དོལ་པོའི་གློག་བརྙན་འཁྲབ་སྟོན་པ་མེས་ཕྲིན་ལས་ལྷུན་གྲུབ་གླེང་བ།

 


     ཉེ་ཆར་དོལ་པོའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མི་དཔོན་ཕྲིན་ལས་ལྷུན་གྲུབ་ཁོང་སྐུ་གཤེགས་སོང་བའི་གནས་ཚུལ་ཞིག་མི་སྒེར་དང་རྫོང་། རྒྱལ་གཞུང་གི་གནས་ཚུལ་རྒྱང་སྒྲོག་ཁང་སོགས་དྲ་ལམ་མང་པོ་ཞིག་ཏུ་ཁྱབ་འདུག གནས་ཚུལ་དེ་འདྲ་ཞིག་ཧོབ་ཀྱིས་ཐོས་པ་དང་ང་རང་གི་སེམས་བློང་བློང་བོར་བཏང་བྱུང་། 

     ངེད་གཉིས་ཕན་ཚུན་ངོ་ཤེས་པ་དང་འཚམས་འདྲི་ཙམ་ལས་དམིགས་བསལ་འགྲོགས་འདྲིས་གང་ཡང་མེད་ཀྱང་ཁོང་དང་ངེད་གཉིས་བར་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་ཅེས་བཤད་ཀྱང་ཆོག ཁོང་དང་ངའི་ཨ་མའི་ཨ་ཕ་གཉིས་སྤུན་མཆེད་ཞེ་དྲག་ཉེ་བོ་ཡིན་སྐད་འདུག  དེ་ཡང་ཁོང་གི་ཕ་དང་ངའི་མེས་པོའི་ཕ་རྒན་གཉིས་ཨ་ཕ་གཅིག་གི་བུ་སྤུན་རེད། གཞན་ཡང་ཁོ་བོ་ཕ་དྲིན་པོ་ཆེ་དང་ཁོང་ཁྱིམ་ཚང་གཉིས་ལའང་དམིགས་བསལ་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་ཞིག་ཡོད་དེ། ཁོང་ཁྱིམ་ཚང་གི་ལྷ་མཆོད་པ་དང་ཆོ་ག་གཏོང་བ་སོགས་ཆོས་ཀྱི་བྱེད་སྒོ་ཀུན་ལ་ངའི་ཨ་ཕ་སྐད་གཏོང་བཞིན་ཡོད། དེ་བས་ཀྱང་ཁོང་ཚང་གི་ལྷ་གསོལ་ནི་བླ་མཆོད་གཞན་གདན་དྲངས་ན་གཏོར་མ་བྱ་རོག་དང་ཀྱུང་ཀས་མི་ཟ་ཞེས་ཟེར་ནས་རྟག་པར་ངའི་ཕ་རྒན་སྐད་གཏོང་བ་རེད།  ཡུལ་སྲོལ་ལ་གཏོར་མ་བྱ་རོག་གིས་མ་བཟས་ན་དེ་ནི་ལྷ་མ་མཉེས་པའི་རྟགས་སུ་ངོས་འཛིན་པས་རྣམ་རྟོག་ཆེན་པོ་བྱེད་སྲོལ་ཡོད་པས་སོོ།།
     ང་ཡང་ཆུང་དུས་སུ་ཁོང་ཚང་ལ་འབུམ་ཀློག་དུ་འགྲོ་དུས་ཁོང་གིས་བྱིས་པར་བརྙད་བརྐོ་བའི་སྲོལ་དེ་དང་ང་ཡང་མི་ཆེ་བར་མགོ་སྒུར་མི་ཤེས་པའི་གཤིས་ངན་དེས་ཁོང་དང་ལྷན་དུ་ཁ་རྩོད་མང་པོ་ཞིག་རྒྱག་མྱོང་བ་དྲན་ཡུལ་དུ་མཆིས། ད་ལོ་དོལ་པོ་སྐྱིད་སྡུག་ཚོགས་པའི་གཟེངས་རྟགས་མཛད་སྒོའི་སྐབས་ཁོང་དང་ངེད་གཉིས་རྐུབ་སྟེགས་ལྷན་བསྒྲིགས་ཀྱིས་མཉམ་དུ་བསྡད་ནས་ཁ་བརྡ་བྱས་པ་ཡིན། དེ་ནི་ངེད་གཉིས་ཁ་བརྡ་ཀློད་པའི་དུས་ཚིགས་མཐའ་མ་དེ་ཡིན་སྨྲས་ཀྱང་ཆོག
     དེ་ཡང་འཁྲབ་སྟོན་པ་གྲགས་ཅན་མི་དཔོན་ཕྲིན་ལས་ལྷུན་གྲུབ་མཆོག་ནི་ཀོ་ཐོག་ཀག་ཚ་དང་གབ་པ་ཞེས་དོལ་པོ་ས་ལྡང་ཡུལ་གྱི་རྩ་བའི་རུས་ཆེན་གཉིས་ཀྱི་ཡ་གྱལ་ཀོ་ཐོག་ཀག་ཚའི་རིགས་རྒྱུད། བརྡ་བ་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་༡༩༤༢ལོར་འཁྲུངས།
     ཁོང་ཉིད་རང་ཡུལ་དུ་ནར་སོན་ཞིང་རང་ཡུལ་གྱི་ཞིང་འབྲོག་འཚོ་བར་རོལ་མྱོང་ཐོག་ནས་མི་ཚེ་བསྐྱལ་བ་དང་། ལྷག་པར་དུ་མི་དཔོན་གྱི་སྒོ་གནས་བཞེས་ཏེ་སྤྱི་དམངས་ལ་ཕན་པའི་ཕྱག་ལས་མང་པོ་གནང་ཡོད་ཅིང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོ་བརྒྱུད་ནས་ཉི་གློག་དང་ཞིང་ལ་ཆུ་འདྲེན་བྱེད་འགྱིག་སྦུག་སོགས་ཡུལ་ཕྱོགས་གང་སར་འགྱེད་གནང་མཛད་ཡོད།
     ལྷག་པར་དུ་༡༩༩༩ ལོར་འགྲུལ་བཞུད་(Caravan)དམ་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དེ་འཁྲབ་སྟོན་བྱས་ཏེ་འཛམ་གླིང་རྒྱལ་སྤྱིའི་གློག་བརྙན་(Hollywood)གྲགས་ཆེན་གྱི་ཨང་ཚད་མཐོ་གྲས་སུ་སོན་ནས་གཟིགས་མོ་བ་ཁྲི་སྟོང་མང་པོའི་དགའ་བསུ་ཐོབ་ཅིང་། བལ་ཡུལ་རྒྱལ་ཁབ་འདིར་སྔོན་ཆད་བྱུང་མ་མྱོང་བའི་གློག་བརྙན་གྱི་ཟིན་ཐོ་གསར་པ་ཞིག་བཀོད་པ་རེད།
     གློག་བརྙན་དེ་ནི་གནའ་བོའི་དོལ་པོའི་འཚོ་བ་མཚོན་པའི་མེ་ལོང་ལྟ་བུར་གྱུར་ཡོད་ལ།  དོལ་པོ་ཞེས་འཛམ་གླིང་ན་ཆེས་མཐའ་མཇུག་གི་མ་བཅོས་རང་བྱུང་གི་དག་ཞིང་ཞིག་ཡོད་པར་ཤེས་སུ་བཅུག་པ་རེད།  དེ་ལ་བརྟེན་ནས་དངོས་ཤུགས་བརྒྱུད་གསུམ་ནས་རང་ཡུལ་ལ་ཚོགས་པ་མང་པོ་རོགས་སྐྱོར་ཐོབ་པ་དང་ཡུལ་སྐོར་སྤྲོ་འཆམ་འདུ་བའི་བསྟི་གནས་ཤིག་ཏུ་གྱུར། གཞན་ཡང་གློག་བརྙན་འདི་ནི་གདོད་མའི་མེས་པོ་དག་གིས་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་སྟངས་མཚོན་པ་མ་ཚད་མི་རབས་གསར་རྙིང་བར་གྱི་བསམ་བློའི་འགལ་འདུ་ཞིག་ཀྱང་མཐོང་ཐུབ། གློག་བརྙན་འདིའི་བརྗོད་བྱ་བལ་བོད་ས་མཚམས་ན་གནས་པའི་དོལ་པོའི་མི་རྣམས་དབྱར་བྱང་ནས་ཚ་བླངས་ནས་དགུན་རོང་ལ་བཙོངས་ཏེ་འབྲུ་དང་བརྗེ་བོ་བརྒྱག་པའི་གནས་ཚུལ་གཙོར་བཟུང་ཐོག   ཟ་ཟུར་ཡོངས་ནས་དོལ་པོའི་ཆོས་རིག་གི་སྣང་བརྙན་མང་པོ་ཞིག་འཁོད་འདུག
      གཞན་ཡང་ཨིག་ཀུ་ཟེར་བ་སོགས་རྒྱལ་ནང་དུ་གློག་བརྙན་འགའ་ཡང་འཁྲབས་གནང་ཡོད། ན་ནིང་སླར་ཡང་གློག་བརྙན་ཞིག་འཁྲབ་ཏུ་ཕེབས་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་ཡང་གློག་བརྙན་དེ་ད་ལྟ་ཐོན་མེད་པ་འདྲ། དེ་ལྟར་བྱས་པ་ཅན་གྱི་མི་དཔོན་ཁོང་སྤྱི་ལོ་༢༠༡༦/ ༤ /༢༤ ཉིན་ཌོལ་པ་རྫོང་༼དོལ་པོ་ཡང་རྫོང་དེར་གཏོགས༽གི་ལྟེ་གནས་དྷུ་ཎའི་ནས་སྟོད་དོལ་པོ་ལ་ལོག་ཕེབས་པའི་ལམ་བར་སྤུངས་མོ་གསུམ་མདོའི་སྦུགས་སུ་མི་རྟ་གཉིས་ཀ་གཡང་ལ་ལྷུང་ནས་སྐུ་གཤེགས་པའི་གཏམ་ངན་ཐོས། དེ་རྗེས་སྐུ་ཕུང་བལ་ཡུལ་དུ་གདན་ཞུས་ནས་དེ་རིང་སྤྱི་ཚེས་  ༣༡ ཉིན་མཁན་སྤྲུལ་བླ་སློབ་འདུས་མང་བརྒྱ་ཕྲག་ལྷག་ཙམ་གྱིས་སྦྱིན་སྲེག་དང་སྦྲགས་མེ་མཆོད་ཕུལ་པ་དང་། སྐབས་དེར་དབུས་གཞུང་གི་ནང་སྲིད་བློན་ཆེན་དང་། ཌོལ་པ་རྫོང་གི་སྤྱི་ཁྱབ་རྫོང་དཔོན། བལ་ཡུལ་གྱི་གླུ་བ་གྲགས་ཅན་ཨམ་རིཏ་གྷུ་རུང་སོགས་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་ཀྱིས་མྱ་ངན་ཞུས་འདུག

       སྤྱིར་བཏང་མི་ཞིག་གི་མི་ཚེའི་ནང་གཞན་གྱིས་བཟང་ངན་གྱི་གླེང་བཤད་མང་དུ་ཡོང་བ་ནི་བཤད་མ་དགོས་ཤིང་། མི་ཞིག་གི་མི་ཚེའི་ནང་བཟང་ངན་གྱི་བྱ་བ་སྣ་ཚོགས་བསྒྲུབས་ཡོད་པ་ངེས་པས་ཁོང་ཡང་དེ་ལས་འདའ་བ་མིན་མོད། འོན་ཀྱང་ཁོང་གཤེགས་ཟིན་པའི་ཤུལ་དུ་ལུས་ཡོད་པ་ནི་མི་རིགས་ལ་ཕན་པའི་རྐང་རྗེས་འབའ་ཞིག་ལས་མི་རིགས་དང་ལུང་པ། རྒྱལ་ཁབ་ལ་གནོད་པའི་རྗེས་ཤུལ་འདི་ཞེས་གནས་ཚུལ་ཆེ་གྲས་གང་ཡང་ངོས་འཛིན་རྒྱུ་མེད་པ་ནི་ཁོང་མི་ཡུལ་དུ་ཡོང་པའི་གཟི་བརྗིད་ཅིག་ཡིན་ནོ།།

རྒན་གྲས་ཉི་མ་འདྲ་རྣམས་རིམ་བཞིན་ཡལ། །
རིག་གཞུང་གསེར་ནག་འདྲ་རྣམས་དེ་རྗེས་ཕྱོགས།།
ཤུལ་ལུས་ན་གཞོན་རྒྱ་མིན་བོད་མིན་རྣམས།  །
ར་མ་ལུག་ཏུ་འགྱུར་བ་ཇེ་མང་རེད།།

ཤི་བོའི་རྣམ་ཤེས་གསོན་པོའི་སྡུག་བསྔལ་ལ།   །
གདུང་སེམས་མཉམ་དུ་བསྐྱེད་པ་ཙམ་མིན་པར།།
མི་རབས་གསར་རྙིང་རིམ་གྱིས་བརྗེ་བ་འདི། །
ཡ་རབས་གོམ་སྲོལ་ཉམས་དོགས་སེམས་ཁྲལ་ཡོད།།
                                                                        ཞེས་བྱའོ།།


དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་གིས་རྒྱ་གར་ལྷོ་ཕྱོགས་ནས།


@ ཧི་མ་ལ་ཡའི་གཙོ་འཁྲབ་པ་འཕྲིན་ལས་ལྷུན་གྲུབ་ལགས་ཀྱི་ཚེའི་འཕེན་པ་རྫོགས་འདུག   filmtbt.com/other/2016-04-26/501.html

དཔྱད་མཆན་ཡོད།