རྗེ་ཙོང་ཁ་པའི་མཛད་རྣམ་འཁྲབ་སྟངས་དེ་འདྲ་མ་རེད།

མཁན་ཆོས་དར་རྒྱ་མཚོ་ལ་འཕྲོད་པར་ཤོག

 

            ཁ་སྔོན་ཞིག་ལ། ཁམས་སྨད་ནས་ཡོང་ཟེར་བའི་གྲྭ་བ་འགའ་ཞིག་གིས་སེར་ཤུལ་དགོན་པའི་ལས་སྣེ་ཆེ་བ་བརྒྱུད་ནས། རྗེ་ཙོང་ཁ་པའི་རྣམ་ཐར་གྱི་མུ་འབྲེལ་གློག་བརྙན་ཞིག་བཟོ་རྒྱུ་ཡིན་པས། འདི་ནས་ལེ་ཚན་ཞིག་འཁྲབ་བཅུག་དགོས་ཟེར་བའི་སྐད་ཆ་ཞིག་བྱུང་བར། ང་ཚོ་འགའ་ཞིག་གིས་གྲོས་བྱས་ནས་འཆར་གཞི་དང་བཀོད་སྒྲིག་རྒྱ་ཆེན་པོ་ཞིག་མ་བྱས་པར་རྗེ་བླ་མའི་མཛད་རྣམ་མི་རེ་ཟུང་གིས་ལས་སླ་བོ་འཁྲབ་ཆོག་ཆོག་ཅིག་མིན་པའི་སྐོར་བཤད་པར། དེ་ནས་བཟུང་སྐད་ཆ་དེའི་མཇུག་སྐྱོང་མཁན་ཞིག་མ་བྱུང་ལ་གོ་རྒྱུ་གང་ཡང་མེད་སོང་བས་སྙམ་མ་བཞག་པར་ལུས་སོང་། འོན་ཀྱང་དེ་རིང་དྲ་ལམ་སྣ་ཚོགས་ཤིག་ནས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་རབ་སྒང་མཁན་ཆོས་དར་རྒྱ་མཚོ་གཉིས་ཞལ་འཛོམས་བྱུང་ལུགས་དང་། དེའི་སྐབས་སུ་རབ་སྒང་མཁན་ཆོས་དར་ལགས་ཀྱིས་གློག་བརྙན་འཁྲབ་ཁྲིད་གནང་གི་ཡོད་པ་དང་འཁྲབ་གཞུང་རྩོམ་གྱི་ཡོད་པ། རྗེ་བཙུན་མི་ལ་རས་པའི་མུ་འབྲེལ་བརྙན་འཕྲིན་ཞིག་བཟོས་ཟིན་པ་དང་། ད་ལྟར་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་མཛད་རྣམ་གྱི་མུ་འབྲེལ་གློག་བརྙན་ཞིག་བཟོ་བཞིན་པ་མ་ཟད་ལེའུ་བརྒྱད་ཙམ་འཁྲབ་ཟིན་རབས་གསུངས་འདུག་པ་མཐོང་སྐབས་སུ་བདེན་ནམ་མི་བདེན་སྙམ་ཏེ། གྲོགས་པོ་འགའ་ཞིག་ལ་དྲིས་པས། མཛད་རྣམ་འཁྲབ་བཞིན་ཡོད་རབས་དང་འཁྲབ་སྟོན་གྱི་འགྲོ་གྲོན་ཡང་ཀྲུང་སྒོར་ཁྲི་བརྒྱ་ཕྲག་གཅིག་ལྷག་བསྡུ་རུབ་བྱེད་ཚར་ལུགས་སོགས་དྲ་ཐོག་གང་སར་འགྲོ་གི་འདུག་ཀྱང་ཨེ་བདེན་མི་ཤེས་ཞེས་གསུངས་སོང་ལ། སྒོར་མོའི་སྐོར་དེ་བདེན་མིན་ཇི་ལྟར་ཡང་གློག་བརྙན་ཞིག་བཟོ་བཞིན་ཡོད་པ་དང་ལེའུ་བརྒྱད་ཙམ་འཁྲབ་ཟིན་པ་དང་དགོས་པ་ཆེ་རབས་སོགས་གསུངས་འདུག་པ་དེ་ཡི་གེ་པར་དང་བསྦྲགས་མ་ཁུངས་ཐུབ་པ་ལྟ་བུ་འདུག་པས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས་བྱུང་། ཕྱོགས་གཅིག་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་པ་རྣམ་ཐར་རྣམས་བོད་མི་རང་གི་ནང་ནས་དང་བླངས་ཀྱིས་གློག་བརྙན་འཁྲབ་སྟོན་སོགས་དེང་རབས་ཀྱི་འགྲོས་དང་མཐུན་པའི་ཁྱབ་བསྒྲགས་བྱས་ཏེ་ལྟ་མཁན་མང་པོ་ཞིག་ལ་བག་ཆགས་བཟང་པོ་འཇོག་ཆེད་ཡིན་པར་གསུངས་འདུག་པས་དགོས་པ་ཆེན་པོ་འདུག་སྙམ་ནས་དགའ་སྣང་ཞིག་བྱུང་ལ། སླར་ཡང་འགན་ཁུར་ཡོད་པ་དང་སེམས་ཚོར་ཡོད་པའི་བསམ་བློས་བསྐྱར་ཞིབ་ཅིག་བྱས་པས། འཛམ་གླིང་གི་གོ་ལ་ཧྲིལ་བོའི་སྟེང་དུ་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་མཁས་པའི་ཚབ་མཚོན་ལྟ་བུར་གྱུར་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་༸རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་ཞིག་འཁྲབ་པའི་དབང་དུ་བྱས་ཀྱང་། གང་ཟག་སུ་རུང་རུང་དང་། ལག་པ་སུ་སྔ་སྔས་བྱས་ན། གཏམ་ཨ་ཕས་བཤད་རྒྱུར་ཨ་མས། །ཁྱི་བདག་པོས་འགོག་རྒྱུར་མགྲོན་པོས། །ཞེས་པའི་དཔེ་ལྟར་འགྱུར་ཉེན་ཤིན་ཏུ་ཆེ་སྙམ་ནས་རྒྱུ་མཚན་མང་པོ་ཞིག་བསམ་བློ་བཏང་སྐབས་སྐྱོ་སྣང་ཞིག་ཀྱང་བྱུང་སོང་། དེ་ཡང་ཕྱོགས་དང་རིས་སུ་བཅད་དེ་མཁན་པོ་ཁོང་དགེ་ལུགས་པ་ཞིག་མིན་པས་རྗེ་བླ་མའི་མཛད་རྣམ་གྱི་གློག་བརྙན་བཟོས་ན་མི་འགྲིག་ཅེས་པ་གཏན་ནས་མིན་ཏེ། རྗེ་བླ་མའི་གསང་གསུམ་གྱི་མཛད་འཕྲིན་ལ་ལོངས་སྤྱོད་མཁན་དང་རྣམ་ཐར་འཁྲབ་མཁན། བསྔགས་བརྗོད་བྱེད་མཁན་ག་ཚོད་བྱུང་ན་དགའ་བས་ཡི་རང་བ་མ་གཏོགས་མེད་པས་སོ། །དེས་ན་རང་བློར་འཆར་ཚོད་ཀྱི་བསམ་འཆར་མདོར་བསྡུས་ཤིག་ཕུལ་འདོད་བྱུང་།

༡༽ ལས་ཀའི་གོ་རིམ་དང་འགྲོས་ཀྱི་ཐོག་ནས་བཤད་ན། རྗེ་བླ་མའི་སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་མིང་སྒེར་བཟུང་གི་བསྐོ་བཞག་བྱས་པ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་ཞལ་འཛོམས་ཏེ་བཞུགས་པ་ཁོང་རྣམ་པ་ལྟ་བུས་དབུ་ཁྲིད་མཛད་དེ་གནང་འོས་པ་ཞིག་དང་། ཡང་ན་ཁོང་རྣམ་པར་དགོངས་སྐོར་རེ་ཞུས་ཏེ་གནང་བ་ཐོབ་ནས་འཁྲབ་ན་ལུགས་དང་མཐུན་པ་ཞིག་རེད་ལ། གློག་བརྙན་བཟོ་མཁན་ཡང་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་ཁག་གིས་བཟོས་ན་རྗེ་བླ་མའི་རྣམ་ཐར་གྱི་ཆེ་བའི་ཡོན་ཏན་དག་གི་འགང་ཐོན་པ་དང་འཁྲབ་ལུགས་ཀྱི་ཆ་ནས་དཔེར་ན། དགའ་ལྡན་ཁྲི་བ་གནང་སྟངས་དང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་དེ་ཚོགས་འཚོགས་སྟངས་ལྟ་བུ་ཞིག་འཁྲབ་ན་གདན་ས་ཁག་ཏུ་དེ་དག་གི་ཕྱག་ལེན་མ་ཉམས་པར་ཡོད་པས་གདན་ས་ཁག་གིས་འགན་བཞེས་ན་རྗེ་བླ་མའི་མཛད་རྣམ་འཁྲུལ་མེད་ལྟ་བུ་ཞིག་འཁྲབ་ཐུབ་རྒྱུ་དང་། ན་བཟའ་ཆས་གོས་ཚུན་ནས་འཁྲབ་སྟོན་ཚད་ལྡན་ཞིག་ཡོང་ངེས། འདི་དཔེ་མཚོན་ཙམ་ཞིག་ཡིན།

༢༽ འཁྲབ་པའི་སྐབས་སུ་ཡང་། སྤྱིར་འཛམ་གླིང་དང་ལྷག་པར་འཁྲབ་ཡུལ་གྱི་ཁྱད་པར་ལས་བོད་ཡུལ་ཆོལ་ཁ་གསུམ་དང་རྒྱ་ནག་སོགས་སུ་གང་འཚམས་ཀྱི་སྙན་གྲགས་ཡོད་པའི་འཁྲབ་སྟོན་པ་དང་། བརྙན་ལེན་པ། སྒྲིག་སྦྱོར་བ། ད་དུང་གལ་ཆེ་བ་ཞིག་ལ། རྗེ་བླ་མའི་མཛད་པའི་གཙོ་བོ་དག་དང་། མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་། ལྷག་པར་དུ་ལྟ་གྲུབ་ཀྱི་གཞུང་ལུགས་དག་ལ་རྒྱུས་མངའ་དང་འབྲེལ་བའི་ལུང་རྟོགས་ཀྱི་བསྟན་པའི་ཆེ་བ་རྣམས་ལ་ཞིབ་ཕྲའི་གོ་མྱོང་རྟོགས་གསུམ་ལྡན་པ་ཞིག་གིས་འཁྲབ་གཞུང་རྩོམ་སྒྲིག་གནང་དགོས་པ་དང་། རྣམ་ཐར་གྱི་སྒྲོམ་གཞི་ལ་འདུལ་བའི་ཕྱག་ལེན་གཙང་མས་རྨང་གཞི་བྱས་ཏེ། ལྟ་བ་རྣམ་པར་དག་པས་བོགས་ཐོན་པའི་ཚུལ་དང་། མདོོ་སྔགས་ཟུང་དུ་འབྲེལ་བའི་ཕྱག་ལེན་རྣམས་རྩལ་དུ་ཐོབ་དགོས་པ་ལས། རྣམ་ཐར་དད་པའི་འཇོག་ངོགས་སོགས་རྣམ་ཐར་འགའ་ཞིག་གི་ཚིག་གི་ངོ་གདོང་རེ་ཕར་སྒྲིག་ཚུར་སྒྲིག་ཙམ་གྱིས་ཡོང་ཐབས་མེད་པ་རེད།

༣༽ ལྷག་པར་གལ་ཆེ་བ་ཞིག་ནི། གློག་བརྙན་ཞིག་བཟོས་ན། རིགས་རུས་དང་ཕོ་མོ་དབྱེར་མེད་པར་ལྟ་མཁན་མང་དགོས་པ་ཞིག་དང་། ལྷག་པར་རྣམ་ཐར་ཞེས་པའི་གོ་དོན་ལྟར་ལྟ་མཁན་རྣམས་ལ་ཐར་བའི་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པ་དང་། མ་མཐའ་ཡང་ལྟ་བའི་སྐབས་སུ་ལྟ་གྲུབ་ཀྱི་གལ་གནད་ཆེ་ཁག་དང་གཞན་ཕན་གྱི་བྱ་གཞག་དང་འབྲེལ་བའི་རྒྱ་ཆེན་སེམས་བསྐྱེད་བཟང་པོའི་མཛད་རྣམ་དེས་ཡི་རང་བའི་སེམས་ཚོར་སྤྲོད་ཐུབ་པ་ཞིག་དགོས་ཤིང་། དེ་ཡང་བོད་ཀྱི་ལུང་ཁུག་འགའ་ཞིག་ཙམ་མ་ཡིན་པར་རྗེ་བླ་མའི་མཛད་པས་ཡོངས་སུ་ཁྱབ་པའི་བོད་རྒྱ་སོག་གསུམ་གྱི་ཡུལ་གྲུ་གཙོ་བོ་ཁག་དང་ཕྱིའི་རྒྱལ་ཁབ་རྣམས་སུའང་ལྟ་ཐུབ་པ་དང་སྟོན་ཆོག་པ་ཞིག་དགོས་པས། དེ་འདྲའི་གློག་བརྙན་བཟོ་ཆོག་པའི་གནས་ཡུལ་སོ་སོའི་རྒྱལ་ཁག་གི་ཆོག་ཆན་ངེས་པར་དགོས་པ་ཞིག་རེད། ཁྲིམས་ལུགས་ཀྱི་ཆོག་ཆན་མེད་པར་ས་ཁུག་ལུང་ཁུག་རྐྱང་རྐྱང་ནས་རང་སྣང་གང་ཤར་གྱིས་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་བའི་གོམས་གཤིས་འདི་ཤེས་ཡོན་སློབ་གསོ་དང་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མེད་པའི་རྗེས་ལུས་ཡང་ལུས་ཀྱི་རྣམ་པ་ཞིག་ཡིན།

༤༽ མ་ཚད་ཆོག་ཆན་ཡོད་པའི་ཐོག་ནས་བོད་ཁུལ་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ལས་ཁུངས་མུ་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཐད་ཀར་སྟོན་ཐུབ་པ་ཞིག་ངེས་པར་དགོས་ཤིང་། དེའི་ནང་གི་སྐད་ཀྱང་བོད་ཀྱི་སྐད་གདང་གང་ཞིག་གཏན་འབེབས་བྱེད་དགོས་པ་དང་། འཁྲབ་མཁན་དང་སྐད་གདང་སོགས་གང་ཅིའི་ཆ་རྐྱེན་ཚང་བར་བྱེད་དགོས་པ་མ་ཟད། རྒྱ་སྐད་དང་དབྱིན་སྐད་ཀྱང་ཚང་བའི་ཐོག་ནས་རྗེ་བླ་མའི་མཛད་པ་འཕྲིན་ལས་ཀྱིས་ཁྱབ་པའི་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་གཟིགས་ཐུབ་ཅིང་བག་ཆགས་བཟང་པོ་ཞིག་ཐེབས་ངེས་དགོས་པས་དེ་ལུགས་དགོངས་བཞེས་འཚལ། ཐོག་མར་ནས་ཁྱབ་རྒྱ་ལ་དཔག་པའི་འཆར་འགོད་ལེགས་པོ་ཞིག་དགོས་ཞེས་པ་དེ་ཡིན།

༥༽ ལྷག་པར་དུ། རྗེ་བླ་མ་ཕེབས་ནས་ལོ་དྲུག་བརྒྱ་ལྷག་ལས་སོང་མེད་པས། ཁོང་ཕེབས་བཞུགས་ཀྱི་ས་གནས་དང་། སྐབས་དེའི་དགོན་པ་ཁག་དང་ལྷ་ཁང་སོགས་ཕལ་ཆེ་བ་ད་ལྟར་ཡང་ཡོད་པས། རྗེ་བླ་མའི་མཛད་རྣམ་བཟོས་ན། ངེས་པར་དུ་སྐུ་འབུམ་ནས་མགོ་བཙུགས་ཏེ་བྱ་ཁྱུང་དང་། དེ་ནས་དབུས་ལ་ཕེབས་ལམ་ཁག་དང་། སློབ་གཉེར་གནང་སའི་དབུས་ཀྱི་ཆོས་གྲྭ་སོ་སོ་དང་། མཛད་འཕྲིན་སྐྱོང་སའི་དབུས་ཀྱི་ས་གནས་སོ་སོ་ལ་ཕེབས་ནས་འཁྲབ་སྟོན་ཡང་དེ་ལྟར་བྱས་ན་རིན་ཐང་ལྡན་པ་དང་གཟི་བརྗིད་ལྡན་པ་ཞིག་ཡོང་ངེས་པ་མ་གཏོགས། རྗེ་བླ་མ་གཏན་ནས་ཕེབས་མ་མྱོང་ས་མི་ཉག་གི་ས་ཆ་དང་། ཡང་ན་རྫ་ཆུ་ཁའི་ས་གནས་རེ་ནས་མ་ཡིན་ཡིན་མདོག་གི་འཁྲབ་སྟོན་བྱས་ནས་བཟོས་ན། རིན་ཐང་གང་ཡང་མེད་པའི་འཁྲབ་སྟོན་ཞིག་ཏུ་འགྱུར་ངེས་པ་རེད། དེས་ནི་རྗེ་བླ་མའི་མཛད་འཕྲིན་ལ་ཕན་ཐོགས་མེད་པ་མ་ཟད་དད་པ་དང་དགའ་སྣང་སྐྱེ་རྒྱུའི་ཚབས་ལ་འཕྱ་སྨོད་དང་མཐོང་ཆུང་གི་རྒྱུ་འགྱུར་རྒྱུ་རེད། དེ་ལྟར་དགོངས་བཞེས་ཟབ་མོ་ཞིག་གནང་སྟེ་གདན་ས་ཁག་ལྟ་བུས་འཆར་འགོད་ཚད་ལྡན་བློ་ཡིད་ཚིམ་པ་ཞིག་མ་བྱུང་བར་ཁྱེད་རྣམ་པས་མཚམས་འཇོག་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

༦༽ འགྲོ་སོང་ཁྲི་བརྒྱ་ཕྲག་གཅིག་ལྷག་གི་འཆར་གཞི་ཡོད་རབས་ཤིག་གོ་སོང་ཡང་ཨེ་བདེན་མི་ཤེས། ཕལ་ཆེར་བདེན་ཚོད་རེད་འདུག་ལ། བོད་མི་དཀྱུས་མ་ཞིག་གིས་གོ་ན་འགྲོ་སོང་ཆེན་པོ་བཏང་འདུག་བསམ་སྲིད་ལ། དེའི་ལྷག་གི་འགྲོ་སོང་གཏོང་རྒྱུ་ཁག་པོ་ཡིན་ངེས་རེད། འོན་ཀྱང་ཚད་གཞི་ལྡན་པའི་གློག་བརྙན་ཞིག་བཟོ་དགོས་ཚེ་ཆུ་ཚོད་གསུམ་ཅན་གྱི་གློག་བརྙན་ཞིག་བཟོ་བ་ལ་དུང་ཕྱུར་ལྷག་གི་འགྲོ་སོང་དགོས་པ་ཕལ་ཆེར་ཡིན་འདུག་ཅིང་། མུ་འབྲེལ་བརྙན་འཕྲིན་ཆུ་ཚོད་བཅུ་ཡན་ཡོད་པ་ཞིག་བཟོ་བ་ལ་ཁྲི་བརྒྱ་ལྷག་ཙམ་ཞིག་གི་འགྲོ་སོང་གཏོང་ཞིང་། གློག་བརྙན་འཁྲབ་སྟོན་པ་ནི། དགོན་པ་དང་ས་གནས་གང་དུ་སླེབས་ན་དེ་གའི་མི་ཕལ་བ་གཞས་སྣ་སྐོར་བྲོ་ཞིག་ཀྱང་འཁྲབ་མ་མྱོང་བ་དང་མིག་གི་ལྟ་སྟངས་དང་ལུས་པོའི་རྣམ་འགྱུར་བསྟན་ལུགས་ཀྱི་སྦྱོང་བརྡར་སྣེ་གཅིག་ཀྱང་བྱེད་མ་མྱོང་བའི་མི་ཕལ་བ་དག་ལ་འཁྲབ་བཅུག་ནས་གཟུགས་བརྙན་དཔར་བའི་སྐད་བྱེད་པ་ནི་རྗེ་བླ་མའི་གསང་གསུམ་གྱི་མཛད་པ་ལ་བསམ་བཞིན་མ་ཡིན་པའི་མཐོང་ཆུང་བྱས་པ་ཞིག་ཏུ་སེམས། དེས་ན་མཁན་པོ་མཆོག་གིས་ཐུགས་བསམ་ལེགས་པར་བཞེས་ཏེ་རྗེ་བླ་མའི་མཛད་རྣམ་དེ་བོད་ཀྱི་ཞིང་འབྲོག་དམངས་ཚོགས་ནང་གི་རྟ་རྒྱུགས་གཡག་རྒྱུགས་འཁྲབ་སྟོན་གྱི་ལེའུའི་འོད་སྡེར་ལྟ་བུ་རིན་ཐང་གང་ཡང་མེད་པ་ཞིག་ཏུ་མ་བསྒྱུར་རོགས་ཞེས་སྙིང་ནས་རེ་བ་ཞུ། འདི་ནི་ལྷག་བསམ་རྣམ་དག་གིས་བསྟན་པ་སྤྱིའི་འགན་ཁུར་དང་འབྲེལ་བའི་བསམ་འཆར་དང་རེ་བ་ཡིན་མ་གཏོགས་སྒེར་གྱི་ཐོག་ནས་མཁན་པོ་ཁྱེད་ཀྱི་ཕྱག་ལས་ལ་འགོག་རྐྱེན་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པས་དེ་ལུགས་དགོངས་འཇགས་འཚལ། ངས་གནས་ཚུལ་དེ་མཐོང་མ་ཐག་སེམས་ཀྱི་འཆར་སྣང་ཐད་ཀར་སྔོན་ཞུས་བྱས་པ་ཙམ་ལས། རྗེས་སུ་སྤྱི་ཚོགས་སུ་ཡོངས་གྲགས་གནང་བའི་ཚེ་གོང་གསལ་གྱི་ཆ་རྐྱེན་དེ་དག་མ་ཚང་ན་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་པོ་ཁག་དང་བླ་སྤྲུལ་ཆེ་ཁག་རྣམས་ཀྱང་། ལྷ་བཤོས་ཁྱིས་ཟོས་ན་འཛུམ་མུལ་མུལ། མཆོད་མེ་རླུང་གིས་ཁྱེར་ན་འཛུམ་མུལ་མུལ། བྱས་ནས་བཞུགས་ཀྱི་མ་རེད་ལ། དེ་དུས་གནས་ཚང་གཡར་བའི་ངོ་སོ་མེད་པར། ཁང་གོག་ཆེ་བའི་མཚང་ཞེས་པའི་དཔེ་ལྟར་བྱ་བ་ལ་ལེགས་སོ་མེད་པར་ཆོས་ལུགས་ཕན་ཚུན་དང་ཚོགས་སྡེ་ཕན་ཚུན་བར་དུ་གཏམ་ངན་འཚང་འབྲུ་སྣ་ཚོགས་ཀྱིས་བག་མི་ཕེབས་པ་དང་།  ཡིད་ཕམ་དགོས་པའི་དཀྲུག་ཤིང་གི་གཏེ་བོ་ཞིག་མི་འགྱུར་བའི་ངེས་པ་མི་འདུག་པས་ད་ལྟ་ནས་དགོངས་བཞེས་ངོས་མཚམས་འཇོག་ཡོང་བའི་རེ་བསྐུལ་ཞུས་པ་ལགས།

 

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། སྤྱི་ལོ་ ༢༠༡༥ ལོའི་ཟླ་༡༡ ཚེས་༢༠ དགོང་མོར་བྲིས་ཏེ་ཕུལ།

དཔྱད་མཆན་ཡོད།