ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དང་འབྲེལ་ནས་ཁོང་ཉིད་ལ་མྱ་ངན་ཞུ་བ།

[CropImg]webwxgetmsgimg.jpg

ཨོཾ་མ་ཎི་པདྨེ་ཧཱུྃ།

ཨོཾ་མ་ཎི་པདྨེ་ཧཱུྃ། འདས་པོ་བདེ་བ་ཅན་དུ་སྐྱེ་བར་ཤོག

             སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་དགུ་ཉིན། བོད་ཀྱི་འཁྲབ་སྟོན་པ་གུར་མགོན་སྐྱབས་ནི་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཁྲོད་ཚེ་ལས་འདས་འདུག འདི་ནི་ང་ཚོས་ཉན་མི་འདོད་པ་དང་ཡིད་ཆེས་མི་མོས་པའི་གཏམ་ངན་ཞིག་རེད། ཡིན་ཡང་དོན་དངོས་དེ་དམར་དམར་རྗེན་རྗེན་ངང་ང་ཚོའི་འགྲམ་ལ་བསྟན་འདུག

             དེ་རིང་ཁ་སང་མི་མང་པོ་ཞིག་གིས། ཕལ་ཆེར་གཏན་ནས་ཐུག་མྱོང་མེད་པ་དང་ངོ་མི་ཤེས་པའི་གྲོགས་པོ་ཁོང་ལ་མྱ་ངན་ཞུ་བཞིན་འདུག མྱ་ངན་ཞུ་མཁན་ནང་ཁོང་གི་ཤ་ཉེ་སྤུན་མཆེད་བཅས་པའི་གྲོགས་པོ་གྲོགས་མོ་སོགས་ཡོད་སྲིད། རེད་དེ་ང་ལྟ་བུར་མཚོན་ན། གལ་སྲིད་གློག་བརྙན་དེ་མེད་ན་ངས་ཁོང་ཉིད་ངོ་ཤེས་ཀྱི་མ་རེད། ཁ་སང་གི་རྐྱེན་ངན་འདིར་ཡང་དོ་སྣང་བྱེད་མི་སྲིད། རེད་དེ་ངས་གློག་བརྙན་དེ་བརྒྱུད་ནས་ཁོང་རང་ངོ་ཤེས་པ་ཡིན་པས། དེ་རིང་གློག་བརྙན་དེར་ཡང་ལྟ་ཞིག་བྱེད་བཞིན་ཁོང་ལ་མྱ་ངན་ཞུ་རྒྱུ་ཡིན།

webwxgetmsgimg (2).jpg

           གློག་བརྙན་འདིར་ཧི་མ་ལ་ཡ་ཟེར་བ་དང། དེ་ནི་ཧྥ་རན་སིའི་ཨེ་རུའེ་ཁེ་ཝ་ལིས་འཁྲབ་ཁྲིད་བྱས་ནས། ཧྥ་རན་སི་དང་དབྱིན་ཇི། བལ་ཡུལ། སུའེ་ཙེར་བཅས་རྒྱལ་ཁབ་བཞིས་ལྷན་དུ་པར་ལེན་བྱས་པ་རེད། འདི་ནི་འཛམ་གླིང་ཐོག་གྲགས་ཆེ་བའི་གློག་བརྙན་ཞིག་རེད་ལ། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་ཨོ་སི་ཁ་ནས་ཕྱི་སྐད་ཀྱི་གློག་བརྙན་རྩེ་གྲའི་གྲས་སུ་མིང་འདོན་མྱོང་ཡོད་པ་མ་ཟད། དེའི་རོགས་འདེགས་རོལ་དབྱངས་དེ་ཧ་ཅང་སྙན་པོ་ཡོད་པ་དང་། དེ་ལའང་རྒྱལ་སྤྱིའི་རོལ་དབྱངས་ཀྱི་བྱ་དགའ་གལ་ཆེན་མང་པོ་རག་མྱོང་།

p2238295864.jpg

                   གློག་བརྙན་ཧི་མ་ལ་ཡ་ནི་བལ་ཡུལ་གྱི་དོལ་པོ་ནས་པར་བླངས་པ་དང་། གློག་བརྙན་ཧྲིལ་པོའི་ནང་བོད་སྐད་གཙང་མས་ཁ་བརྡ་བྱས་འདུག དོལ་པོར་ཞང་ཞུང་སྐབས་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད་པ་དང་། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱི་བར་དུ་གནས། ད་ལྟར་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་ཡོད།

          འཁྲབ་ཁྲིད་པ་ཨེ་རུའེ་ཁེ་ཧི་མ་ལ་ཡའི་རི་རྒྱུད་དུ་བརྟག་ཞིབ་ལ་ཕེབས་དུས། གདོད་མའི་གྲོང་ཚོ་དོལ་པོ་འདི་རིག་ཡོད། དེར་ཕ་རབས་བུ་རྒྱུད་བྱས་ནས། གཡག་ལ་ཚྭ་བཀལ་ཏེ་རི་བོ་མང་པོ་བརྒལ་ཞིང་། འབྲུ་རིགས་ཡོད་སའི་གྲོང་ཚོར་ཚྭ་བཙོང་གི་ཡོད་རེད། འཁྲབ་ཁྲིད་པ་ཁོང་དེར་ལོ་ངོ་20ལྷག་བསྡད་པ་དང་། ཕྱིས་སུ་གློག་བརྙན་དེ་ཕབ་བསྐྲུན་བྱས་པ་རེད། འཁྲབ་ཁྲིད་པས་ས་གནས་དེ་གའི་རིག་གནས་དག་དགུན་ཁའི་ཁ་བ་ཞུ་བ་ལྟར་ག་ལེར་མེད་པར་ཆགས་འགྲོ་འི་འདུག ང་ཚོས་མཉམ་དུ་གློག་བརྙན་འདི་ཕབ་སྐྲུན་བྱས་པ་ཡིན་ན། ཕྱིས་སུ་བུ་རབས་ཚོས་ཕ་མེས་ཀྱི་འཚོ་བར་རྒྱུས་ལོན་བྱེད་ཆོག་ཅེས་ལབ་བྱུང་།

webwxgetmsgimg (3).jpg

འཁྲབ་ཁྲིད་པ་དང་གཡག་གཅིག

           གློག་བརྙན་གྱི་ནང་དོན་གཙོ་བོ་འདི་ལྟར་ཏེ། ཀརྨས་ཁྲིད་པའི་ཚ་པ་ཚོའི་རྗེས་ལ་ཟིན་ཆེད། རྒན་པོ་འཕྲིན་ལས་ཀྱིས་རྒས་འཁོགས་ཚ་པ་རྣམས་འཁྲིད་ནས་ཉེན་ཁ་ཆེན་པོ་ཡོད་པའི་ལམ་ཞིག་བརྒྱུད་ནས་མདུན་དུ་བསྐྱོད་པ་དང་། ཉིན་ཁ་ཤས་ལས་མི་དགོས་པར་ཀརྨའི་རྗེས་ཟིན་ཡོད། གནམ་ནས་ཁ་བ་བུ་ཡུག་འཚུབ་ནའང་། འཕྲིན་ལས་ནི་མོའི་ལུང་བསྟན་ལྟར་མུ་མཐུད་ཨུ་ཚུགས་བྱས་ནས་ལམ་ལ་བསྐྱོད་ཡོད། ཕྱིས་སུ་དཀའ་ཐག་ཆད་ནས་ཚྭ་བཙོང་སའི་ལམ་དུ་ཚེ་ལས་འདས་པ་རེད།

                  འཕྲིན་ལས་ཀྱིས་རང་གི་བུ་ལྷག་པ་དེ་ཀརྨས་བསད་པ་རེད་དྲན་ནའང་། ཁོང་གིས་སེམས་གཏིང་ནས་ཀརྨ་དང་ལེན་བྱས་ཡོད་ལ། ཁོང་ཉིད་མ་ཤི་གོང་། འགོ་པའི་གོ་གནས་དེ་ཀརྨར་སྤྲད་པ་དང་། ངེད་གཉིས་བསམ་རྒྱུ་གཅིག་རེད། དུས་རྟག་པར་མཉམ་པོ་ཡོད་ཅེས་ལབ་ནས་ཕ་རོལ་དུ་ཕྱིན་པ་རེད།

webwxgetmsgimg (4).jpg

གློག་བརྙན་ཁྲོད་ཀྱི་མི་སྣའི་འབྲེལ་བ།

             གློག་བརྙན་གྱི་ནང་དོན་ཕལ་ཆེར་གོང་དུ་བཤད་ཟིན། དེའི་ནང་གི་འཁྲབ་སྟོན་པ་རྣམས་ནི་བོད་པ་ཡིན་པ་དང་། ཚང་མས་བོད་སྐད་བཤད་བཞིན་ཡོད་པས། ང་ཚོས་ལྟ་དུས་གོ་བདེ་མོ་ཡིན་ལ། སེམས་ཐག་ཡང་ཉེ་པོ་འདུག འདིའི་ནང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་བདེན་པའི་ངང་གསལ་པོ་བསྟན་ཡོད་པས། འདི་ནི་མི་ཚང་མས་གློག་བརྙན་དེར་དགའ་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་རེད་བསམ་བྱུང་།

            འདི་ནས་གློག་བརྙན་ཆ་ཚང་བསྟན་ཐབས་མི་འདུག རེད་དེ་ང་རང་དགའ་པོ་ཡོད་པའི་གློག་བརྙན་ནང་གི་ཚིག་དུམ་ཡིག་ངོར་ཕབ་ཡོད།

webwxgetmsgimg (5).jpg

 ནོར་བུ།

ནོར་བུ་ན་རེ། ༡ ངས་དགེ་རྒན་ལགས་ཀྱི་གསུང་ཞིག་དྲན་བྱུང་། ཁོང་གིས་མདུན་ལ་ལམ་ག་གཉིས་ཡོད་ན། ཁག་པོ་དེའི་ནང་འགྲོ་དགོས་རེད་ཅེས་གསུངས་བྱུང་། ༢ ཨ་ཕ། ང་དཔོན་པོ་མ་རེད། ང་ལྷ་བྲིས་བ་ཤིག་རེད། ཕ་ལ་རོགས་པ་བྱེད་ཡོང་མཁན་གྱི་བུ་ཞིག་རེད།

webwxgetmsgimg (6).jpg

 ཀརྨ།

ཀརྨ་ན་རེ། ཁྱེད་ཚོས་ངར་ལབ་རྒྱུ་ཡོད་ན་ལབ་བྱུང་། རེད་དེ་ངར་སྐྱོན་འཛུགས་མ་བྱས་ཨ། ལྷས་ཅི་ཡང་བྱེད་ཡོད་མ་རེད། ད་ལྟའི་བར་འཚོ་ཐུབ་པ་ནི་ང་ཚོའི་བཀའ་དྲིན་རེད། ང་རང་ཚོ་གཅིག་པུའི་བཀའ་དྲིན་རེད། ལྷའི་བཀའ་དྲིན་མ་རེད་གདའ།

webwxgetmsgimg (7).jpg

འཕྲིན་ལས།

འཕྲིན་ལས་ན་རེ། ༡ སང་ཉིན་ཡང་འདི་འདྲ་དཀའ་ལས་ཆེན་པོ་ཡོད་རེད། མུ་མཐུད་འགྲོ་དགོས་རེད། རྐང་པ་ཟོག་གི་ར་ཅོ་འདྲ་ཆགས་དུས། ཁྱེད་རང་གཞི་ནས་དོལ་པོའི་མིར་ཆགས་རྒྱུ་རེད། དོལ་པོའི་མི་ནང་ཕྱི་ལོག་རྒྱག་མཁན་གཏན་ནས་ཡོད་མ་རེད། ༢ མ་གཞི་ང་ཡང་ལྷར་དེ་འདྲ་དད་པ་མེད། རེད་དེ་དཔོན་པོ་དངོས་གནས་ཡིན་ན་དང་པོ་བཀའ་ལ་བརྩི་དགོས་རེད།

             གུར་མགོན་སྐྱབས་ནི་དེའི་ནང་གི་ཀརྨ་འཁྲབ་མཁན་དེ་རེད། ཁོང་གི་ཕ་ཡུལ་ཀན་ལྷོ་གཙོས་ནས་ཡིན་པ་དང་། རྒྱུན་པར་ཧྥ་རན་སིར་གཏན་སྡོད་བྱས་ཡོད་ལ། དེ་ནས་གློག་བརྙན་མང་པོ་འཁྲབ་ཡོད། མིག་སྔའི་བར་བརྩམས་ཆོས་ལ《ཧི་མ་ལ་ཡ (1999)》ཙམ་གྱིས་མི་ཚད་པར།《སྤྱང་ཀི (2009)》དང་། 《པི་ལི་ནིའོ་སི་རི་བོའི་འགྲུལ་བཞུད། Le Voyage auxPyrénées(2008)》《རང་དབང་གི་ཕྱག་ཟུང་།(2010)》བཅས་ཡོད། ཉེ་སྐབས་ཁོང་ནི་ལས་དོན་ཞིག་སྒྲུབ་ཆེད་ཕ་ཡུལ་ཀན་ལྷོར་ཕྱིར་ལོག་པ་དང་། ཟླ་བ་འདིའི་ཚེས་༢༦ཉིན། ཁོང་གིས་དུང་དུང་གློག་བརྙན་འགྲེམ་སྟོན་ཚོགས་འདུའི་ཐོག ཁོང་དང་གློག་བརྙན་སྐོར་གྱི་ཁ་བརྡ་མང་པོ་བྱས་གནང་འདུག

webwxgetmsgimg (8).jpg

དོལ་པོའི་ཕྲུ་གུ་ཚོ་དང་ལྷན་དུ།

རེད་དེ། ཁོང་ཉིད་རྐྱེན་ལམ་དུ་ཤོར་འདུག ཨོཾ་མ་ཎི་པདྨེ་ཧཱུྃ།

རེད་དེ། ང་ཚོའི་ད་དུང་བརྙན་རིས་བརྒྱུད་ནས། ཁོང་ཉིད་ལ་ཡང་ལྟ་རེ་བྱེད་ཆོག

webwxgetmsgimg (9).jpg

           དེང་སང་རྒྱལ་ཕྱི་ནང་དུ་ལྟ་བ་འདྲ་མིན་འཛིན་པའི་བོད་འབྲེལ་གློག་བརྙན་མང་པོ་འདུག རེད་དེ། གློག་བརྙན་ཧྲིལ་པོའི་ནང་བོད་སྐད་གཙང་མས་ཁ་བརྡ་བྱེད་མཁན་ཉུང་ཉུང་རེད། གུར་མགོན་སྐྱབས་ཀྱིས་གཙོ་འཁྲབ་བྱས་པའི་ཧི་མ་ལ་ཡ་ནི་དེའི་ནང་གི་གཅིག་རེད། ད་དུང་འདི་ནས་བཤད་མི་དགོས་པ་ཞིག་ནི། པད་མ་ཚེ་བརྟན་གྱི་གློག་བརྙན་ཚང་མ་དེ་འདྲ་རེད།

མཐར།

གུར་མགོན་སྐྱབས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

པད་མ་ཚེ་བརྟན་སྐུ་གཟུགས་གསལ་ཐང་ཡོང་བར་ཤོག

དགེའོ། །

དཔྱད་མཆན་ཡོད།