི་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ་བཞིན་སྔ་རྗེས་སུ་དམག་ལ་ཐེངས་གསུམ་ཞུགས་རྩིས་བྱས་མོད། སྐབས་དེར་གཟུགས་པོ་སྐམ་ལ་ཐུང་བས་དམག་ལ་ཞུགས་པའི་རེ་འདུན་དེ་ཅི་ནས་ཀྱང་སེམས་ཐོག་ཏུ་ཁེལ་མ་སོང་། དེ་བས་༡༩༧༣ལོར་སྟོབས་རྒྱལ་གཞིས་རྩེ་ས་ཁུལ་གྱི་རྡོ་སོལ་གཏེར་ཁ་ཞིག་ཡོད་པ་དེར་ཕྱིན་ནས་རྡོ་སོལ་འདོན་པའི་བཟོ་བ་བྱས་ཏེ༡༩༧༦ལོའི་བར་གྱི་ལོ་ཟླ་ཡོད་ཚད་ངལ་རྩོལ་གྱི་བརྒྱུད་རིམ་ཁོ་ནས་བསྐྱལ།
              ༡༩༧༦ལོ་ནི་ཁོའི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་བའི་ལོ་ཞིག་ཡིན་ཏེ། འགྱུར་ལྡོག་ཆེན་པོ་དེས་ཁོའི་མ་འོངས་པའི་འཚོ་བའི་ཁ་ཕྱོགས་ཀྱང་ཡོངས་སུ་བསྒྱུར། ལོ་དེར་རིག་གསར་མཇུག་རྫོགས་པ་ཡིན་ནའང་བཟོ་ཞིང་དམག་མིའི་སློབ་མ་བསྡུ་བའི་སྲིད་ཇུས་དེ་ད་དུང་མཇུག་རྫོགས་མེད་པས་སྟབས་ཡག་པོ་དེའི་དབང་གིས་བཟོ་ཞིང་དམག་གི་སློབ་མ་ཆེས་རྗེས་མིའི་གྲས་སུ་ཚུད་དེ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཁོངས་སུ་བསྡུས། ཡིན་ནའང་སྟོབས་རྒྱལ་ལ་མཚོན་ན་སྔོན་མར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་ཕ་ཡུལ་དུ་འཁྲབ་སྟོན་ཏུ་ཕེབས་པའི་སྐོར་ལ་བག་ཆགས་གསལ་ལ་མི་གསལ་ཞིག་ཡོད་པ་ལས་གཏམ་བརྗོད་ཟློས་གར་ཟེར་བ་དེ་ག་འདྲ་ཞིག་ཡིན་པའི་ཐད་ལ་རྒྱུས་ལོན་སྤུ་ཙམ་ཡང་མེད། ཁོང་ཟློས་གར་ཚོགས་པར་ཞུགས་མ་ཐག་ཏུ་«རི་ཆུ་ཁྲི་སྟོང»ཞེས་པའི་ཟློས་གར་ཞིག་གི་ནང་ཏུ་བཀོད་སྒྲིག་བྱས། དུས་སྐབས་དེར་ཁོ་ལ་འཁྲབ་སྟོན་གྱི་འདུ་ཤེས་གང་ཡང་མེད་པས་འཁྲབ་ཁྲིད་པའི་བཀོད་སྒྲིག་ལྟར་གར་སྟེགས་སྟེང་ནས་ཕར་རྒྱུག་ཚུར་རྒྱུག་བྱས་པ་དེ་ཡང་བདེ་སྐྱིད་ཅིག་ཡིན་པར་བསམ།
               ༡༩༧༧ལོར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་སྟོབས་རྒྱལ་སོགས་མི་ཁ་ཤས་ཧྲང་ཧེ་ཟློས་གར་སློབ་གླིང་དུ་ཆེད་སྦྱོང་དུ་མངག་པའི་གྲོས་ཐག་བཅད། གྲོས་ཐག་འདིས་སྟོབས་རྒྱལ་དངོས་སུ་ཆེད་ལས་འཁྲབ་སྟོན་པའི་ལམ་བུ་བསྙེག་པའི་འགོ་བརྩམས་ཤིང་ཁོང་གི་མ་འོངས་འདུན་ལམ་གྱི་སྒོ་མོ་ཆེན་པོ་དེ་ཡང་དལ་གྱིས་ཕྱེས་པས་ཟླ༣པར་ཧྲང་ཧེ་ལ་སློབ་གཉེར་དུ་ཆས། ལྷ་ས་ནས་ཉིན་བཅུ་གསུམ་རིང་ཆས་རྗེས་རླངས་འཁོར་གཞི་ནས་ཁྲིན་ཏུའུ་ལ་འབྱོར། ཁྲིན་ཏུའུ་ནས་མེ་འཁོར་ནང་བསྡད་དེ་ཧྲང་ཧེ་ལ་སོང་། ལྷ་ས་ནས་ཡོང་བའི་སློབ་མ་དེ་ཚོའི་ཁྲོད་ནས་མི་རེ་གཉིས་ཙམ་སྔོན་ཆད་སློབ་གྲྭར་འགྲོ་མྱོང་བ་ཙམ་ལས་སྟོབས་རྒྱལ་ཁོང་ཚོ་མང་ཆེ་བ་ཞིང་གྲོང་ནས་ཡོང་ཙང་རྒྱ་སྐད་གཅིག་ཀྱང་བཤད་ཤེས་ཀྱི་མེད་པས། དེང་ཐོག་དགེ་རྒན་དང་འབྲེལ་འདྲིས་བྱེད་རྒྱུ་ཡང་ཧ་ཅང་ཁག་པོ་འདུག དེ་བས་ཁོ་རང་ཚོའི་ལས་འགན་དང་པོ་ནི་ངེས་པར་དུ་རྒྱ་སྐད་སྦྱངས་རྒྱུ་དེ་རེད། ས་ཕྱོགས་གཞན་ནས་ཡོང་བའི་སློབ་མ་གསར་པ་ཚོས་སློབ་གྲྭ་ཆེན་མོའི་འཚོ་བ་གསར་པ་དེ་ཉིད་ལོངས་སུ་སྤྱོད་པའི་སྒང་ལ་བོད་ནས་ཡོང་བའི་སྟོབས་རྒྱལ་དང་ཁོང་གི་སློབ་གྲོགས་ཚོས་རྒྱ་ཡིག་གི་ཀློག་སྦྱོར་སོགས་ཆེས་རྨང་གཞིར་གྱུར་བའི་ཤེས་བྱ་དག་སྦྱོང་འགོ་བརྩམས། སྟོབས་རྒྱལ་གྱིས་སྐབས་དེར་ཁོ་ཚོར་འདི་འདྲའི་དཀའ་གནད་དང་གནོན་ཤུགས་ཐེབས་ཡོད་པས། བརྩོན་འགྲུས་གཞན་ལས་ལྷག་པ་ཞིག་མ་སྤྱད་ན་ཡོན་ཏན་འབྱོར་མི་སྲིད་ཟེར། དེ་བས་སྟོབས་རྒྱལ་དང་ཁོང་གི་སློབ་གྲོགས་ཚོས་ཧྲང་ཧེ་ཟློས་གར་སློབ་གླིང་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་པ་བྱས་པ་མ་ཟད། ནམ་རྒྱུན་དགོང་མོར་ཉལ་ཁང་གི་གློག་མ་གཟིམ་པའི་བར་དུ་དཔེ་ཀློག་བྱས་པ་དང་གློག་གཟིམ་རྗེས་མུན་ནག་ནང་གྱང་ལྡེབས་སུ་མཛུབ་མོས་མིང་ཚིག་གསར་བ་བློར་བྲིས་པ་ཡིན་ཟེར། ཁོ་ཚོས་འབད་པ་དེ་འདྲ་བྱས་པ་དགེ་རྒན་རྣམས་ཀྱིས་ཤེས་རྗེས་ཁོ་ཚོའི་ལུས་པོ་བདེ་ཐང་ལ་གནོད་པར་དགོངས་ནས་དགེ་རྒན་རྣམས་ཆེད་དུ་སློབ་ཁང་དུ་ཕེབས་ནས་ཁོ་ཚོར་སྔ་ཙམ་ངལ་གསོ་རྒྱག་དགོས་པའི་སྐུལ་མ་བྱས་མྱོང་ཡོད་ལ། ཁོ་ཚོའི་བརྩོན་འགྲུས་ཀྱི་སྙིང་སྟོབས་ཀྱིས་དགེ་རྒན་རྣམས་ལ་སེམས་འགུལ་ཐེབས་པས་ཧྲང་ཧེ་ཟློས་གར་སློབ་གླིང་གི་དགེ་རྒན་རྣམ་པས་བོད་ཀྱི་སློབ་མ་ཚོར་ཐུགས་ཁུར་ལྷག་ཏུ་གནང་སྟེ། ཉིན་མོ་མང་ཆེ་བར་སློབ་མ་རྣམས་དང་མཉམ་དུ་བསྡད་དེ་སློབ་སྦྱོང་ཐོག་མཛུབ་སྟོན་བྱས་ནས་ལོ་གཅིག་གི་རྗེས་སུ་བོད་རིགས་སློབ་མ་རྣམས་རྒྱ་ཡིག་དང་རྒྱ་སྐད་ལ་ཡར་རྗེས་ཆེན་པོ་བྱུང་བས་གཞི་ནས་འཁྲབ་སྟོན་གྱི་ཆེད་ལས་ཤེས་བྱ་སྦྱངས་འགོ་བརྩམས།
             ལོ་ངོ་བཞི་ཡི་དཀའ་སྤྱད་སྡུག་རུས་རྒྱུད་ནས༡༩༨༡ལོར་སྟོབས་རྒྱལ་དང་ཁོང་གི་སློབ་གྲོགས་རྣམས་དངོས་སུ་སློབ་མཐར་ཕྱིན། ཁོང་ཚོའི་སློབ་མཐར་ཕྱིན་པའི་སྙན་ཞུའི་འཁྲབ་སྟོན་གྱི་གཞུང་ནི་ཤིག་སི་ཕེར་གྱི་བརྩམས་ཆོས«ལོ་མི་ཨོ་དང་ཀྲུའུ་ལི་ཡེ»ཡིན་ཞིང་། སྟོབས་རྒྱལ་གྱིས་གཞུང་དེའི་མི་སྣ་གཙོ་བོ་ལོ་མི་ཨོ་འཁྲབ་སྟོན་བྱས་པ་མ་ཟད། ཁོང་གི་ཕུལ་དུ་བྱུང་བའི་འཁྲབ་རྩལ་གྱིས་སྐབས་དེའི་ཧྲང་ཧེ་གཏམ་བརྗོད་ཟློས་གར་གྱི་ཆེད་ལས་ཁྱབས་ཁོངས་སུ་མཚན་སྙན་བཞག་པ་དང་ཆེད་ལས་པ་མང་པོའི་གཟེངས་སྟོད་ཐོབ། མུ་མཐུད་དུ་གཞུང་དེ་པེ་ཅིན་དུ་འཁྲབ་པར་ཕྱིན་ཡོད་ལ་སྔར་ལྟར་བསྟོད་བསྔགས་གང་མང་ཐོབ། ཧྲང་ཧེ་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་སྟོབས་རྒྱལ་དང་ཁོང་གི་སློབ་གློགས་ཚོ་བོད་ལ་ལོག་ནས་ཆེད་ལས་འཁྲབ་སྟོན་གྱི་ལམ་ཁར་དངོས་སུ་གོམ་པ་སྤོས་སོ།།
             དེ་ནས་བཟུང་སྟོབས་རྒྱལ་གྱི་འཁྲབ་སྟོན་ལས་ཀའི་མདུན་ལམ་ཡངས་ནས་ཡངས་སུ་ཕྱིན་ཏེ། ལོ་རབས༨༠བའི་ལོ་དཀྱིལ་ནས་བཟུང་ཁོང་གི་འཁྲབ་སྟོན་དེ་གཏམ་བརྗོད་ཟློས་གར་དང་བརྙན་འཕྲིན་ཟློས་གར་ཕྱོགས་གཉིས་སུ་ཁྱབ། དེ་ནས་ལོ་བཅུ་གྲངས་རིང་ཁོང་གི་ཁྱད་དུ་འཕགས་པའི་འཁྲབ་རྩལ་ལ་གཏམ་བརྗོད་ཟློས་གར་དང་གློག་བརྙན། བརྙན་འཕྲིན་ཟློས་གར་ཁྱབ་ཁོངས་ཀྱི་མཚན་སྙན་དང་གཟེངས་བསྟོད་མང་པོ་ཐོབ་ཅིང་། མཚན་སྙན་དང་གཟེངས་བསྟོད་ཐོབ་ཐེངས་རེར"གལ་ཏེ་ཧྲང་ཧེ་ཟློས་གར་སློབ་གླིང་གི་དགེ་རྒན་དྲིན་ཆེན་དེ་དག་མེད་ན་ང་ཚོ་བོད་རིགས་འཁྲབ་སྟོན་པའི་དེ་རིང་གི་གྲུབ་འབྲས་འདི་ཡོད་མི་སྲིད"ཅེས་པའི་སྐད་ཆ་འདི་ཡང་ནས་ཡང་དུ་བཟློ།
            imagesNT_20041006_101447_33503_副本.jpg སྟོབས་རྒྱལ་ནི་འཁྲབ་སྟོན་གྱི་ཞིབ་ཕྲའི་ཆ་ལ་མཉམ་འཇོག་བྱེད་པའི་འཁྲབ་སྟོན་པ་ཞིག་ཡིན་ཏེ། ལྷག་པར་ཏུ་བོད་ཀྱི་འཚོ་བར་འབྲེལ་བ་ཡོད་པའི་སྐོར་འཁྲབ་སྟོན་བྱས་སྐབས་ཁོང་གིས་རང་ཉིད་ཀྱི་འཁྲབ་སྟོན་གྱི་ཞིབ་ཆར་ཐུགས་ཉམས་ཞིབ་མོ་འཇོག་པ་མ་ཟད། མི་རིགས་གཞན་པའི་འཁྲབ་སྟོན་པར་བོད་ཀྱི་དམངས་སྲོལ་དང་གོམས་གཤིས་ངོ་སྤྲོད་དང་འགྲེལ་བཤད་བྱེད་དེ་ཁོ་ཚོའི་འཁྲབ་སྟོན་ཐད་རོགས་རམ་བྱེད་ངེས་ཡིན། བརྙན་འཕྲིན་ཟློས་གར«ཇ་རྟའི་གནའ་ལམ»ཕབ་སྐྲུན་བྱེད་སྐབས། སྟོབས་རྒྱལ་གྱིས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་མགོན་པོ་འཁྲབ་སྟོན་བྱས་པ་དང་། བོད་རིགས་ཀྱི་ཚོང་བ་ཆེན་པོ་ཉི་མ་ཚེ་རིང་འཁྲབ་མཁན་ནི་ཁོང་གི་སློབ་གྲོགས་ཝང་ཧྲི་ཧོའེ(王诗槐)རེད་འདུག རྒྱ་རིགས་ཀྱི་འཁྲབ་སྟོན་པ་ཚོ་བོད་ཀྱི་སྐུ་དྲག་གི་འཚོ་བ་དང་གོམས་གཤིས་ལ་ཆ་རྒྱུས་མེད་ཙང་ཁོ་ཚོས་འཁྲབ་སྟོན་བྱས་པའི་མི་སྣ་དེ་ཚོ་སྟོབས་རྒྱལ་གྱི་བློ་ལ་ཅི་ནས་ཀྱང་འབབ་མི་ཐུབ་པས། ཁོང་གིས་འཁྲབ་སྟོན་པ་དེ་ཚོར་བོད་ཀྱི་སྐུ་དྲག་གི་འཚོ་བའི་གོམས་གཤིས་ཀྱི་ཞིབ་ཆའི་སྐོར་ལ་འགྲེལ་བཤད་ནན་ཏན་བྱས། དཔེར་ན། བོད་ཀྱི་སྐུ་དྲག་ཡིན་ན་རྐང་བའི་ཐོག་རྐང་བ་བརྩེགས་ཏེ་སྡོད་མི་སྲིད་ལ། རྐང་བ་ཅོག་ཙེའི་སྟེང་དུ་བསྲིངས་ནས་ཀྱང་སྡོད་མི་སྲིད། རྐུབ་སྟེགས་སྟེང་དུ་སྡོད་དུས་ཕྱིར་མི་འཁེན་ཞིང་ལུས་སྟོད་ནམ་རྒྱུན་མདུན་དུ་སྒུར་ཙམ་བྱས་ནས་གུས་ཚུལ་འཛིན་པ་དང་། ཇ་འཐུང་དུས་ཀྱང་ཐེངས་གཅིག་ལ་འཐུང་ཚར་བར་མི་བྱེད་པར་གསུམ་ཆའི་གཅིག་ཙམ་འཐུང་རྗེས་ཡང་བསྐྱར་ཁ་སྣོན་བྱས་ཏེ་འཐུང་ངེས་རེད་སོགས་ཁོ་ཚོར་བསྒོས། སྟོབས་རྒྱལ་གྱིས་གསུང་རྒྱུར་ང་རང་ཉིད་སྐུ་དྲག་གི་ཁྱིམ་ནས་སྐྱེས་པ་མིན་ན་ཡང་ང་ཚོས་ནམ་རྒྱུན་སྐུ་དྲག་གི་རྗེས་རབས་པ་ཁ་ཤས་མཐོད་དུས་ཁོ་ཚོའི་གུས་ལུགས་ལས་ཞིབ་ཆ་མང་ཙམ་མཐོང་ཐུབ་སྟེ། སྔོན་མ་སྤྱི་ཚོགས་རྙིང་བའི་སྐབས་སུ་སྐུ་དྲག་གི་རྒྱུད་པ་མ་ཏོགས་མི་ཚང་དཀྱུས་མའི་ཕྲུ་གུ་རྣམས་སློབ་གསོ་མྱོང་དབང་མེད་པ་སོགས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་སྐྱོན་ཆ་ཆེན་པོ་ཡོད་མོད། འོན་ཀྱང་སྐུ་དྲག་མི་སྒེར་གྱི་ཆ་ནས་ཁོ་ཚོ་བག་ཡོད་སྤྱོད་བཟང་དང་ཁ་འཇམ་ཚིག་འཇམ་ཡིན་ལ། ཁེངས་སྐྱུངས་དང་ཡོན་ཏན་ལྡན་པ་མ་ཟད། སྐུ་དྲག་ཁ་ཤས་དབྱིན་ཇིའི་རྒྱལ་ཁབ་སོགས་ལ་སློབ་གཉེར་དུ་འགྲོ་མྱོང་ཡོད་པས་ད་དུང་དབྱིན་ཇིའི་ཕོ་ཁྱོ་གའི་ཁ་དན་ཅན་གྱི་ཡ་རབས་སྤྱོད་ཚུལ་ཀྱང་མངོན་ཡོང་གི་ཡོད་པས། འཁྲབ་སྟོན་བྱེད་དུས་ངེས་པར་ཏུ་ཁོ་ཚོའི་གོམས་གཤིས་སྟེང་གི་ཞིབ་ཆ་དེ་དག་ལ་ཉམས་འཇོག་མང་ཙམ་བྱེད་དགོས། དེ་ལྟར་མ་བྱས་ན་མི་རྣམས་ཀྱིས་ལྟ་དུས་མཚམས་པོ་ཡོད་པ་མ་རེད་ཅེས་གསུང་། སྟོབས་རྒྱལ་གྱིས་ད་དུང་འཁྲབ་སྟོན་པ་ཞིག་གི་ངོས་ནས་བཤད་ན་སྐབས་རེར་མི་གཅིག་གིས་མི་རིགས་ཤིག་གི་རིག་གནས་ཀྱི་ཚབ་མཚོན་བྱེད་ཀྱི་ཡོད་པས། འཁྲབ་སྟོན་གྱི་བརྒྱུད་རིམ་ཁྲོད་དུ་ཡིན་གཅིག་མིན་གཉིས་བོད་མི་རིགས་ཀྱི་གཤིས་ལུགས་དང་གོམས་སྲོལ་ངོ་མ་དེ་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་དགོས་ཙང་འཁྲབ་སྟོན་གྱི་ཞིབ་ཆའི་ཐད་ལ་བློ་གནད་དུ་འཁེལ་དགོས་ཟེར།
           སྟོབས་རྒྱལ་ལ་གཏམ་བརྗོད་ཟློས་གར་དང་བརྙན་འཕྲིན་ཟློས་གར་གཉིས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། གཏམ་བརྗོད་ཟློས་གར་དང་གློག་བརྙན་གཉིས་ཀྱི་འཁྲབ་རྩལ་ཐད་ཀྱི་ཁྱད་པར་ལ་སྟོབས་རྒྱལ་གྱིས་གསུང་རྒྱུར་གཏམ་བརྗོད་ཟློས་གར་དང་གློག་བརྙན་གཉིས་ཀྱིས་འཁྲབ་སྟོན་པར་བཏོན་པའི་རེ་བ་ཡང་མི་འདྲ་སྟེ། གཏམ་བརྗོད་ཟློས་གར་འཁྲབ་དུས་གཟིགས་མོ་བ་དང་བར་ཐག་ཅུང་རིང་ཙམ་ཡོད་ཙང་འཁྲབ་སྟོན་པའི་སྐད་ཆ་དང་ལུས་ཀྱི་རྣམ་འགྱུར་ངེས་པར་ཏུ་རབ་བཏགས་དང་ཚད་ལས་བརྒལ་བའི་ཁྱད་ཆོས་འཛིན་དགོས། དཔེར་ན་ཁོས་འཁྲབ་པའི་གཏམ་བརྗོད་ཟློས་གར«པོ་ཏཱ་ལའི་འཕོ་འགྱུར»ནང་དུ་རྒྱལ་དབང་དྲུག་པའི་ནང་སེམས་ལ་འགལ་བས་ཁེངས་པའི་རྣམ་པ་དེ་མཚོན་སྐབས་ལག་པས་གཟན་གོས་ཤུགས་ཀྱིས་གཡུག་པ་སོགས་ལུས་ཀྱི་འགུལ་སྐྱོད་ཐོག་ནས་འཁྲབ་སྟོན་བྱས་པ་དང་། གལ་ཏེ་གློག་བརྙན་གྱི་འཁྲབ་སྟོན་ཡིན་ན་དེ་འདྲ་བྱེད་དགོས་དོན་མེད་དེ་ཐད་གར་གདོང་གི་རྣམ་འགྱུར་གྱི་འགྱུར་ལྡོག་ལས་མཚོན་ཐུབ་ཟེར། དེ་མིན་སྟོབས་རྒྱལ་གྱིས་གསུང་རྒྱུར་ཁོ་རང་ཉིད་ལ་མཚོན་ན་གློག་བརྙན་ལས་ཁོང་གི་འཁྲབ་རྩལ་དེ་ལྷག་པར་མངོན་ཐུབ་ལ། གློག་བརྙན་གྱི་དྲིལ་བསྒྲགས་ཁྱབ་ཁོངས་ཀྱང་ལྷག་པར་ཆེ་བས་མི་རིགས་རིག་གནས་ཀྱི་ཁྱབ་སྤེལ་གྱི་ངོས་ནས་གློག་བརྙན་གྱི་ནུས་པ་ཆེ་བར་འདོད་ཟེར། སྟོབས་རྒྱལ་གྱི་འཁྲབ་རྩལ་ལས་གཟིགས་མོ་བར་བག་ཆགས་ཆེས་ཟབ་མོ་བཞག་ཡོད་པ་ནི་ཁོང་གི་ཁྱད་པར་ཅན་གྱི་མིག་ཟུང་གི་འཁྲབ་རྩལ་དེ་རེད། མི་ཁ་ཤས་ཀྱིས་ཁོའི་མིག་ཟུང་གིས་གཟིགས་མོ་བའི་སེམས་པར་བསྙབ་ཐུབ་ཟེར་ཞིང་སྟོབས་རྒྱལ་རང་ཉིད་ཀྱིས་ཀྱང་ཁོའི་མིག་ཟུང་གི་འཁྲབ་རྩལ་ལ་དམིགས་གསལ་ཁྱད་ཆོས་ལྡན་པར་འདོད། ཁོས་རང་གི་མིག་ཟུང་གི་འཁྲབ་རྩལ་ལ་སྦྱོང་བརྡར་ཐོབ་པ་དེ་བརྙན་འཕྲིན་ཟློས་གར«གངས་འགུལ»གྱི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་ལ་བཀའ་དྲིན་ཞུ་དགོས་ཟེར། བརྙན་འཕྲིན་འདིའི་ནང་ཁོས་ཁྲེལ་མེད་མགོ་སྐོར་དང་ཁེ་ཕན་ཁོ་ནར་དམིགས་པའི་མི་སྣ་ཞིག་འཁྲབ་པས། འཁྲབ་གཞུང་དང་འཁྲབ་ཁྲིད་པས་ཁོ་ལ་ངེས་པར་ཏུ་མིག་ཟུང་གི་འགྱུར་ལྡོག་ལས་མི་སྣའི་ཁྱད་ཆོས་དང་ནང་སེམས་ཀྱི་ཉམས་འགྱུར་མཚོན་དགོས་པའི་རེ་བ་བཏོན། དེ་ནས་བཟུང་སྟོབས་རྒྱལ་གྱིས་མིག་ཟུང་གི་འཁྲབ་རྩལ་དེ་གློག་བརྙན་འཁྲབ་སྟོན་ཁྲོད་ཀྱི་གལ་ཆེའི་རང་བཞིན་རྟོགས་བྱུང་ཟེར། ཁོས་མིག་ཟུང་གི་འཁྲབ་རྩལ་དཔྱིས་ཕྱིན་པ་ཞིག་སྦྱོང་བའི་ཆེད་དུ་ཕྱི་རྒྱལ་གྱི་གློག་བརྙན་འཁྲབ་སྟོན་པའི་མིག་ཟུང་གི་ཁྱད་ཆོས་ལ་ཉམས་འཇོག་བྱེད་པ་མ་ཟད། «སྲོག་ཆགས་ཀྱི་འཇིག་རྟེན»ཞེས་པའི་བརྙན་འཕྲིན་ལེ་ཚན་ལས་རི་དྭགས་དང་སྲོག་ཆགས་ཀྱི་མིག་ཟུང་གི་ཁྱད་ཆོས་ལ་ཉམས་འཇོག་མང་པོ་བྱས་པ་ཡིན་ཟེར། སྟོབས་རྒྱལ་གྱིས་འདི་འདྲའི་ཞིབ་ཚགས་དང་འབད་འབུངས་ལ་བརྟེན་ནས་མིག་ཟུང་གི་འཁྲབ་རྩལ་ཁོང་དུ་ཆུད་པ་མ་ཟད་མིག་ཟུང་གི་འཁྲབ་སྟོན་གྱིས་གཟིགས་མོ་བའི་ཡིད་སེམས་བཀུག་ཅིང་བསུབ་དུ་མེད་པའི་བག་ཆགས་ཟབ་མོ་བཞག «ལུང་གཞུང་དམར་པོ»ཡིན་ནའང་འདྲ«ཁི་ཁི་ཞི་ལི»ཡིན་ནའང་འདྲ། སྟོབས་རྒྱལ་གྱི་མིག་ཟུང་ནི་དམ་པོར་བསྡམས་པའི་སྨྲ་སྒོ་ནང་བཞིན་མི་སྣའི་ནང་སེམས་ཀྱི་འགྱུར་ལྡོག་དེ་ཉིད་གཟིགས་མོ་བ་རེ་རེའི་སེམས་ཁོངས་སུ་བསྐྱལ་ཡོད།

དཔྱད་མཆན་ཡོད།