དངོས་བཤུས་གློག་བརྙན«སངས་རྒྱས་འཚོལ་བ།»



གལ་སྲིད་ཁོས་དེ་འཇོན་ན། ཁྱེད་ཀྱིས་ཀྱང་དེ་འཇོན།

               ---ཕྱི་གླིང་བའི་གཏམ་དཔེ།


    དེ་རིང་ནས་བརྩིས་པའི་ཟླ་བ་གཅིག་གི་སྔོན་ལ། ཁོ་བོས་རང་གི་ཨ་རིའི་ནང་ཆོས་སློབ་མ་སྐོར་ཞིག་ཁྲིད་ནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་སྐོར་ལ་སོང་བ་ཡིན། སྤྱིར་ན་རྒྱ་གར་ཡུལ་ལུང་མང་ཤོས་དང་ཁྱད་པར་དུ་རྒྱལ་ས་ལྡི་ལིའི་དུག་སྦྲང་གི་འཇིགས་པ་ནི་འཛམ་གླིང་ན་སྐད་གྲགས་ཡོད་པ་ཞིག་ཡིན་པ་དང་། ཁྱད་པར་དུ་ལོ་ཤས་སྔོན་ནས་བཟུང་ལྡི་ལི་སྤྱི་དང་ཁྱད་པར་དུ་བོད་ཁྲོམ་མན་ཇུ་ཀྲི་ལ་ཟེར་བ་དེའི་དུག་སྦྲང་གིས་བོད་པ་ཚོར་སོ་བཏབ་སྟེ་མི་རེ་ཟུང་ལ་འཆི་སྐྱོན་བྱུང་བ་དང་། མི་བརྒྱ་སྐོར་ཞིག་སྨན་ཁང་དུ་བསྐྱལ་བའི་སྐོར་གྱི་གསར་འགྱུར་ཚ་ཟིང་ཟིང་དེ་འདྲ་རྟག་པར་མཐོང་རྒྱུ་ཡོད། ངེད་ཅག་གིས་གནས་སྐོར་གྱི་ཟླ་བ་དེ་སྤྱི་ཟླ་བཅུ་གཅིག་པ་བདམས་པ་ཡིན་ལ། དེ་ནི་རྒྱ་གར་བྱང་རྒྱུད་ཀྱི་གནམ་གཤིས་དང་དུག་སྦྲང་གཉིས་ཀའི་ཆ་ནས་བདམས་ཀ་ཧ་ཅང་ལེགས་པོ་ཞིག་ཡིན། སློབ་བུ་སྐོར་ཞིག་རྒྱ་གར་ལ་ཉིན་ཤས་སྔོན་བཞུད་པ་དང་། ང་དང་བུ་མོ་ཞིག་ཧོང་ཁོང་དུ་གཉེན་འཕྲད་ལ་བསྐྱོད་རྗེས་རྒྱ་གར་དུ་འཕུར། ལྡི་ལིའི་བོད་ཁྲོམ་མན་ཇུ་ཀྲི་ལ་རུ་ངེད་ཅག་མཉམ་འཛོམས་ཀྱིས་དྲ་གྲོགས་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས་ཀྱི་སྣེ་ཤན་བཞིན་ཉིན་བཅུ་བདུན་ཙམ་གྱི་རིང་ལྡི་ལི་དང་རྡོ་རྗེ་གདན། ནེ་ར་ཛྙ་ན། ཤ་བ་རིའི་སྒྲུབ་ཕུག བྱ་རྒོད་ཕུང་པོའི་རི། རྒྱལ་པོའི་ཁབ། ན་ལེནྡ། ཝ་ར་ན་སི། རྡ་རམ་ས་ལ་བཅས་སུ་གནས་སྐོར་ལྗོངས་རྒྱུ་རུ་སྐྱོད་པའི་སྐབས་སུ། ཁོ་བོས་རང་གི་སློབ་མ་ཞིག་གིས་ལེགས་སྐྱེས་སུ་ཉོས་པའི་སོ་ནེ་རྟགས་ཅན་གྱི་བརྙན་ལེན་འཕྲུལ་ཆས་དེ་སྤྱད་ནས་ཉིན་རེའི་འགུལ་སྐྱོད་མང་པོ་ཞིག་བརྙན་དུ་བླངས་ཤིང་། དེ་བཞིན་དམིགས་ཡུལ་དང་འཕྲུལ་ཆས་ཀྱི་བར་ཐག་སོགས་ལ་ཡང་མཉམ་འཇོག་བྱས་པ་ཡིན།

    རྒྱུ་མཚན་ནི་བརྙན་ཕབ་འདི་དངོས་བཤུས་གློག་བརྙན་ཞིག་ཏུ་འགྱུར་བའི་རེ་བ་ཆེ་བས་ཡིན། ཕྱིར་ལོག་རྗེས་རང་གི་སློབ་བུ་ཐེ་ཝན་གྱི་རྒྱ་རིགས་གློག་བརྙན་ཆེད་སྦྱོང་སློབ་ཐོན་པ་མིང་ལ་ཨེ་སྒྲུ་ཝར་ཞེས་པ་ཞིག་ཡོད་པ་དེ་གྲོགས་སུ་བསྟེན་ནས་བརྙན་ཐུང་དེ་ཚོར་རྩོམ་སྒྲིག་ཐེངས་འགའ་བྱས་ཤིང་། དེ་ཡང་ས་ཆའི་མིང་དང་སྐད་ཆའི་གཤམ་ཡིག གློག་བརྙན་གྱི་མིང་བྱང་དང་མཇུག་བྱང་སོགས་གསར་སྣོན། བར་འཇུག་འདོན་དབྱངས་དང་རོལ་དབྱངས་སོགས་ཇུས་འགོད་བྱས་པ་ཡིན་ལ། མཐའ་མར་སྐར་མ་བརྒྱའི་དུས་ཡུན་ཅན་གྱི་དངོས་བཤུས་གློག་བརྙན་<<སངས་རྒྱས་འཚོལ་བ>>ཞེས་པ་ཞིག་ལེགས་འགྲུབ་བྱུང་སོང་། ངའི་གློག་བརྙན་གཉིས་པ་དེའི་མིང་ལ་<<ལོ་ཉི་ཤུའི་རྗེས་སུ>>ཟེར་བ་དང་། བརྗོད་བྱ་ནི་ལོ་ཉི་ཤུའི་རྗེས་སུ་རང་གི་དྲིན་ཆེན་ཕ་མར་ས་མཐའི་རྒྱ་གྲོང་ཞིག་ཏུ་མཇལ་བའི་དངོས་བཤུས་གློག་བརྙན་ཞིག་ཡིན། ཁོ་བོས་འདིར་བརྗོད་འདོད་པའི་སྙིང་པོ་ནི། དེང་སྐབས་མི་མང་པོ་ཞིག་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་སུ་སོང་ཟིན་པས། སྤུས་ཀ་ཡག་ཉེས་ལ་མ་ལྟོས་པར་མི་མང་པོ་ཞིག་ལ་ལག་ཁྱེར་ཁ་པར་དང་པར་ཆས། བརྙན་ཕབ་འཕྲུལ་ཆས་སོགས་རང་དང་མཉམ་འཁྱེར་བྱེད་རྒྱུ་ཡོད་པས། ཁྱེད་རང་ས་ཆ་གང་དུ་སོང་ཡང་རང་ཉིད་ཀྱི་ཉིན་རེའི་བྱེད་སྒོ་ཁག་བརྙན་དུ་ལེན་ཆོག་ལ་པར་དུ་ཡང་རྡེབ་ཆོག དེ་ནས་ཁྱེད་ཀྱིས་འདྲ་པར་དང་བརྙན་ཐུང་དེ་ཚོ་ཕྱོགས་བསྒྲིགས་ཀྱིས་རང་གི་མི་ཚེའི་ཆ་ཤས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པ། གནའ་རབས་དང་དེང་རབས་ཀྱི་འགྱུར་འགྲོས་སྟོན་པའི་དངོས་བཤུས་གློག་བརྙན་རིང་ཐུང་ཅི་རིགས་བཟོ་ཆོག་ཆོག་ཏུ་ཡོད། མི་མང་པོ་ཞིག་གིས་རྩོམ་མི་འབྲི་བ་ཅི་བཞིན། མི་མང་པོ་ཞིག་གིས་ཀྱང་གློག་བརྙན་བཟོ་བ་ནི་ཆེད་མཁས་པ་པདྨ་ཚེ་བརྟན་ལྟ་བུའི་མི་སྣ་རླབས་ཆེན་དག་གིས་འཇོན་པ་ཞིག་ཡིན་པ་ལས། རང་ཉིད་ཀྱིས་ནམ་ཡང་གློག་བརྙན་བཟོ་ཐུབ་པའི་གདེང་སྤོབས་མེད་པ་ནི་ཅི་འདྲའི་ཐབས་སྐྱོ་ལ་ཡི་མུག་པ་ཞིག་རེད་ཨང་། པདྨ་ཚེ་བརྟན་དང་ཞི་བདེ་ཉི་མ་སོགས་ཀྱི་གློག་བརྙན་ཡང་མིས་མི་ཡི་འཚོ་བ་བརྙན་དུ་བླངས་པ་ཞིག་རེད་ལ། དེར་ལེགས་ཆ་དང་སྐྱོན་ཆ་གཉིས་ཀ་ཡོད། དེ་བཞིན་ཁྱོད་ཀྱིས་བརྙན་དུ་བླངས་ཤིང་པར་དུ་བཏབ་པའི་གློག་བརྙན་དེ་ཡང་མིས་མི་ཡི་འཚོ་བ་གཟུགས་སུ་ཕབས་པ་ཞིག་ཡིན་པས། དེ་ལ་ཡང་བཟང་སྐྱོན་གཉིས་ཀ་ཡོད་ཆོག དེ་ནི་དཔེར་ན་ཆེད་ལས་རྩོམ་པ་པོའི་རྩོམ་ལ་བཟང་ངན་ཅི་རིགས་ཡོད་ལ། ཞོར་ལས་རྩོམ་པ་པོའི་རྩོམ་ལ་ཡང་བཟང་ངན་ཅི་རིགས་ཡོད་པ་དང་ཧ་ཅང་མཚུངས། དེ་དང་དེ་ལ་དམིགས་ནས།ཁྱེད་ཀྱིས་རང་ཉིད་ཀྱི་མི་ཚེ་གློག་བརྙན་དུ་འཕབ་ཆོག་ལ་འཕབ་ཀྱང་ཐུབ། མི་གཞན་གྱི་མི་ཚེའི་སྣང་བརྙན་ཡང་དེ་བཞིན་ཡིན། འདི་སེམས་ལ་བཟུང་ནས་ས་ཆ་གང་དུ་སོང་ཡང་། ཉིན་རེའི་བྱ་བ་གང་རུང་བརྙན་དུ་ལེན་རོགས། པར་དུ་འདེབ་རོགས། ཐུགས་རྗེ་ཆེ། 


 

དཔྱད་མཆན་ཡོད།