གློག་བརྙན་《རྗེས་སུ་མི་མཇལ》 ལས་འཕྲོས་པའི་ཧན་ཧན་གྱི་ལྟ་བ།

ནང་དོན་གནད་བསྡུས། གློག་བརྙན་《རྗེས་སུ་མི་མཇལ》ནི་ཧན་ཧན་གྱིས་འཁྲབ་ཁྲིད་བྱེད་པའི་གློག་བརྙན་ཐོག་མ་དེ་ཡིན་ཞིང་། རྩོམ་པ་པོའི་གློག་བརྙན་དེ་རྩོམ་རིག་དང་ཐག་ཉེ་བའམ་གློག་བརྙན་དང་སྒྲུང་གཏམ་བར་ཁྱད་པར་ཆེ་མེད་ཕྱིར་ལྟད་མོ་བ་མང་པོས་གོ་བ་ལོན་གྱིན་མི་འདུག་ཅེས་སྐད་ངན་ཤོར་བཞིན་ཡོད། དེ་དང་དེའི་རྒྱུ་རྐྱེན་ནི་འཁྲབ་ཁྲིད་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་མི་སྣའི་འགུལ་སྐྱོད་འོག་ཏུ་སྦས་ཡོད་པས་སོ། །

བརྡ་ཆད་གཙོ་བོ།《རྗེས་སུ་མི་མཇལ》ཧན་ཧན། བསམ་བློ།

 

     ཧན་ཧན་གྱི་རྩོམ་རིག་བརྩམས་ཆོས་ཀྱིས་མིའི་བསམ་པའི་འཁྱེར་སོ་དང་སྤྱི་ཚོགས་སུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་བའི་བསམ་བློ་རྩ་གཏོར་བྱས་པར་ཡོངས་སུ་གྲགས་པ་བཞིན། ཁོའི་གློག་བརྙན་《རྗེས་སུ་མི་མཇལ》ཡང་ཆུང་ས་ནས་གློག་བརྙན་གྱི་ཐབས་ཤེས་དང་ཆེ་ས་ནས་གློག་བརྙན་གྱི་སྒྱུ་རྩལ། དེང་སང་དར་ཁྱབ་ཆེ་བའི་འཆར་ཡན་དང་བརྩེ་དུང་བརྗོད་བྱ་གཙོ་བོ་བྱེད་པའི་ལང་ཚོའི་གློག་བརྙན་གྱི་ཁྱད་ཆོས་རྩ་གཏོར་བྱས་འདུག་སྙམ། དེ་ཡང་། འཁྲབ་ཁྲིད་པས་《རྗེས་སུ་མི་མཇལ》དང་འབྲེལ་ནས་གསར་འགོད་པའི་དྲི་བའི་ལན་དུ་༼མི་གཞན་གྱིས་མཇུག་མཐར་སྐར་གཅིག་གིས་མྱུར་སྐྱོབ་བྱེད་ཅིང་། ཁོ་བོས་ནི་མཇུག་མཐར་སྐར་གཅིག་གིས་གཏོར་བརླག་གཏོང་གི་ཡོད༽ཅེས་ལན་བཏབ་ཀྱང་《རྗེས་སུ་མི་མཇལ》ནང་མཇུག་མཐར་སྐར་གཅིག་གི་གཏོར་བརླག་ཙམ་མ་ཟད། ཁོའི་རྩོམ་བཞིན་གློག་བརྙན་གྱི་སྐར་མ་བརྒྱ་ནི་སྤྱིའི་སྒྱུ་རྩལ་དང་སྤྱི་ཚོགས་ཡོངས་ཁྱབ་ཀྱི་བསམ་བློ། མིའི་བར་གྱི་བརྩེ་དུང་བཅས་གཏོར་བརླག་བཏང་བའི་བརྒྱུད་རིམ་རེད། གཏོར་བརླག་བཏང་བའི་ལག་ཆ་ཀྱང་ཧན་ཧན་གྱི་ཅི་བསམ་གང་དྲན་དུ་བྱེད་ཕོད་པའི་སྙིང་སྟོབས་དང་། རལ་གྲི་ལྟ་བུའི་རྩོམ་གཤིས། ཐུན་མིན་གྱི་གློག་བརྙན་སྒྱུ་རྩལ་ལས་མ་འདས། དེ་ཚོ་བརྗོད་བྱ་དུ་བཟུང་ནས་ཁོ་བོའི་རྩོམ་འདིར་གློག་བརྙན་《རྗེས་སུ་མི་མཇལ》ལས་འཕྲོས་བའི་སྤྱི་ཚོགས་ཡོངས་ཁྱབ་གྱི་བསམ་བློ་གཏོར་བརླག་གཏོང་ཐུབ་པའི་ཁོའི་ལྟ་བ་དང་། རྩོམ་རིག་གློག་བརྙན་གཉིས་ནི་ཁོའི་བསམ་བློ་མཚོན་བྱེད་ཀྱི་ཡོ་བྱད་ཙམ་ལས་གཞན་ཁྱད་པར་ཆེ་མེད་པའི་ལྟ་བ་གཉིས་གཞི་བྱས་ནས་གཤམ་དུ་རེ་རེ་བཞིན་གླེང་རྒྱུ་ཡིན།


 དང་པོ།  སྤྱི་ཚོགས་ཀྱི་ལྟ་བ།

     ཧན་ཧན་གྱིས་འཁྲབ་ཁྲིད་བྱས་པའི་《རྗེས་སུ་མི་མཇལ》ཞེས་པའི་གློག་བརྙན་དེ། གློ་བུར་དུ་ལང་ཚོའི་གློག་བརྙན་གྱི་ཚ་རླབས་འཕྱུར་བའི་རྒྱ་ནག་གི་གློག་བརྙན་ཚོང་རར་ཐོན་པ་ན། ལྟད་མོ་བའི་བློ་ངོར་ལང་ཚོ་སྡུག་མི་སྡུག་དང་བརྩེ་དུང་ལ་ལྷད་ཡོད་མེད་ཀྱི་དྲི་རྟགས་ཆེན་པོ་ཞིག་བརྒྱབ་པ་རེད། 《རྗེས་སུ་མི་མཇལ》ཞེས་པའི་གློག་བརྙན་དེ་ལང་ཚོ་ཡིད་དུ་འོང་པའི་གློག་བརྙན་ལས་ལྡོག་སྟེ་ལང་ཚོ་ནི་མི་སྡུག་པ་དང་བརྩེ་དུང་ལ་དྲི་མས་སྦགས་པ་བཅས་ཀྱི་དྲི་ལན་ཁ་གསལ་གོ་བདེ་ངང་བརྒྱབ་འདུག་ཏེ། འཁྲབ་སྟོན་པའི་འགུལ་སྐྱོད་འོག་ཏུ་གནས་པའི་གསང་བ་ལྐོག་གྱུར་གྱི་བསམ་བློ་དེ་ནི་དྲིས་ལན་ཡིན་པས་སོ།། དེ་ཡང་ཧན་ཧན་གྱི་རྩོམ་ལས་འཕྲོས་བའི་བསམ་བློ་དང་འདྲ་བར་ཡོད་ཚད་ཀྱི་རྒྱུ་མཚན་འུ་བུ་ཅག་འཚོ་ཞིང་གནས་པའི་སྤྱི་ཚོགས་འདི་ལ་ཐུག་ཡོད་པ་གསལ།

     ཐོག་མར་ཁོས་སྤྱི་ཚོགས་ཀྱི་ལྟ་བ་ཅི་འདྲ་ཞིག་ལ་བརྟེན་ནས་མཚོན་འདུག་ཅེ་ན། ཐུན་མོང་མ་ཡིན་པའི་རྩོམ་རིག་དང་གློག་བརྙན་གྱི་སྒྱུ་རྩལ་ལ་བརྟེན་ནས་མཚོན་འདུག་སྟེ། 《རྗེས་སུ་མི་མཇལ》འགྲེམ་སྤེལ་གྱི་ཚོགས་འདུ་ཐོག་ལྟད་མོ་བ་ཞིག་གིས་༼གློག་བརྙན་དེའི་ནང་དོན་གཙོ་བོ་གང་ཡིན་ནམ༽ཞེས་དྲི་བ་སྟོན་སྐབས། ཧན་ཧན་གྱིས་ལན་དུ་༼ནང་དོན་གཙོ་བོ་གང་ཡིན་ཞེས་པ་དེ་སློབ་འབྲིང་གི་སྐད་ཡིག་སློབ་ཚན་དུ་ཡོད་ཅིང་། ཁོ་བོའི་གློག་བརྙན་འདི་སློབ་འབྲིང་གི་སྐད་ཡིག་སློབ་ཚན་མ་ཡིན་ནོ།།༽ཞེས་ཟེར། ནང་དོན་གཙོ་བོ་མེད་པའི་གློག་བརྙན་འདིའི་ནང་དུ་གློག་བརྙན་གྱི་ཁྱད་ཆོས་སྤྱི་ལས་འགལ་བའི་ཆ་དུ་མ་མཆིས་ཏེ། སྤྱིར་གློག་བརྙན་ཀུན་གཙོ་བོ་འཁྲབ་སྟོན་པས་འཁྲབ་པ་ལ་བརྟེན་ནས་དོན་བསྟན་པ་ཡིན་མོད། 《རྗེས་སུ་མི་མཇལ》ནི་དེ་ལས་ལྡོག་ཏེ་མི་སྣའི་བར་གྱི་གཏམ་གླེང་ལ་བརྟེན་ནས་གཏམ་རྒྱུད་ཀྱི་དོན་བསྟན་འདུག གློག་བརྙན་འདིའི་ནང་གི་གཏམ་རྒྱུད་ནི་མི་སྣ་གཙོ་བོ་ཧའོ་ཧན་དང་བཅས་པ་ཡུལ་སྐོར་གྱི་ལམ་བར་དུ་བྱུང་བ་མེད་པར་མི་སྣ་རེ་རེས་རང་རང་ལ་སྔ་ནས་གཏམ་རྒྱུད་རེ་རེ་ཁུར་རྒྱུ་ཡོད་པ་དང་། ཡུལ་སྐོར་གྱི་ལམ་ནི་གཏམ་རྒྱུད་དེ་འཆད་པའི་བརྒྱུད་རིམ་རེད་འདུག གཏམ་རྒྱུད་ཚར་བ་དང་ཡུལ་བསྐོར་བའི་ལམ་བུ་ཡང་ཆད་སོང་བ་ལྟར་སྣང་། མི་སྣ་རེ་རེ་ལ་གཏམ་རྒྱུད་རེ་ཡོད་ཙང་གློག་བརྙན་གྱི་ནང་དོན་གཙོ་བོ་སྦས་ནས་གློག་བརྙན་གཞན་དང་འདྲ་བར་ཁ་གསལ་གོ་བདེ་ཡིས་སྟོན་མེད་པས་ནང་དོན་གཙོ་བོ་མེད་པའི་གློག་བརྙན་ཞིག་ཏུ་གྱུར། ཧན་ཧན་གྱི་གློག་བརྙན་དང་རྩོམ་ཡིག་ལ་མཚོན་ན་ནང་དོན་གཙོ་བོ་ནི་གཙོ་བོ་མེད་ཅིང་། ཁོ་རང་སློབ་འབྲིང་སློབ་གྲྭ་ནས་ཕྱིར་འཐེན་བྱས་པའི་སློབ་མ་ཞིག་ཡིན་ཕྱིར་ནང་དོན་གཙོ་བོ་ཞེས་པའི་སྐད་ཡིག་སློབ་ཚན་གྱི་གང་སར་ཁྱབ་པའི་འདྲི་བ་འདི་ལ་ཞེན་པ་གཏིང་ནས་ལོག་ཡོད་ཚོད་རེད།  ནང་དོན་གཙོ་བོ་མེད་པའི་ཧན་ཧན་གྱི་རྩོམ་རིག་དང་གློག་བརྙན་གཉིས་ནི་ཧན་ཧན་གྱི་ཐུན་མོང་མིན་པའི་བསམ་པའི་གོ་ཆ་ཞིག་ཏུ་གྱུར་འདུག

     《རྗེས་སུ་མི་འཇལ》ཞེས་པའི་གློག་བརྙན་གྱི་གཏམ་རྒྱུད་ནི་མི་སྣ་བཤད་ཀྱིན་འཁྲབ་སྟོན་པ་དེས་འཁྲབ་པ་གཙོ་བོ་བྱེད་པའི་གློག་བརྙན་གྱི་མ་རྐང་དང་རྩ་བ་མགོ་རྟིང་བསློགས་ཡོད་པ་རེད། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་བཟུང་རྩོམ་རིག་དང་གློག་བརྙན་བར་ཁྱད་པར་ཆེན་པོ་ཡོད་པ་འཁྲབ་ཁྲིད་པ་དང་དཔྱད་བརྗོད་ཕལ་མོ་ཆེས་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་《རྗེས་སུ་མི་མཇལ》ཞེས་པའི་གློག་བརྙན་དེས་རྩོམ་རིག་དང་གློག་བརྙན་གྱི་བར་ཐག་ཤིན་ཏུ་ཉེ་བར་འཐེན་པས། ང་ཚོས་གློག་བརྙན་དེ་ལ་རིག་རྩལ་གློག་བརྙན་ནང་གི་རིག་རྩལ་གློག་བརྙན་ཞེས་བརྗོད་ཆོག་པར་སྣང་། སྤྱིར་ན་འཁྲེགས་འཛིན་དང་གོམས་གཤིས་སོགས་ཡོད་ཚད་མགོ་རྟིང་ལྡོག་པར་བྱེད་པ་ནི་ཧན་ཧན་གྱི་བསམ་བློའི་རང་གཤིས་རེད། དཔེར་ན། ༢༠༠༦ལོར་རྒྱ་ནག་ཏུ་སྙན་ངག་པ་གཅེར་བུ་བགྲོད་པ་སོགས་ཀྱི་སྙན་ངག་དོན་རྐྱེན་སྤྱི་ཚོགས་ཀྱི་གླེང་བརྗོད་དུ་འགྱུར་དུས་ཧན་ཧན་གྱི་པོད་ཁུག་ན་《དེང་རབས་སྙན་ངག་དང་སྙན་ངག་པ་ད་དུང་གནས་པའི་རྒྱུ་མཚན་ཅི་ཡིན་ནམ》ཞེས་པའི་རྩོམ་དེ་སྤེལ་ནས་༼དེང་རབས་སྙན་ངག་དང་སྙན་ངག་པ་དགོས་པ་མེད༽ ཅེས་པའི་ལྟ་བ་བརྗོད་དོ།། གཞན་ཡང་དེང་སང་སྤྱི་ཚོགས་ཐོག་གི་མི་མང་པོས་དགེ་རྒན་གྱི་ཀུན་སྤྱོད་ལ་སྐྱོན་བརྗོད་བྱེད་དུས། ཧན་ཧན་གྱིས་《དགེ་རྒན་གྱིས་ཉེས་པ་ཅི་བསགས་སོང》ཞེས་པའི་འབོལ་རྩོམ་སྤེལ་ནས་༼དགེ་རྒན་སྒྲོན་མེ་མ་ཡིན་ནོ༽༼དགེ་རྒན་འཇམ་པའི་དབྱངས་མ་ཡིན་ནོ༽ ཞེས་དགེ་རྒན་གྱིས་བྱ་བ་ཡོད་ཚད་སློབ་མ་དང་ཁྱིམ་བདག་གི་ཅི་བསམ་དོན་བཞིན་སྒྲུབ་དཀའ་བ་བརྗོད་ནས་དགེ་རྒན་གྱི་ཐོབ་ཐང་སྲུང་བར་བྱེད། ངེས་པར་དུ་བརྗོད་དགོས་པ་ཞིག་ལ་ཧན་ཧན་ནི་སློབ་འབྲིང་ནས་སྤྱུགས་པའི་སློབ་མ་ཞིག་ཡིན་ཙང་། ཐོག་མའི་རྩོམ་རྣམས་སྤྱི་ཚོགས་ཀྱི་གུས་བཀུར་བྱ་སའི་དགེ་རྒན་ལ་ཟུར་ཟ་དང་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ནའང་། དེང་སྐབས་སྤྱི་ཚོགས་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་ལ་དོགས་འདྲི་དང་སྐྱོན་བརྗོད་བྱེད་སྐབས་ཁོས་ཡང་བསྐྱར་རྩོམ་འདི་འདྲ་ཞིག་བྲིས་ནས་དགེ་རྒན་གྱི་ཐོབ་ཐང་སྲུང་བ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། ཧན་ཧན་གྱི་བསམ་བློ་དང་ལྟ་བ་འདི་ལྟ་བུ་ཡིན་ཚེ། ཁོའི་གློག་བརྙན་《རྗེས་སུ་མི་མཇལ》ཡང་གློག་བརྙན་ཀུན་གྱི་ཁྱད་ཆོས་དང་སྒྱུ་རྩལ་ལ་རྒོལ་བ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།  《རྗེས་སུ་མི་མཇལ》འཁྲབ་ཁྲིད་བྱེད་པའི་སྐབས་དེར་ཁོ་པས་པོད་ཁུག་ན་《གློག་བརྙན་སྒྱུ་རྩལ་གྱི་ཆ་ཤས་བདུན་གླེང་བ》ཞེས་པའི་རྩོམ་ཞིག་སྤེལ་འདུག རྩོམ་གྱི་ནང་དོན་ནི་གློག་བརྙན་སྒྱུ་རྩལ་ལ་ཁྱད་ཆོས་བདུན་ཚང་དགོས་ཟེར་དེ་མིན་པར་གློག་བརྙན་གླེང་དུས་སྒྱུ་རྩལ་དང་༼གློག་བརྙན་གྱི་ཕུགས་བསམ༽གླེང་བའི་དེང་གི་ལག་ལེན་དབེན་པའི་ཤེས་ལྡན་པར་ཟུར་ཟ་བྱེད་པ་རེད། རྩོམ་གྱི་མཇུག་ཏུ་གློག་བརྙན་ལ་དགོས་པ་ནི་ཆ་ཤས་ཅི་ཙམ་ཚང་དགོས་པ་དེ་མ་ཡིན་པར། མི་སྒེར་གྱིས་གློག་བརྙན་ལ་འཛིན་པའི་རྣམ་འགྱུར་དང་གློག་བརྙན་ལ་ལྟ་བ་དང་འཁྲབ་པ་ཁྲིད་པ་བཅས་ཀྱི་ནུས་པ་ལྡན་དགོས་པ་བརྗོད་འདུག རྩོམ་དེའི་ནང་དུ་དགག་བྱ་དང་པོ་ནི་ཕུགས་བསམ་ཡིན་པ་དང་གཉིས་པ་ནི་ལག་ལེན་དབེན་པའི་ཤེས་ལྡན་པ་ཡིན་པ་གསལ་པོ་རེད། དེ་གཉིས་རེ་རེ་བཞིན་བརྗོད་ན།

p2182081253.jpg            གཅིག གློག་བརྙན་《རྗེས་སུ་མི་མཇལ》དང་འབྲེལ་ནས་ཕུགས་བསམ་གླེང་ན་ཧན་ཧན་གྱི་ལྟ་བ་རུ་ཕུགས་བསམ་ཤོང་ས་མེད་པར་ཁོའི་རྩོམ་མང་པོ་ལས་གསལ་བ་ཚིག་བརྒྱ་བསྡུས་ནས་བརྗོད་ན་༼ཕུགས་བསམ་ནི་སྣང་བ་ཙམ་མོ༽ ཞེས་པ་དེའོ།། དེ་བཞིན་དུ་གློག་བརྙན་འདི་ནི་མི་སྣ་གཙོ་བོས་ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་ལོ་ངོ་བཅུའི་རིང་འབད་བརྩོན་བྱས་མཐར་ཕ་ཡུལ་དུ་ལོག་སྐབས་ཕ་ཡུལ་ནི་མི་མེད་ལུང་སྟོང་དུ་འགྱུར་བ་མ་ཟད། ཕ་ཡུལ་ན་རང་ཉིད་ཀྱང་ཤོང་ས་མེད་པས་ཕུགས་བསམ་བོར་བ་ནས་གློག་བརྙན་འགོ་བརྩམ་པ་དེ་གློག་བརྙན་གྱི་སྒྲིག་བཞི་བཀོད་སྒྲིག་བྱེད་པ་ཙམ་མ་ཡིན་པར་འཁྲབ་ཁྲིད་པའི་ལྟ་བའི་ཤུགས་རྐྱེན་ཆེན་པོ་ཞུགས་ཡོད་པ་རེད། ལྟ་བ་དེས་དོན་དངོས་དང་འཕྲད་དུས་ཕུགས་བསམ་ནི་ཉམ་ཆུང་ནུས་མེད་ཡིན་པ་ར་སྤྲོད་བྱེད་པ་དེའོ།། དེ་ཡང་མི་སྣ་གཙོ་བོས་ཕ་ཡུལ་དང་ཕུགས་བསམ་གཉིས་ཆབས་གཅིག་ཏུ་བོར་རྗེས། རང་གི་བདེ་བ་སོགས་ཅི་ཞིག་འཚོལ་ཆེད་ལྗོངས་རྒྱུ་བའི་ཚུལ་གྱིས་མི་ཡུལ་འཁྱམ་པའི་ལམ་ལ་བཞུགས་པ་ན་དེ་ནི་བདེ་བ་ཐོབ་པའི་བརྒྱུད་རིམ་ཞིག་མིན་པར་འདི་ནས་ཡོད་ཚད་འབོར་འགོ་བརྩམས་ཡོད་པ་རེད། འབབ་སྟེགས་རེ་རེ་ན་མི་རེ་རེས་ཁོ་ལ་སྒུག་ཡོད་ཅིང་མི་རེ་རེ་ནི་བརྩེ་དུང་གི་མཚོན་དོན་རེ་རེ་རེད། འབབ་སྟེགས་རེ་རེ་དང་བྲལ་བ་ནི་མི་རེ་རེ་དང་བྲལ་བ་ཙམ་མ་ཡིན་པར་བརྩེ་དུང་རེ་རེ་བོར་སོང་བས་ཁོའི་རྒྱང་བསྐྱོད་ཀྱི་ལམ་བུ་ནི་ཕུགས་བསམ་དང་ཇེ་རིང་ནས་ཇེ་རིང་གྱུར་བ་མ་ཟད་དྭངས་གཙང་གི་རང་ཉིད་ཀྱང་སྤྱི་ཚོགས་ཀྱི་འདམ་ནང་དུ་བོར་སོང་བ་རེད།

     གཉིས། གློག་བརྙན་དེའི་ནང་དུ་ལག་ལེན་དབེན་པའི་ཤེས་ལྡན་པར་ཟུར་ཟ་བྱེད་ཚུལ་ནི་མི་སྣ་གཙོ་བོ་ཧའོ་ཧན་དང་ཅང་ཧོ་གཉིས་འགྲུལ་བཞུད་ཀྱི་ལམ་དུ་མོ་ཏྲ་ཁྱི་དང་རྡུང་ག་བརྒྱབ་ནས་ཁྱི་དྲན་མེད་དུ་བརྒྱལ་བས་ཧའོ་ཧན་གྱིས་༼ཁྱོད་ཀྱིས་དཔེ་ཆ་མང་པོ་བཀླགས་མྱོང་། གནད་དོན་འདི་འདྲ་འཕྲད་དུས་ཅི་འདྲ་བྱེད་དགོས་སམ༽ཞེས་འདྲི་དུས། ཅང་ཧོས་ལན་དུ་༼མི་བརྒྱལ་ན་མི་ལ་སེན་འཐོག་རྒྱབ་དགོས་ཅིང་ཁྱི་བརྒྱལ་ན་ཁྱི་ལ་སེན་འཐོག་རྒྱབ་དགོས་པ་མི་འགྲོ༽ ཞེས་ཤེས་ལྡན་ཅན་ཁོས་ཁྱི་སྐྱོབ་པའི་ཐབས་ཤེས་ཅི་ཡང་མ་བཤད་པར་མིའི་མགོ་བོ་རྨོངས་པ་བྱེད་པའི་དྲིས་ལན་འདི་འདྲ་རྒྱག་པར་བྱེད། གློག་བརྙན་དེའི་ནང་ཅང་ཧོ་ནི་ས་ཁམས་དང་རྫས་འགྱུར་དབྱིན་ཡིག་སོགས་སློབ་ཁྲེད་བྱེད་མྱོང་བའི་ཤེས་ལྡན་དགེ་རྒན་ཞིག་ཡིན་ལ་རང་གི་ཕ་ཡུལ་ཏུང་ཅིན་གླིང་ཕྲན་གྱི་རྒྱ་ཁྱོན་ཡང་སྤྱི་ལེ་གྲུ་བཞི་མ་༧.༤ཡོད་ཅེས་ལན་ཐོགས་པ་མེད་པར་རྒྱག་ཐུབ་ཀྱང་། ཆེས་ཤར་ན་གནས་པའི་ཕ་ཡུལ་དེ་ནས་ཆེས་བྱང་དུ་ལས་འགོས་བྱས་པ་ན་བྱང་དུ་བསྐྱོད་རྐྱང་བྱས་པར་ལས་ཕར་རྒོལ་གྱི་ཐབས་ཤེས་ཀྱང་རྙེད་མེད། བྱང་དུ་བསྐྱོད་པའི་ལམ་བར་དུ་འགྲོ་འདུག་གནས་མལ་ཡོད་ཚད་ཤེས་བྱ་ཡོན་ཏན་ཅི་ཡང་མེད་པའི་གྲོགས་པོ་ཧོ་ཧན་ལ་བརྟེན་དགོས་པ་སོགས་ལག་ལེན་དབེན་པའི་ཤེས་ལྡན་པ་ཞིག་རྒྱང་བསྐྱོད་ཀྱི་ལམ་བར་དུ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ་སོགས་ཀྱི་རང་སྐྱོན་དེ་གཟིག་སྤགས་གྱོན་པའི་བུང་བུ་ལྟར་བཞན་གྱི་མིག་ལམ་དུ་གཤམས་པ་རེད།

p2185042489.jpg

      ཧན་ཧན་གྱི་སྤྱི་ཚོགས་ལྟ་བ་《རྗེས་སུ་མི་མཇལ་》དང་འབྲེལ་ཏེ་མུ་མཐུད་དུ་བརྗོད་ན། ཀུན་གྱིས་ཤེས་གསལ་ལྟར། སྦལ་བ་ཆུ་འཁོལ་ནང་བཙོས་ནས་ཚོད་ལྟ་བྱེད་པ་དེ་སེམས་ཁམས་རིག་པའི་ཚོད་ལྟ་ཞིག་ཡིན། གློག་བརྙན་འདིའི་ནང་དུའང་དེ་དང་རྣམ་པ་འདྲ་བའི་ཚོད་ལྟ་བྱེད་མོད་ནང་དོན་ནི། སེམས་ཁམས་རིག་པ་མ་ཡིན་པར་མི་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་ཚོད་ལྟ་ཞིག་རེད། སེམས་ཁམས་རིག་པའི་ཚོད་ལྟ་ནང་དུ་སྦལ་བ་དང་པོ་སྣོད་ཀྱི་ཆུ་གྲང་མོའི་ནང་བཞག་ནས་སྣོད་ཀྱི་འོག་ཏུ་མེ་བརྒྱབ་ཏེ་ཆུའི་དྲོད་ཚད་ཇེ་མཐོར་གཏོང་བ་ན། སྦལ་བ་དེ་རང་སྐྱོབ་ཀྱི་ནུས་པ་ཉམས་ཏེ་ཤི་འགྲོ་བ་དང་། སྦལ་བ་གཉིས་པ་ཐད་ཀར་ཆུ་འཁོལ་ནང་བཞག་མ་ཐག་ཤུགས་ཐེངས་གཅིག་གིས་སྣོད་ཀྱི་རྒྱབ་དུ་འཕར་སྟེ་རང་སྲོག་སྐྱོབ་ཐུབ་པ་བྱུང་བས་མིའི་སེམས་པ་ཡང་དེ་ལྟའི་རང་གཞིན་ལྡན་པར་ར་སྤྲོད་བྱེད། ཧན་ཧན་གྱིས་ཚོད་ལྟ་འདིའི་ནང་ཆུ་གྲང་མོ་མཉམ་དུ་རིམ་གྱི་དྲོད་ཚད་ཇེ་མཐོར་གཏོང་བའི་སྦལ་བ་དང་པོ་དང་ཐད་ཀར་ཆུ་འཁོལ་ནང་བླུགས་པའི་སྦལ་བ་གཉིས་ཀ་ཤི་རྒྱུ་ལས་མ་འདས་སྟེ། ཚོད་ལྟ་བྱེད་མཁན་ལ་སྣོད་ཀྱི་ཁ་ལེབ་ཡོད་པས་སོ།།  སྣོད་ཀྱི་ཁ་ལེབ་རྒྱབ་པ་ན་སྦལ་པ་ཅི་འདྲ་ཞིག་ཡིན་ཀྱང་ཐར་ས་མེད་པར་ཡོད་ཚད་ཤི་རྒྱུ་ལས་མ་འདས།  དེ་ལས་སྤྱི་ཚོགས་ནང་དུ་ཡོན་ཏན་ཡོད་མེད་དང་རྒྱུ་ཡོད་མེད་ཀྱི་ཁྱད་པ་མེད་པར་ཡོད་ཚད་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་ལས་ཐར་མི་ཐུབ་པ་ར་སྤྲོད་གསལ་པོ་བྱུང་བ་རེད། དེ་བཞིན་དུ་གློག་བརྙན་འདིའི་ནང་བུ་མོ་ཀྲབ་མོའུ་མཛུམ་མདངས་དང་བཅས་ཉི་ཧོང་དམག་གི་རལ་གྲི་འོག་ཏུ་སོང་བ་དེས་ད་ལྟ་རྒྱལ་ནང་དུ་མགོར་ལྟས་ན་མཇུག་ཤེས་ཐུབ་པའི་རི་འགོག་དམག་འཁྲུག་སྐོར་གྱི་གློག་བརྙན་ཐལ་རྡུལ་བཞིན་མང་བར་ཡོད་པར་ཟུར་ཟ་བྱས་འདུག་པ་དང་བཅས་《རྗེས་སུ་མི་མཇལ》ནང་དུ་དེ་དང་དེ་འདྲ་བའི་དཔེ་བརྗོད་མང་པོ་འདུག་པས་རེ་རེ་བཞིན་བརྗོད་པའི་དགོས་པ་མ་མཆིས་སོ། །

     རྩོམ་རིག་གི་ལམ་ནས་ཡིན་ནའང་འདྲ། གློག་བརྙན་གྱི་ལམ་ནས་ཡིན་ནའང་འདྲ། ཁོའི་སྤྱི་ཚོགས་ལྟ་བ་ནི་རང་གི་ཐུན་མོང་མ་ཡིན་པའི་བསམ་བློ་ལ་བརྟེན་ཏེ་སྤྱི་ཚོགས་ཀྱིས་མིའི་ལྷན་སྐྱེས་དང་རང་དབང་ཅི་ལྟར་གསོད་ཚུལ་ལམ་མིའི་ཕུགས་བསམ་དང་བརྩེ་དུང་སྤྱི་ཚོགས་སུ་ཇི་ལྟར་འབོར་བཞིན་པའི་ཚུལ་ཞིབ་འབྲི་བྱས་པ་ལས་མཚོན།

p2185042554.jpg

གཉིས་པ།  རྩོམ་རིག་དང་གློག་བརྙན་གཉིས་ཁྱད་པར་མེད་པའི་ལྟ་བ།

     གོང་དུ་བཤད་པའི་ལྟ་བ་འདི་འདྲ་ཞིག་དང་བསམ་བློ་འདི་འདྲ་ཞིག་རྒྱབ་རྟེན་བྱས་ནས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《རྗེས་སུ་མི་མཇལ》ལ་དེ་བཞིན་གྱི་གློག་བརྙན་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཡང་ཚང་མེད་པ་དཔེར་ན། སྐར་མ་བརྒྱ་ཅན་གྱི་གློག་བརྙན་འདིའི་མགོ་ཚུགས་པ། འཕེལ་རྒྱས། མཐོ་རླབས། མཇུག་རྫོགས་པ་བཅས་གཏམ་རྒྱུད་ཀྱི་བརྗོད་དོན་ཡང་མག་མོག་རེད་ལ། དེ་ཚོ་སོ་སོའི་དུས་ཚོད་བཀོད་སྒྲིག་ངེས་ཅན་མེད་པ་བཅས་རྣམ་པ་ཁོ་ནའི་ཆ་ཡང་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན་པས་སྦས་པ་དང་ལྐོག་གྱུར་གྱི་དོན་རྣམས་ནི་དེ་བས་ཀྱང་བཤད་མི་དགོས་པར་གོ་དཀའ་འོ།། དེ་ལས་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་ཁོ་ནའི་ཐད་རྙོག་འཛིང་ཅན་དྲུག་ཙམ་འདུག་པ་གཤམ་གསལ།

༡  སྤྱིར་གཏམ་རྒྱུད་བཤད་མཁན མི་སྣ་གཙོ་བོ་མེད་པ།

༢  གཏམ་རྒྱུད་དེ་མི་སྣ་གཙོ་བོས་ཅང་ཧོས་ཀྱིས་བྲིས་པའི་སྒྲུང་གཏམ་ཡིན་པ།

༣  གཏམ་རྒྱུད་བཤད་མཁན་དེས་སྒྲུང་གཏམ་བཀླགས་པས་གཏམ་རྒྱུད་དེ་ཤེས་སོང་བ།

༤  མི་སྣ་གཙོ་བོ་གཉིས་ཡོད་པ། ཧབ་ཧན་དང་ཅང་ཧོ།

༥  གློག་བརྙན་གྱི་གཏམ་རྒྱུད་སྤྲོས་བརྗོད་བྱེད་ལུགས་ནི་ལྡོག་བརྗོད་ཡིན་པ།

༦  འགྲུལ་བཞུད་ཀྱི་ལམ་བར་དུ་འབབ་སྟེགས་རེ་རེ་ནི་བྱ་བ་རེ་རེ་ཡིན་པ།  བྱ་བ་མུ་ཏིག་ནང་བཞིན་བསྟར་བ།

p2185042651.jpg

     འདི་ལྟར་གློག་བརྙན་གྱི་ནང་གི་གཏམ་རྒྱུད་ཀྱི་བྱུང་རིམ་ནི་གློག་བརྙན་གྱི་ཚད་ལས་བརྒལ་དེ་སྒྲུང་གཏམ་དང་ཟློས་གར་སོགས་རྩོམ་རིག་གི་ཚད་དུ་སླེབས་པ། རྩོམ་རིག་ནང་ནས་ཀྱང་གྲགས་རྩོམ་《ཧ་མའུ་ལེ་ཐེ》 ལྟར་ལྡོག་བརྗོད་དང་རྗེས་དྲན། བྱ་བ་ཙག་ཙིག་ཕྲེང་བར་བསྟར་བ་སོགས་ཀྱི་རྙོག་འཛིང་གིས་ཁེངས་པ་ལས་ད་དུང་གློག་བརྙན་གྱི་ནང་ན་སྦས་དོན་མང་བ་བཅས་ཀྱི་འཁྲབ་ཁྲིད་པ་ཧན་ཧན་གྱི་བསམ་པའི་འཁྱེར་སོ་དང་རྩོམ་གཤིས། རང་གཤིས་བཅས་ལ་རྒྱུས་མངའ་མེད་པའི་ལྟད་མོ་བ་ལ་མཚོན་ན་མགོ་རྨོངས་བ་ནི་རྒྱུན་ལྡན་དུ་སྣང་། གལ་སྲིད་ཧན་ཧན་ལ་ཅུང་ཙམ་རྒྱུས་མངའ་ལྡན་པའི་ལྟད་མོ་བ་ཞིག་ཡིན་ཚེ་གློག་བརྙན་《རྗེས་སུ་མི་མཇལ》ནི་ཁོའི་སྒྲུང་གཏམ་དག་གི་སྙིང་བོ་གཅིག་ཏུ་བསྡུས་པ་གསལ་པོ་ཤེས་ཐུབ་ལ། ཁོའི་སྒྲུང་གཏམ་དང་གློག་བརྙན་གཉིས་མཚོན་བྱ་མཚོན་བྱེད་གང་གི་ཐད་ནས་འདྲ་བའི་ཆ་མང་བས་ཁོའི་གློག་བརྙན་ལ་བལྟས་པ་ཙམ་གྱིས་སྒྲུང་གཏམ་ནང་དུ་བཀོད་འབྲི་བྱེད་པའི་བྱ་བ་ཡིད་ལ་གསལ་ངེས་པས་ཞོར་དུ་གློག་བརྙན་དེ་ཡང་ཁ་གསལ་གོ་བདེ་བྱུང་ཐུབ་པར་འདོད། གང་ལགས་ཤེ་ན། གློག་བརྙན་དེ་དང་ཧན་ཧན་གྱི་སྒྲུང་གཏམ《གྲོང་གི་ལྕགས་རི་གཅིག》 ཞེས་པ་གཉིས་མི་སྣ་གཙོ་བོ་ལས་མེད་འཁྱམ་པོའི་འགྲུལ་བཞུད་ཀྱི་གཏམ་རྒྱུད་ཞིབ་འབྲི་བྱས་པ་འདྲ་འདྲ་ཡིན་པས། སྤྱི་འདྲ་བ་དང་གློག་བརྙན་ནང་གི་བུ་མོ་སའུ་སྨི བསྐོར་དེ། ཁོའི་སྒྲུང་གཏམ་《༡༩༨༨》 ཅེས་པའི་ནང་གི་སྨད་ཚོང་མའི་སྐོར་དང་འདྲ་འདྲ་ཡིན་པས་བྱེ་བྲག་གི་ཆ་འདྲ་བ་བཅས་ལ་བལྟས་ན། ཧན་ཧན་གྱི་བློ་ངོར་གློག་བརྙན་དང་སྒྲུང་གཏམ་གཉིས་ཁྱད་པར་ཆེན་པོ་མེད་པར་རྩོམ་པ་པོ་དང་འཁྲབ་ཁྲིད་པས་ནུས་པ་ལ་བརྟེན་ཏེ་སྤྱི་ཚོགས་མཚོན་རྒྱུ་དེ་ཡིན་པ་《གློག་བརྙན་གྱི་ཆ་ཤས་བདུན་གླེང་བ》ལས་༼ལོ་གསུམ་གྱི་སྔོན་དུ་ཡང་གློག་བརྙན་ཟློས་གར་འབྲི་བའི་བློ་བཀོད་ཅིག་བྱུང་སོང་། ངས་གཏམ་རྒྱུད་དེ་འཁྲབ་ཁྲིད་བྱེད་པའི་བསམ་པ་ཡོད་་་་་་་ངས་གཏམ་རྒྱུད་དེ་སྒྲུང་གཏམ་གྱི་ལམ་ནས་བྲིས་པ་ཡིན། སྒྲུང་གཏམ་དེ་《༡༩༨༨》ཅེས་པ་དེ་རེད།༽ ཞེས་སྔོན་གྱི་གཏམ་རྒྱུད་མང་པོ་ཞིག་གློག་བརྙན་ཟློས་གར་བྲིས་ནས་འཁྲབ་ཁྲིད་བྱེད་པའི་བློ་བཀོད་ཡོད་ཀྱང་། ཆ་རྐྱེན་མ་ཚང་བར་གཏམ་རྒྱུད་དེ་སྒྲུང་གཏམ་ལམ་དུ་མི་འབྲི་ཀ་མེད་བྱུང་བར་བཤད། དེ་བཞིན་དུ་ད་ཐེངས་ཀྱི་གློག་བརྙན་《རྗེས་སུ་མི་མཇལ》ཞེས་པ་དེ་འཁྲབ་ཁྲིད་བྱེད་པའི་ཆ་རྐྱེན་མ་ཚང་ན་སྒྲུང་གཏམ་ལམ་ནས་འབྲི་རྒྱུ་རེད། འདི་ལྟར་ཧན་ཧན་གྱིས་སྒྲུང་གཏམ་དང་གློག་བརྙན་བར་ཁྱད་པར་ཆེར་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཕྱིར་《རྗེས་སུ་མི་མཇལ》ཞེས་པའི་གློག་བརྙན་འདི་རྩོམ་རིག་དང་ཧ་ཅང་ཉེ་བར་གྱུར་ཏེ་གློག་བརྙན་དང་འཁྲབ་ཁྲིད་པའི་ལྟ་བ་དང་མི་གཤིས་བཅས་འོ་ཆུ་འདྲེས་པ་ལྟར་གནས་ཡོད་པས། གློག་བརྙན་འདི་ལྟད་མོ་བས་ལྟད་མོ་ལྟ་རྒྱུ་ཙམ་མ་ཡིན་པར་ལྟད་མོ་བ་ལ་ངེས་པར་དུ་སྒྱུ་རྩལ་དང་སྤྱི་ཚོགས་ལ་ལྟ་བའི་མིག་ཡོད་དགོས་པའི་རེ་བ་བཏོན་འདུག དེ་ཡང་འཁྲབ་ཁྲིད་པས་༼གློག་བརྙན་དང་ལྟད་མོ་བ་མཉམ་དུ་ནར་སོན་དགོས༽ཞེས་གློག་བརྙན་གྱིས་ལྟད་མོ་བ་ལ་ཤེས་བྱ་སྦྱིན་ཞིང་ལྟད་མོ་བས་ཤེས་བྱ་དེ་སྤྱད་ནས་གློག་བརྙན་ལ་བལྟ་དགོས་པའི་འབོད་སྐུལ་བྱེད་པ་ནི་དོན་གྱི་སྙིང་པོ་ཡང་དེ་ཡིན་ནོ།།

0eb0ccc277214b8acba6f4405e5a9d20.jpg

     སྤྱིར་ན། ཧན་ཧན་གྱི་གློག་བརྙན་《རྗེས་སུ་མི་མཇལ》ནི་ལོ་ངོ་བཅུའི་སྔོན་ཁོང་གི་འབོལ་རྩོམ་《པེ་ཙིའི་ནང་ནས་མི་ལ་ལྟ་བ》 དང་འདྲ་བར་དྭངས་གཙང་དྲི་མ་མེད་པའི་མི་བུ་རྣམས་ལྦུ་བ་བཞིན་གྱི་ཕུགས་བསམ་དང་མཇའ་ཚོན་ལྟ་བུའི་བརྩེ་དུང་གི་ཆེད་དུ་འདམ་ཆུས་ཁེངས་པའི་སྤྱི་ཚོགས་ནག་པོའི་ཐོག་ཏུ་མི་འགྲོ་ཀ་མེད་བྱུང་བ། སྤྱི་ཚོགས་ཐོག་བགྲོད་བགྲོད་མཐར་རང་ལ་དགོས་པ་ཐམས་ཅད་ཐོབ་མེད་ལ་ཡོད་པ་ཐམས་ཅད་བོར་ཞིང་རང་ལུས་ཀྱང་སྤྱི་ཚོགས་བཞིན་ནག་པོར་གྱུར་ཟིན་པ་མཐོང་སྐབས། ཕྱིར་ལོག་པའི་ལམ་བུ་ཡང་འདུན་ལམ་བཞིན་མུ་མཐའ་མེད་པར་འདམ་པའི་ཁྲོད་དུ་གནས་པ་མཐོང་བའི་འུ་ཐུག་ཐབས་ཟད་ཀྱི་མི་དག་ཞིབ་འབྲི་བྱས། ལར་མི་གང་འདྲ་ཞིག་ཡིན་ཡང་མི་དགེ་བཅུའི་བསྡིགས་པ་བསགས་པར་སངས་རྒྱས་ཆོས་ལུགས་ཀྱིས་ངོས་འཛིན་ལ་མི་ཐམས་ཅད་ཉེས་པ་ཅན་ཡིན་པར་ཡེ་ཤུའི་ཆོས་ལུགས་ཀྱིས་ཀྱང་ངོས་འཛིན་བྱེད། ཧན་ཧན་གྱི་བློ་ངོར་འདམ་གྱིས་མ་སྦགས་བའི་དྭངས་གཙང་གི་མི་ནི་ཉེས་པ་མེད་པ་ཟེར་བ་མེད་པར་རང་ལ་ཉེས་པ་ཡོད་པར་རང་གིས་ངོས་འཛིན་བྱེད་ཐུབ་པའི་མི་བུ་ནི་དྭངས་ཞིང་གཙང་བ་འདོད་དོ།། དྭངས་ཞིང་གཙང་བའི་མི་བུ་དེ་རིམ་གྱིས་སྤྱི་ཚོགས་འཚོ་བ་གོམས་པར་ན་མི་སྒེར་གྱི་རང་གཤིས་དང་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་ལྟ་བ་སྤྱི་ཚོགས་ཀྱི་བསུབས་ནས། མཐར་མི་སྒེར་དེ་སྤྱི་ཚོགས་ཐོག་གི་མི་ཀུན་དང་འདྲ་བར་ཤ་ཟ་ན་འོས་ཤིང་འཚམ་པ་འདོད་པ་དང་། རྫུན་ལབ་ཀྱང་འོས་ཤིང་འཚམ་པར་འདོད་པ། བརྐུ་བྱས་ཀྱང་འོས་ཤིང་འཚམ་པར་འདོད་པ། མི་བསོད་ཅིང་སྤྱི་པའི་རྒྱུ་ནོར་ལྐོག་ཟ་བྱས་ཀྱང་འོས་ཤིང་འཚམ་པར་འདོད་པའི་རང་གི་ཉེས་པ་རང་གིས་ངོས་ལེན་བྱེད་མི་ཐུབ་པའི་འདམ་ཆུས་སྦགས་པའི་དྲི་མ་ཅན་མི་ནག་ནག་ཏུ་གྱུར་སོང་བ་རེད། ནོར་འཁྲུལ་ངོས་ལེན་གྱི་སྙིང་སྟོབས་མི་ལྡན་པའི་མི་ནག་ནག་མང་པོ་བསྡོམས་པས་ད་ལྟ་ང་ཚོའི་སྤྱི་ཚོགས་ནག་ནག་འདི་གྲུབ་པ་ངོས་འཛིན་བྱེད། དེ་བཞིན་ཁོའི་རྩོམ་རིག་དང་གློག་བརྙན་ནི་མི་དཀར་དཀར་དེ་ནག་ནག་ཅི་འདྲ་འགྱུར་ཚུལ་བརྗོད་པའི་ལག་ཆ་མི་འདྲ་གཉིས་ལས་གཞན་ཁྱད་པར་ཡོད་པ་མ་སྣང་ངོ་།།

 

相关文件

网络:

1韩寒的微博

2羊兄乐园《教师得罪了谁?》


书刊:

1《一座城池》

2《1988年,我想这个世界谈谈》

3《杂的文》

4《青春》

5《可爱的洪水猛兽》《哈姆雷特》等等


视频:

聚焦:韩寒

独家采访4韩寒

星映话:《后会无期>平凡之路》

韩寒厦门大学演讲

དཔྱད་མཆན་ཡོད།