ཁའེ་ཝུན•སི་པེ་སིས། (Kevin Spacey) 1959ལོའི་ཟླ་7པའི་ཚེས་26ཉིན། ཨ་མེ་རི་ཁའི་ཉེའུ་རྗིར་ཟེ་མངའ་སྡེ་(State of New Jersey)རུ་སྐྱེས། ཨ་རིའི་སྐྱེས་པ་འཁྲབ་སྟོན་པ་དང་། འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། བརྙན་བཟོ་བ་བཅས་ཡིན།
1986ལོར། ཁོང་གིས་ཐེངས་དང་པོར་གློག་བརྙན་《སེམས་ཀྱི་མེ་ལྕེ།》ཞེས་པ་འཁྲབ། 1991ལོར།《ཡཱང་ཁར་ནས་མགོ་འཐོམ་པ།》ཞེས་པའི་ཟློས་གར་གློག་བརྙན་འཁྲབ་པ་ལ་བརྟེན་ནས་ཨ་རིའི་ཐོ་ནེ་བྱ་དགའ་(Tony awardནི་ཨ་རིའི་གཏམ་བརྗོད་ཟློས་གར་དང་རོལ་མོའི་ཟློས་གར་གྱི་ཆེས་མཐོའི་བྱ་དགའ་ཡིན་འདུག)ལས་སྐྱེས་པ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། 1996ལོར། 《ལང་ཤོར་དུ་སོང་བའི་དོགས་ཡོད་ཉེས་ཅན།》འཁྲབ་སྟོན་བྱས་པ་ལ་བརྟེན་ནས་ཨོ་སི་ཁར་གྱི་སྐྱེས་པ་འཁྲབ་རོགས་རྩེ་གྲའི་བྱ་དགའ་ཐོབ། 2000ལོར། 《ཨ་རིའི་མཛེས་ལྡན།》འཁྲབ་སྟོན་བྱས་ཤིང་། ཨོ་སི་ཁར་གྱི་སྐྱེས་པ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། 2004ལོར། གཏམ་རྒྱུད་གློག་བརྙན་《རྒྱ་མཚོ་བརྒལ་བ།》ཞེས་པ་འཁྲབ་འཁྲིད་བྱས། 2006ལོར། 《འཕགས་མི་ཕྱིར་ལོག་པ།》ཞེས་པ་གཙོ་འཁྲབ་བྱས། 2008ལོར། དབྱིན་ཇི་བཙན་རྒྱལ་ཆེན་པོའི་དམག་སྤྱིའི་གཟེངས་རྟགས་བསྩལ། (Order of the British Empire) 2015ལོའི་ཟླ་1པོའི་ཚེས་12ཉིན། 《ཏག་སེའི་ཁང་བ།》འཁྲབ་སྟོན་བྱས་པ་ལ་བརྟེན་ནས། སྐབས་72པའི་གསེར་གྱི་གོ་ལའི་བྱ་དགའ་ལས་གཏམ་རྒྱུད་སྡེ་ཚན་གྱི་སྐྱེས་པ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། 2015ལོའི་ཟླ་4པའི་ཚེས་16ཉིན། ཁའེ་ཝུན•སི་པེ་སིས་ལ་ལའོ་རེན་སི•ཨོ་ལི་ཝིར་གྱི་བྱ་དགའ་བསྩལ། (Laurence Olivier Awards ནི་དབྱིན་ཇིའི་ཟློས་གར་དང་རོལ་མོའི་ཟློས་གར་གྱི་བྱ་དགའི་རིགས་གཙོ་ཤོས་དེ་ཡིན་འདུག)
ཁའེ་ཝུན•སི་པེ་སིས་ལ་གཞན་དྲིང་མི་འཇོག་པའི་འཁྲབ་སྟོན་གྱི་གཤིས་ཀ་ལྡན་ཞིང་། ཁོང་གི་གསོན་ཉམས་ལྡན་པའི་ཉམས་འགྱུར་དང་། འཁྲབ་གཟུགས་མི་འདྲ་བ་རེ་རེས་ལྟད་མོ་བར་བག་ཆགས་ཟབ་མོ་བཞག་ཡོད། ཁོ་རང་ལྷག་པར་དུ་གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་ལྡོག་ཕྱོགས་ཀྱི་མི་སྣ་འཁྲབ་མཁས་པོ་ཡོད་ཅིང་། མི་ཆོས་ཀུན་སྤྱོད་ཀྱི་ཚད་ལས་འགོངས་པའི་མི་སྣ་གདུག་ཅན་མང་པོ་ཞིག་འཁྲབ་མྱོང་ཡོད་པས། ཁོང་ཉིད་ནག་ཕྱོགས་ཀྱི་འཁྲབ་སྟོན་པ་གྲགས་ཅན་ཞིག་ཏུ་གྱུར་ཏོ། །
(ངེད་དྲ་བའི་རྩོམ་དག་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་རུང་།)
དཔྱད་མཆན་ཡོད།