ཏ་ཟིག་གི་གློག་བརྙན་འཁྲབ་ཁྲིད་པ་ཨ་པ་སིས་རང་སྲོག་གཅོད་པའི་སྐོར་གྱི་ལྟ་ཚུལ་བཞིན་སྨྲས་པ།

abbas_kiarostami.jpg

ཏ་ཟིག་གི་གློག་བརྙན་འཁྲབ་ཁྲིད་པ་ཨ་པ་སི་ཀའེ་རའོ་སིཌ་མེ་ཡིས་རང་སྲོག་གཅོད་པའི་སྐོར་གྱི་ལྟ་ཚུལ་བཞིན་སྨྲས་པ། 

           ཕལ་ཆེར་ལོ་ངོ་དྲུག་ལྷག་གི་སྔོན་ལ།  ཏ་ཟིག་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཨ་པ་སིའི་བརྩམས་ཆོསབདག་ཅག་རླུང་དང་བསྡེབས་ནས་འཕྱོཞེས་པར་བལྟས་རྗེས།  ངའི་སེམས་སུ་ཡང་སྙིང་གློག་བརྙན་ཞེས་པ་ནི་འདི་ལྟ་བུ་རེད་ཨང་སྙམ་ནས་ཡིད་ཀྱི་སྤུ་ལོང་རབ་ཏུ་གཡོས།  གོ་ཐོས་སུ་ཁོང་ལ་ད་དུང་བརྩམས་ཆོསཁམ་བུའི་བྲོ་བཞེས་པ་ཞིག་ཡོད་པར་གྲགས་མོད་ཀྱང་།  སྐབས་དེར་ལྟ་བའི་སྐལ་བ་མ་བྱུང་།  ལོ་འགའི་རྗེས་ལ་གྲོང་ཁྱེར་ཟི་ལིང་གི་འོད་སྡེར་འཚོང་ས་དཀྱུས་མ་ཞིག་ནས་གློ་བུར་དུཁམ་བུའི་བྲོ་བརྙེད་ཅིང་།  དེ་འཕྲལ་ཁྱིམ་དུ་ལོག་ནས་བལྟས།  བརྩམས་ཆོས་ཧྲིལ་བོའི་ནང་དུ་སྐྱེས་པ་ཆེ་གེ་མོ་ཞིག་གིས་རང་སྲོག་ཅི་ལྟར་གཅོད་རྒྱུར་གྲ་སྒྲིག་བྱས་པའི་གོ་རིམ་བསྟན་ཡོད།

          བདག་ཅག་ལ་མཚོན་ན།  རང་སྲོག་གཅོད་རྒྱུའི་ཐད་ལ་ལྟ་ཚུལ་འདྲ་མིན་ཅི་རིགས་ཡོད་ཅིང་།  རང་སྲོག་གཅོད་པའི་རྒྱུ་མཚན་ལའང་འདྲ་མིན་སྣ་ཚོགས་འདུག  རང་སྲོག་གཅོད་པ་ནི་ཚེ་སྲོག་སྣང་མེད་དུ་གཏོང་བ་ཡིན་ནམ་ཞེ་ན།  དེ་ནི་མ་ཡིན་པར།  ཚེ་སྲོག་གཅོད་འདོད་པའི་སྐད་ཅིག་མ་དེར་མི་སྣ་ཆེ་གེ་མོ་འཕྲད་པའི་དོན་རྐྱེན་གྱི་ཆེ་ཆུང་ལ་རག་ལས་འདུག  གལ་སྲིད།  ཚེ་སྲོག་ལས་རྩ་ཆེ་བ་འཇིག་རྟེན་དུ་མེད་པའི་ངོས་ཟིན་ཡང་དག་ཐོབ་པས་ན།  གཞི་ནས་ཚེ་སྲོག་དེ་ཉིད་ཀྱི་རིན་ཐང་རྟོགས་པར་འགྱུར་ལ།  རིན་ཐང་གཞལ་དུ་མེད་པའི་ཚེ་སྲོག་ལ་ནག་ནོག་གི་དྲི་མས་མ་གོས་པར་གཙང་མ་གཙང་རྐྱང་གི་ངོས་ནས་མཇུག་བསྡུ་རྒྱུའི་བློ་དྲན་པ་ནི་མི་སྣ་མཆོག་གྱུར་གྱི་འདུན་མ་ཡིན་མོད།  འོན་ཀྱང་འདུན་མ་དེ་ལག་ལེན་ཏུ་བསྟར་རྒྱུ་ལས་སླ་མོ་ཞིག་ཡེ་ནས་མིན་ནོ། །  རྒྱུ་མཚན་ནི།  རང་སྲོག་གཅོད་འདོད་པའི་དུས་སྐད་ཅིག་མ་དེར་ཚེ་སྲོག་གི་རིན་ཐང་ལ་འཇིགས་སྐུལ་ཐེབས་བྱེད་གང་གི་ལྕི་ཡང་གཞལ་ཏེ་ད་གཟོད་ཚེ་སྲོག་མཇུག་བསྡུ་རྒྱུའི་དགོས་དབང་ལ་གདེངས་འཇོག་བྱེད་ཅིང་།  གལ་སྲིད།  ཚེ་སྲོག་ལ་འཇིགས་སྐུལ་ཐེབས་བྱེད་ཀྱི་རྒྱུ་རྐྱེན་དེ་ཚེ་སྲོག་གི་རིན་ཐང་ལས་ཡང་བར་གྱུར་པའི་བློ་རྙེད་ཚེ།  མི་ཆེ་གེ་མོས་རང་སྲོག་གཅོད་པའི་སྦྱོར་བ་དེ་ག་ལེར་འདོར་ངེས་རེད།  ཨ་པ་སིས་བཤད་རྒྱུར།  "ངས་མི་དེ(བརྩམས་ཆོསཁམ་བུའི་བྲོ་བཁྲོད་ཀྱི་མི་སྣ་གཙོ་བོ)ཤི་བ་དང་གསོན་པའི་སྐོར་ཐག་གིས་གཅོད་འདོད་མེད།  ཁོ་དངོས་ནས་ཤི་སོང་བ་དང་ཕྱི་ཉིན་སྔ་མོར་སླར་ཡང་སྲོག་བསྐྱབས་སོང་ནའང་འདྲ།  འདི་ནི་ང་ལ་མཚོན་ན་གལ་ཆེན་ཞིག་མ་རེད།  གལ་ཆེ་བ་ནི།  ཚེ་སྲོག་གི་རྒྱུན་མུ་མཐུད་དུ་བསྲིངས་རྒྱུ་དེ་ཡིན་ལ།  ལྗོན་པར་འདབ་ལོ་གསར་པ་རྒྱས་ཤིང་།  རང་བྱུང་ཁམས་ལྗང་མདོག་ཏུ་གྱུར་ཏེ་གསོན་ཤུགས་ཀྱིས་ཁྱབ་འདུག་པ་འདི་རྩ་ཆེན་པོ་རེད།  འདི་ནི་སྐྱེས་པ་ཆེ་གེ་མོ་གསོན་པའམ་ཤི་བ་དང་བསྡུར་ན་ཆེས་གལ་ཆེན་ཉིད་ཡིན།"ཟེར།  ཁོང་གིས་སྐད་ཆ་འདིའི་བརྗོད་དོན་ཧ་ཅང་གཏིང་ཟབ་མོ་ཡིན་ལ།  ཕལ་སྐད་དུ་བརྗོད་ན།  ཚེ་སྲོག་ནི་ཚོགས་སྤྱི་ཞིག་གིས་གྲུབ་ཡོད་ལ།  མི་དང་སེམས་ཅན་རྣམས་ནི་ཚོགས་སྤྱིའི་ཡལ་འདབ་རེ་རེ་རེད་འདུག་ཅིང་།  ལྗོན་པ་ཞིག་ལ་དཔེ་བལྟས་ན།  རྩ་བ་མ་ཤི་བ་ནི་ལྗོན་པའི་ཚེ་སྲོག་མུ་མཐུད་དུ་གནས་པའི་གསོན་ཤུགས་ཡིན་ལ།  དཔྱིད་དབྱར་སྟོན་དགུན་རེས་མོས་སུ་ལྗོན་པའི་ལོ་མ་ཤི་ནས་ས་རུ་ཟེགས་པ་ནི་རང་བྱུང་གི་ཆོས་ཉིད་ཅིག་ཏུ་ངེས།  གོ་ལ་ཟླུམ་པོ་འདིར་དཔེ་བལྟས་ནའང་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་ཉམས་པར་མ་གྱུར་ན་ཚེ་སྲོག་ལ་སྔར་བཞིན་གསོན་ཤུགས་རྒྱས་པར་སེམས་ཤིང་།  དེའི་སྟེང་གི་སྐྱེ་དངོས་དང་སེམས་ཅན་རྣམས་ནི་སྒེར་ངོས་སམ་ཡན་ལག་གི་སྲོག་འཛིན་མཁན་འབའ་ཞིག་ཏུ་སྙམ།  ཨ་པ་སིའི་བརྩམས་ཆོས་ཁྲོད་ལྟ་ཚུལ་འདི་ཤུགས་དྲག་གིས་ཐོན་པར་བྱེད་ཅིང་།  ཁོས།  "ང་(རང་སྲོག་གཅོད་མཁན)མུ་མཐུད་དུ་གསོན་དགོས་སམ།  ཞེས་དྲི་བ་འདོན་དུས།  འདི་ནི་གདུག་རྩུབ་རིགས་ཤིག་ཡིན་ལ།  དེར་བསྡེབས་ནས་བློ་ལོག་དང་འགྲན་སེམས(རང་སེམས་སྤྲོ་བོ་མེད་པའི་གནས་ཚུལ)ཤིག་ཀྱང་བྱུང་གིན་འདུག ... འདི་ལྟར་སྒྲུབ་པ་ནི་ཕལ་ཆེར་འཇིགས་སྐུལ་ཞིག་ཏུའང་འགྱུར་བར་ངེས།"ཅེས་སྨྲ།

p452759497.jpg

           གློག་བརྙནཁམ་བུའི་བྲོ་བའིནང་།  མི་སྣ་གཙོ་བོས་རང་སྲོག་གཅོད་པའི་ཆེད་དུ་མི་ཁ་ཤས་ལ་འབྲེལ་གཏུག་བྱས་ཤིང་།  ལོ་ན་གཞོན་པའི་དམག་མི་ཞིག་དང་གད་སྙིགས་སྒུམ་པའི་སྐྱེས་པ་ཞིག  ད་དུང་ཆོས་པ་ཞིག་དང་གཞུང་ལུགས་པ་མཁས་ཅན་ཞིག་སོགས་ལ་རང་ཉིད་ཅི་ལྟར་ཤི་རྒྱུ་དང་།  ཤི་ཚེ་བེམ་པོ་ས་འོག་ཏུ་བསྡུ་རྒྱུར་གདམས་པར་མ་ཟད།  བེམ་པོ་ས་འོག་ཏུ་བསྡུས་རྗེས་ད་གཟོད་ཁོའི་གསོག་དངུལ་མི་དེར་དབང་ཚུལ་བཤད།  ཡིན་ནའང་ཚང་མས་ཁོ་མུ་མཐུད་དུ་གསོན་པའི་ཆེད་དུ་རང་ངོས་ཀྱི་ནུས་པ་དང་ལྟ་ཚུལ་སྣ་ཚོགས་བཏོན།  མཇུག་མཐར།  མི་སྣ་དེ་ཤི་བའམ་ཡང་ན་གསོན་ཡོད་པའི་སྐོར་གྱི་གནས་ཚུལ་གསལ་བཤད་བྱས་མེད་པར།  ཁྱིམ་སྤྱོདDV ཡི་བརྙན་རིས་ཤིག་གིས་ལྗོན་ལོ་འབུས་ཤིང་ཡུལ་གྲུ་ལྗང་མདོག་གིས་ཟིན་པའི་ཞོགས་པ་ཞིག་ལ།  བརྙན་འབེབ་པ་སྐོར་ཞིག་གིས་དགའ་སྤྲོ་འཕེལ་བའི་ངང་ས་ཆ་དེའི་ཡུལ་ལྗོངས་བརྙན་འབེབས་བྱེད་ཅིང་།  མི་སྣ་གཙོ་བོའང་དེར་སླེབས་ནས་ཁོ་ཚོའི་འཛུམ་མདངས་དང་ཡུལ་གྲུའི་ལྗང་མདོག་ལོངས་སུ་སྤྱོད་ཀྱིན་མཆིས།  འདི་ནི་རང་སྲོག་གཅོད་མཁན་གྱི་མི་སྣ་ཁོ་སྔོན་ཆད་གསོན་པའི་དུས་ཤིག་ལ་འཕྲད་པའམ།  ཡང་ན་མཚན་མོ་རང་ཤི་བརྒྱབ་སྟེ་ཕྱི་ཉིན་མི་དེ་དག་གིས་སྲོག་བསྐྱབས་པ་གང་ཞིག་སྐོར་ལ་འགྲེལ་བཤད་གང་ཡང་མེད།

           ཨ་པ་སིས།  ཁོ་གསོན་པ་དང་ཤི་བ་ནི་ང་ལ་མཚོན་ན་གལ་ཆེན་ཞིག་མ་རེད་ཅེས་བརྗོད་པའང་།  དོན་ངོ་མར་ཁོང་གིས་ཤི་གསོན་དང་ཚེ་སྲོག་གཉིས་སོ་སོར་བཀར་ཏེ་ཤི་བ་ནི་གསོན་པའི་རིན་ཐང་རྟོགས་བྱེད་ཅིག་དང་།  གསོན་པ་ནི་ཤི་བའི་རིན་ཐང་གཞལ་བྱེད་ཅིག་ཏུ་འདོད་ཅིང་།  དེ་གཉིས་ཆས་ད་གཟོད་ཚེ་སྲོག་གྲུབ་པ་བསྟན་འདུག  དེ་ཡང་ཁ་གསལ་བོར་བཤད་ན།  ཚེ་སྲོག་ནི་བར་མི་ཆད་པའི་གསོན་ཤུགས་ལ་གོ་བ་ལེན་གྱིན་འདུག་པ་དང་། གཙང་བོ་ཞིག་ལ་མཚོན་ན་མི་སྒེར་གྱི་ཚེ་སྲོག་ནི་ཆུ་ཐིགས་ཤིག་དང་འདྲ་བར་ཧ་ཅང་ཉམ་ཆུང་བ་ཞིག་ཏུ་འདོད།  བོད་མིར་མཚོན་ན།  ནང་བཅུད་ཀྱི་སེམས་ཅན་དང་ཕྱིའི་སྣོད་ཀྱི་འཇིག་རྟེན་གཉིས་ཕན་ཚུན་དོ་མཉམ་དུ་ལྟ་བར་མ་ཟད།  སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ཀྱང་འདྲ་མཉམ་དུ་ལྟ་བར་བྱེད་ཅིང་།  རང་སྲོག་གཅོད་པ་དང་གཞན་སྲོག་གཅོད་པ་གཉིས་དོ་མཉམ་དུ་ལྟ།  འདི་ལས་ཧ་ཅང་གལ་ཆེ་བ་ཞིག་ནི།  བོད་མིས་ཀྱང་ཚེ་སྲོག་ནི་ཉམས་པ་མེད་པའི་འཁོར་རྒྱུན་ཞིག་ཏུ་འདོད་པ་ཡིན་མོད་ཀྱང་།  ཚེ་སྲོག་རེ་རེ་མེད་པས་ན་ཚེ་སྲོག་གི་འཁོར་རྒྱུན་གླེང་བ་ནི་ཀླ་ཀློའི་ལྟ་བར་འདོད་དོ། །

p2340634408.jpg

           ང་ཚོས་ནམ་རྒྱུན་རང་ཉིད་ཀྱི་ལྟ་བ་སྤྱད་ནས་ཚེ་སྲོག་གི་རིན་ཐང་གཞལ་གྱིན་ཡོད་ལ།  ཚེ་སྲོག་གི་རིན་ཐང་སྟེང་ནས་སོ་སོའི་ལས་ཀ་འདྲ་མིན་བྱེད་པ་སྟེ།  ལ་ལ་ཞིག་གིས་ཚེ་སྲོག་ལྡན་པའི་དུས་ཚོད་ནང་རྒྱུ་ལོངས་སྤྱོད་གྱ་ནོམ་པ་ཞིག་གསོག་པར་འདོད་པ་དང་།  ལ་ལ་ཞིག་གིས་ཤེས་རིག་ཡོན་ཏན་ཡག་ཐག་ཆོད་ཅིག་སྦྱོང་བར་འདོད་པ།  ཡང་ལ་ལ་ཞིག་གིས་དབང་གོ་ཐོབ་བླ་ན་མེད་པ་ཞིག་བསྙེག་འདོད་པ་ཅི་རིགས་ཡོད་ལ།  དེ་དག་མཐར་གཏུག་ན་ཚེ་སྲོག་ལ་རིན་ཐང་ངེས་ཅན་ཞིག་ལྡན་པའི་མཚོན་ཚུལ་ཡིན་པར་མ་ཟད།  སོ་སོའི་ངོས་ཐད་ནས་ཚེ་སྲོག་གི་རིན་ཐང་ལ་གོ་བ་ལེན་སྟངས་སྣ་ཚོགས་ཡོད་པའི་བདེན་དཔང་ཉིད་རེད།

          ཡིན་ནའང་།  མིས་ཅིའི་ཕྱིར་རང་སྲོག་གཅོད་པ་ཡིན་ནམ།  ཨ་པ་སིས། "འཛམ་གླིང་གི་བསྡོམས་རྩིས་ལྟར་ན།  མི་ཁྲི10ཡི་ནང་དུ་རང་སྲོག་གཅོད་མཁན1མ་གཏོགས་མེད།  འདི་ནི་ཆེས་ཉུང་ཉུང་ཞིག་རེད།"ཅེས་བརྗོད་འདུག  འདི་ནི་རང་བཞིན་གྱིས་རང་སྲོག་བཅད་པའི་མིའི་ཁ་གྲངས་ཤིག་ཡིན་པ་དང་།  རང་སྲོག་གཅོད་མཁན་སོ་སོར་རང་ངོས་ཀྱི་དམིགས་ཡུལ་རེ་ཡོད་པ་ལས་ཐུན་མོང་གི་དམིགས་ཡུལ་གཏན་ནས་མེད་པ་ཡིན་ནམ།  འཛམ་གླིང་སྟེང་རང་སྲོག་གཅོད་མཁན་ཆེས་མང་བ་ནི་གཞོན་ནུའི་གནས་སྐབས་ཡིན་པ་དང་།  དེ་ཡང་ཁོ་ཚོ་སྤྱི་ཚོགས་ཐོག་གོམ་པ་དང་པོ་སྤོ་བའི་གནོན་ཤུགས་ཁྲོད་རང་སྲོག་གཅོད་ཀིན་འདུག  སྤྱི་ཚོགས་ཀྱིས་ཁོ་ཚོར་ཇི་ལྟ་བུའི་གནོན་ཤུགས་སྤྲད་ནས་རང་སྲོག་གཅོད་པའི་ལམ་ལ་ཞུགས་སུ་བཅུག་པ་ཡིན་ནམ་ཞེ་ན།  འདི་ལ་ང་ཚོ་མིའི་རིགས་ཀྱིས་ལན་གསལ་བོ་ཞིག་རྒྱག་གི་མེད་མོད།  འོན་ཀྱང་།  རི་མགོའི་ཙི་གུ་ཁྱུ་ཚོགས་ཀྱིས་ང་ཚོར་མ་དཔེ་འདི་འདྲ་ཞིག་སྟོན་གྱིན་འདུག་པ་སྟེ།  ཙི་གུའི་ཁྱུ་ཚོགས་ཆེས་ཆེར་འཕེལ་ཏེ་ཁོ་ཚོའི་འཚོ་གནས་ལ་འཇིགས་ཉེན་དྲག་པོ་འབྱུང་བའི་སྐབས་སུ།  ཙི་གུ་རྒས་འཁོགས་དང་ནད་པ།  ཉམ་ཐག་སོགས་ཁྲི་སྟོང་མང་པོ་ཆབས་ཅིག་གཡང་ལ་མཆོངས་ཏེ་རང་ཤི་རྒྱག་ཅིང་།  དེ་ཚོས་ཙི་གུ་ན་ཆུང་དང་གཞོན་པ་རྣམས་མུ་མཐུད་དུ་འཚོ་བར་གོ་སྐབས་སྟེར་བཞིན་འདུག  འདི་ནི་སྲོག་ཆགས་ཞིབ་འཇུག་པ་ཚོས་ལོ་མང་པོའི་ཡར་སྔོན་ལ་ཤེས་རྟོགས་བྱུང་བ་ཞིག་རེད།  སྲོག་ཆགས་དུད་འགྲོའི་བྱེད་སྤྱོད་འདིའི་སྟེང་ནས་ང་ཚོ་འགྲོ་བ་མིའི་རིགས་ཀྱི་རང་སྲོག་གཅོད་སྟངས་ལ་བསྡུར་བ་ཞིག་བྱས་ན།  དངོས་ནས་ཧ་ལས་དགོས་པའི་དོན་དངོས་འདི་འདྲ་མཐོང་ཐུབ་པ་སྟེ།  རང་སྲོག་གཅོད་པ་ནི་གཞོན་ནུའི་རིགས་ཡིན་པ་དང་།  རང་སྲོག་གཅོད་ཚུལ་དེ་གླེན་པའི་བྱེད་སྟངས་རེད་ཟེར་མཁན་ནི་དར་མ་དང་རྒན་གྲས་ཀྱི་རིགས་རེད་འདུག  བོད་མིའི་སྲོལ་རྒྱུན་གྱི་ལྟ་ཚུལ་ལྟར་ན།  ཙི་གུ་དང་མི་གཉིས་ལས་མི་ལུས་ནི་རིན་པོ་ཆེ་ཡིན་པ་དང་།  ཤེས་རབ་ཀྱི་ཆ་ནས་ཀྱང་མི་ལ་ཤེས་རབ་ལྡན་པ་ཞིག་ཏུ་ངེས།  ཡིན་ནའང་།  རང་སྲོག་གཅོད་པའི་གོ་དོན་གྱི་སྟེང་ནས་ཙི་གུ་ནི་མི་ལས་ཤེས་རབ་ཆེ་བ་ཞིག་ཏུ་སྣང་བའི་རྒྱུ་མཚན་ཅི་ཡིན་ནམ།  དྲི་བ་འདི་ནི་སུས་ཀྱང་ལན་ལྡོན་ཐབས་བྲལ་བའི་དྲི་བ་ཞིག་ཡིན་ལ།  ཚོགས་སྤྱི་ཞིག་གིས་རང་ངོས་ཀྱི་ཚེ་སྲོག་གི་རིན་ཐང་ལྟ་བ་དེ་ཚོགས་སྤྱི་གཞན་ལ་སྦྱོར་དུ་མི་གཏུབ་པའི་བདེན་དཔང་ཡང་རེད་འདུག  ཨ་པ་སིས།  "འཇར་པན་གྱི་རང་སྲོག་གཅོད་པའི་ཁྲོད་ལོ་ལོན་རྒན་གྲས་ཀྱིས་བརྒྱ་ཆའི50%ཟིན་འདུག  འདི་ནི་སྨོས་མ་དགོས་པར་ཁོ་ཚོས་རང་གི་འགན་ནུས་མ་འཁྱོག་པ་རེད།  ངས་བལྟས་ན་འདི་ནི་མཆོག་ཏུ་གྱུར་པའི་རང་སྲོག་གཅོད་སྟངས་ཤིག་རེད།"ཅེས་བརྗོད།

p2364577581.jpg

ཨ་པ་སི་དང་ཁི་རོ་ས་ཝ།

           སྤྱི་ཚོགས་གང་ཞིག་གི་ཁྲོད་དུའང་རང་སྲོག་གཅོད་པ་ནི་མེད་ཐབས་མེད་པ་ཞིག་རེད།  ཡིན་ནའང་སྤྱི་ཚོགས་སོ་སོའི་ཁྲོད་དུ་ཚེ་སྲོག་གི་བླ་ན་མེད་པའི་རིན་ཐང་ལ་འགྲེལ་བརྗོད་སྣ་ཚོགས་བྱས་ཏེ།  རང་སྲོག་གཅོད་པ་ནི་ཚེ་སྲོག་གི་རིན་ཐང་རྩིས་མེད་དུ་བཏང་བར་ངེས་ཤེས་འདྲོངས་ཐབས་བྱེད།  དེ་ལས་ཤར་ཕྱོགས་པའི་འགྲེལ་བརྗོད་བྱེད་ཐབས་ཕལ་མོ་ཆེ་ནི་ཆོས་ལུགས་ཀྱི་ལྟ་བ་དང་འབྲེལ་ནས་ཡོད་ལ།  བོད་མིས་རང་སྲོག་གཅོད་པ་ལ་འཛིན་པའི་ལྟ་ཚུལ་ཡང་ཆོས་ལུགས་ཀྱི་ལྟ་ཚུལ་ཁྲོད་ནས་སྐྱེ་བ་ཞིག་ཡིན་མོད།  འོན་ཀྱང་སྤྱི་ཚོགས་ཁྲོད་དངོས་སུ་དབྱེ་ཞིབ་བྱས་པས་ན་ད་གཟོད་འདྲ་མཉམ་མིན་པ་དང་།  རང་དབང་མེད་པ།  དབུལ་ཕྱུག་དོ་མི་སྙོམ་པ།  དཀར་ནག་གོ་ལྡོག་ཏུ་འཇུག་པ་སོགས་ནི་མ་གཞི་ནས་མིའི་རིགས་ཀྱི་ཧ་ལས་པའི་ནག་ཉེས་ལས་བྱུང་བ་རྟོགས་ཐུབ་ལ།  "འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ"ཟེར་བའང་མིས་བྱས་པ་ཞིག་ལས།  འཇིག་རྟེན་རང་ངོས་སུ་མི་སྣང་བ་རྟོགས་ཐུབ།  དེ་དང་འབྲེལ་ནས་རང་སྲོག་གཅོད་པའང"འཆི་བ་ནམ་ཡོང་ཆ་མེད"ཅིག་མིན་པའི་བདེན་དབང་མཐོང་ཐུབ།

          རེད་དེ།  ཨ་པ་སིའི་ལྟ་ཚུལ་ལྟར་སྨྲས་ན།  ཚོགས་སྤྱི་ཞིག་གི་ཚེ་སྲོག་རྒྱུན་བསྲིངས་རྒྱུ་ནི་མི་སྒེར་བ་ཞིག་གི་ཚེ་སྲོག་སྲུང་རྒྱུ་ལས་ཧ་ཅང་གལ་ཆེན་པོ་ཡིན།  བོད་མི་ནི་སྨོས་མ་དགོས་པར་ཡོངས་ཁྱབ་ཀྱི་རིན་ཐང་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་ཞིང་། "མི་ལུས་རིན་པོ་ཆེ"ཞེས་པའི་རིན་ཐང་བླ་ན་མེད་པའི་གདོས་བཅོས་ཀྱི་ཕུང་བོ་བྱུང་རྒྱལ་དུ་བློས་གཏོང་མི་སྲིད་པར།  ཁ་མིན་དོན་གྱིས་ཚེ་སྲོག་གི་རིན་ཐང་རྟོགས་ནས་བདག་གཞན་མཉམ་བརྗེའི་དགོངས་དོན་རླབས་པོ་ཆེའི་དགོས་དབང་གིས་ད་གཟོད་རང་སྲོག་གཅོད་པར་བྱེད་ཅིང་།  རང་སྲོག་གཅོད་སྟངས་དེ་ནི་དངོས་ནས་རྒྱལ་སྲས་ཀྱི་བླ་མེད་སྤྱོད་པར་འཁྲུངས་པས།  ཁོང་ཚོ་ཚེ་ཚེ་རབས་རབས་སུ་རྟག་བརྟན་ཐེར་ཟུག་གི་དྲན་གསོའི་ཡུལ་དུ་འགྱུར་རོ།  །

 

 ངེད་དྲ་བའི་པར་དབང་དགོལ་མི་ཆོག

དཔྱད་མཆན་ཡོད།