ངས་རང་ཉིད་ཀྱི་གློག་བརྙན་རྐང་གཅིག་ཀྱང་བལྟས་མ་མྱོང་།

རྒྱལ་སྤྱིར་གྲགས་ཆེ་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཤཀྱ་རུག་ཁན་གྱིས་བརྗོད་གསལ། ངས་རང་ཉིད་ཀྱིས་འཁྲབ་པའི་གློག་བརྙན་རྐང་གཅིག་ཀྱང་བལྟས་མ་མྱོང་ཞེས་བརྗོད། ངར་མཚོན་ན་རང་ཉིད་ལྷོད་ལྷོད་ངང་བསྡད་དེ་རང་ཉིད་ཀྱིས་ཅི་བྱས་ལ་དཔྱད་ཞིབ་བྱེད་རྒྱུ་དེ་ཡང་ད་ལྟའི་ཆར་དཀའ་ལས་ཁག་པོ་འདུག ངས་གློག་བརྙན་འཁྲབ་ཀྱིན་ལོ་ངོ་མང་པོ་འདས་ཟིན། རེད། ངས་གློག་བརྙན་འཁྲབ་བཞིན་ཡོད། དེ་ཙམ་རེད། ངར་མཚོན་ན་སྔར་རང་ཉིད་ཀྱི་གནས་བབ་དང་འབྲེལ་ནས་སེམས་འཚབ་དང་མ་སྐྱིད་པ་མང་པོ་ཡོང་གི་ཡོད་མོད་ད་ལྟའི་ཆར་དེ་འདྲ་གང་ཡང་མི་འདུག་ཅེས་བརྗོད་སོང་།

ལོ 51 སོན་པའི་གློག་བརྙན་འཁྲབ་སྟོན་པ་ཁོ་པར་མཚོན་ན་འཛམ་གླིང་ནང་གི་གློག་བརྙན་འཁྲབ་སྟོན་པ་ཆེས་གྲགས་ཆེ་ཤོས་སུ་གྱུར་ཡོད་ཅིང་། སྤྱི་ལོ 2016 ལོའི་ཡོང་འབབ་ཁོ་ནར་མཚོན་ན་ཨ་སྒོར་ས་ཡ 33 ལོན་གྱི་འདུག གྲགས་ཆེ་ཤིང་དགའ་མོས་བྱེད་མཁན་ཆེས་མང་བ་དང་། ཁོ་པའི་གློག་བརྙན་བལྟ་མཁན་གོ་ལ་ཁྱོན་ན་ཧ་ཅང་མང་བས་རིམ་གྱིས་ཁོ་པ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་གྱི་གོ་སའི་ཚད་ལས་བརྒལ་ཏེ་གོ་ལའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེ་ཤོས་དེར་གྱུར་ཡོད།

དེ་ཡང་རྒྱལ་སྤྱིའི་ནང་རྒྱ་གར་གྱིས་ཨ་རི་དང་རྒྱ་ནག་གཉིས་ཀ་ལས་གློག་བརྙན་མང་བ་བཟོ་བསྐྲུན་བྱེད་ཀྱི་ཡོད་པ་རེད་འདུག སྤྱི་ལོ 2012 ནང་མཚོན་ན་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་ཚོགས་པ་བྷུ་ལི་ཝུ་ཀྲི Bollywood ཡིས་ཁྱོན་གློག་བརྙན་ཁང་གི་རྐུབ་སྟེགས་བྲིན་གྲངས་ཐེར་འབུམ 2.6 ཟིན་ཡོད། ཨ་རིའི་གློག་བརྙན་བཟོ་བསྐྲུན་ཚོགས་པ་ཧོ་ལི་ཝུ་ཀྲིར་སྐབས་དེར་རྐུབ་སྟེགས་བྲིན་གྲངས 1.36 ལས་ཟིན་མེད་པ་རེད། སྤྱི་ལོ 2014 ལོར་ཤཀྱ་རུག་ཁན་གྱིས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲོམ་ཁུ་རུ་སི Tom Cruise ཡི་ཡོང་འབབ་གསོག་ཚད་ལས་བརྒལ་ཡོད་པ་རེད།

1511324941109941.jpg

                     ཤཀྱ་རུག་ཁན་གྱི་ནང་མི་ལྷན་འཛོམས།

ཁོ་པར་མཚོན་ན་སྤྱི་ལོ 1965 ཟླ 11 ཚེས 2 ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་ཁ་ཆེའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོ་པས་སྔར་གསར་འགོད་བཅར་འདྲིར་བརྗོད་དོན་ཁོ་པའི་ཁྱིམ་རྒྱུད་ནི་ཨབ་གྷ་ནི་སི་ཐན་ནས་རེད་ཅེས་བརྗོད། ད་དུང་། སྔ་མོ་ཁོང་ཚོའི་ཁྱིམ་ཚང་དུ་ཨབ་གྷན་གྱི་སྐད་ཀྱི་ཐོག་ནས་གླེང་མོལ་བྱེད་ཀྱི་རེད་ཅེས་ཟེར། ཁོ་པའི་ཕ་ནི་སྔར་དབྱིན་ཇིས་རྒྱ་གར་བཟུང་སྐབས་རྒྱ་གར་གྱི་བདེན་དོན་འཐབ་རྩོད་པ་ཞིག་རེད་འདུག སྤྱི་ལོ 2010 ལྟར་ན་ཁོ་པའི་ཕའི་ཁྱིམ་རྒྱུད་པ་ད་དུང་ཡང་ཨབ་གྷན་ནང་དུ་བསྡད་མུས་རེད་འདུག

སྤྱི་ལོ 1991 ལོར་ཁོ་པ་གྷོ་རི་ཆིབ་བྷར Gauri Chibber དང་གཉེན་སྒྲིག་བྱས། ཁོ་མོ་ནི་པན་འཇབ་ཧིན་རྡུ་ཆོས་ལུགས་རྗེས་འབྲང་པ་ཞིག་ཡིན་པ་རེད། ཁོ་པ་ཁ་ཆེའི་ཆོས་ལུགས་ལ་དད་མོས་ཤུགས་ཆེན་བྱེད་མཁན་ཞིག་ཡིན་རུང་ཁོ་པའི་ཁྱིམ་དུ་ཧིན་རྡུ་དང་ཁ་ཆེ་གཉིས་ཀའི་མཆོད་ཁང་ལྷན་དུ་ཡོད་ཅེས་ཟེར། ཁོ་གཉིས་ཀྱི་ཕྲུ་གུ་དག་ཆོས་ལུགས་གཉིས་ཀའི་རྗེས་འབྲང་པ་བྱེད་ཀྱིན་ཡོད་པར་གསལ།

དཔྱད་མཆན་ཡོད།