བོད་ཀྱི་གློག་བརྙན་གྱི་རླབས་རྒྱུན་གསར་པའི་ཚོད་བགམ།

བོད་ཀྱི་གློག་བརྙན་གྱི་ངོས་འཛིན།


        《བོད་ཀྱི་གློག་བརྙན་》ཟེར་དུས་མང་མང་ཞིག་གི་སྣང་ངོར་གྲུབ་པ་ནི།  གློག་བརྙན་གང་ཞིག་གི་ནང་དུ་བོད་ཀྱི་ཡུལ་ལུང་ག་གེ་མོའི་བརྙན་རིས་ཡོད་པ་དང་།  འཁྲབ་སྟོན་པ་དག་གི་འཁྲབ་གོས་སམ་གྱོན་གོས་དང་ཆ་ལུགས་ཡོད་བྱེད་དག་བོད་ཀྱི་བཅའ་ལག་ཡིན་པ།  ཡང་ན་གློག་བརྙན་གང་ཞིག་གི་གཏམ་རྒྱུད་དེ་བོད་ཀྱི་ཡུལ་ལུང་ག་གེ་མོ་ཞིག་གི་རྒྱབ་ལྗོངས་སྦྱར་ཡོད་པ་མཐའ་དག་ནི་བོད་ཀྱི་གློག་བརྙན་ནོ་ཞེས་ངོས་འཛིན་པར་བྱེད།  འོན་ཀྱང་།  ཆ་རྐྱེན་དེ་ཙམ་གྱིས་《བོད་ཀྱི་གློག་བརྙན་》ཞེས་པའི་གདགས་གཞི་དེ་འཐོབ་ག་ལ་འོས་ཏེ།  དཔེར་ན་གོང་འཕྲོས་ཆ་རྐྱེན་དེ་དག་སྦྱར་བའི་གློག་བརྙན་མང་དག་ཅིག་ནི་རྒྱ་རིགས་གཙོས་པའི་མི་རིགས་གཞན་པའི་འཁྲབ་ཁྲིད་པ་དག་གིས་བཟོས་པ་ཧ་ཅང་མང་ཞིང་།  དེ་དག་ནི་གཅིག་ན་བོད་ཀྱི་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་མེད་པ་དང་།  གཉིས་ནས་ལས་བཟོ་བ་དག་མི་རིགས་གཞན་པ་ཡིན་པས་སོ།།

            དཔེར་ན་བོད་ཀྱི་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་མེད་པའི་སྐྱོན་འགའ་སྟེ།  བརྙན་མིག་གང་ཞིག་གི་ནང་དུ་བོད་གོས་གྱོན་ཚེ་ཕུ་ཐུང་གཡས་མ་གྱོན་ཞིང་གཡོན་མ་ཕུད་པ་དང་།  རྟ་ལ་བཅིབ་ཚེ་གཡས་གཡོན་ལྡོག་ནས་བཅིབས་པ།  ཐ་ན་ཟ་བཅའ་རོལ་སྟངས་ཀྱི་ཟུར་ཕྲ་མོ་ཞིག་ལས་ཀྱང་བོད་ཀྱི་ལུགས་སྲོལ་དག་ལས་གོང་འོག་ལྡོག་ནས་འགྲོ་བཞིན་ཡོད་པ་རེད་ལ།  དེ་དག་ནི་བོད་ཟེར་བའི་མི་རིགས་འདི་ཡི་རིག་གནས་ཀྱི་ཟབ་ས་ནས་ཆེས་རྒྱུན་ལྡན་གྱི་འཚོ་བ་མཚོན་བྱེད་ཡིན་ཙང་།  བསམ་བློ་ཞིབ་ཀྱིས་བཏང་ཚེ་གནད་ཕྲ་མོ་དེ་དག་གིས་ནི་ད་གཟོད་བརྙན་མིག་དེ་དག་གི་ཁྲོད་ནས་བོད་ཟེར་བ་དང་།  བོད་ཀྱི་འཚོ་བ་ཟེར་བ།  བོད་མི་ཟེར་བ་ཞིག་རྩད་ནས་རྙེད་མི་ཐུབ་པའོ།།  འདི་རིགས་ལ་དེང་སྐབས་ཁག་ཅིག་གིས་《བོད་འབྲེལ་གློག་བརྙན་》ཞེས་འབོད་ཀྱིན་པ་ལ་རང་ངོས་ནས་ཀྱང་ཧ་ཅང་འཐད་དོ།། 

            ཁོ་བོས་ནི་《བོད་ཀྱི་གློག་བརྙན་》ཞེས་པ་ལ་ངོས་འཛིན་འདི་འདྲ་ཞིག་བྱེད་ཀྱིན་ཡོད་དེ།   གཅིག་འཁྲབ་ཁྲིད་པ་བོད་མི་རང་ཡིན་པ།  གཉིས་འཁྲབ་གཞུང་བོད་མི་རང་གིས་བྲིས་པ་གང་ཞིག་ལ་དེའི་བརྗོད་དོན་མཐའ་དག་བོད་རང་གི་འཚོ་བར་སྦྱར་བ།  གསུམ་འཁྲབ་སྟོན་པའང་བོད་མི་རང་ཡིན་པར་མ་ཟད་འཁྲབ་ཚིག་དག་བོད་ཀྱི་སྐད་ཡིག་རང་ཡིན་པ།  བཞི་གཏམ་རྒྱུད་ཀྱི་བྱུང་རིམ་མཐའ་དག་བོད་མི་རང་གི་དངོས་སྣང་གང་རུང་གི་རྒྱབ་ལྗོངས་བསྔོགས་པ་གང་ཞིག་ལ།  ད་གཟོད་《བོད་ཀྱི་གློག་བརྙན་》ཞེས་སྦྱར་བར་མོས་ཤིང་།  འདི་དག་ནི་ཁོ་བོའི་བློ་གྲོས་ཀྱི་ཤོང་ཚད་ནས་རགས་བཤད་ཙམ་བྱས་པ་ལས།  ད་དུང་འདི་ཙམ་གྱིས་《བོད་ཀྱི་གློག་བརྙན་》ཞེས་པའི་གདགས་གཞི་དེའང་ཧ་ཅང་འཐུས་མ་ཚང་པ་ཞིག་ཡིན་ངེས་ལ།  དེ་ནི་བོད་ཀྱི་གློག་བརྙན་དོན་གཉེར་པ་དག་གིས་ཁ་གསབ་དང་གླེང་གཞི་འབྱུང་བའི་རེ་བ་ཆེའོ།།

             དེ་བཞིན་དུ་འདིར་བོད་ཀྱི་གློག་བརྙན་ཞེས་ལབ་ཡོང་དུས་ཅིའི་ཀྱང་མ་གླེང་ཐུ་མེད་ཀྱི་མི་སྣ་གང་ཞིག་ནི་རྒན་པདྨ་ཚེ་བརྟན་རེད།  མང་མང་གིས་ཁོང་ལ་བོད་ཀྱི་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ་ཞེས་སྦྱར་གྱིན་འདུག་མོད།  ངོས་ནི་མིང་དེར་དེ་འདྲར་འཐད་པ་མི་འོང་སྟེ།  གལ་ཏེ་གློག་བརྙན་གྱི་སྲོལ་འབྱེད་པ་ཞེས་པ་ཞིག་དེད་ཚེ།  དེ་ནི་དུས་རབས་༡༩པའི་ནང་གི།  ཨ་མེ་རི་ཀའི་་་ཁྲོར་མ་སི་་་ཨེའུ་སྒྲིས་སོན་Thomas. Edisonདང་།  ཧྥ་རན་སིའི་ལོའོ་མེའི་ཨེར་སྤུན་མཆེད་Lumiere brotherགཉིས་ལ་གཏུགས་དགོས་རྒྱུ་རེད།  དེ་ལྟར་ན་ངོས་ཀྱིས་ནི་རྒན་པདྨ་ཚེ་བརྟན་ལ་བོད་ཀྱི་གློག་བརྙན་གྱི་སྣེ་འདྲེན་པ་ཞེས་སྦྱར་བར་འདོད་དོ།།   གང་ལྟར་བརྗོད་བྱ་འདི་སྐབས་དོན་གྱི་གླེང་བྱ་དངོས་མིན་པས་དེ་ཙམ་གྱིས་རེ་ཞིག་བསྐྱུར་ཏེ་གོང་འཕྲོར་མཐུད་ན།  རྒན་པདྨ་ཚེ་བརྟན་ནི་བོད་ཀྱི་གློག་བརྙན་གྱི་སྣེ་འདྲེན་པ་ཐོག་མ་རེད་ལ།  ཁོང་གིས་སྤྱི་ལོ༢༠༠༥ལོར་བཟོས་པའི་གློག་བརྙན་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནི་ད་གཟོད་བོད་ཀྱི་གློག་བརྙན་ཐོག་མ་དེར་སྦྱར་འོས་ཤིང་།  ཁོང་གིས་བཟོས་པའི་གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》དང་།  《ཁྱི་རྒན། 》《 འཚོལ། 》《 གཡང་མདའ། 》《 ཐར་ལོ་》སོགས་དང་།   དེ་བཞིན་དུ་བོད་ཀྱི་གློག་བརྙན་གྱི་སྣེ་འདྲེན་པ་ཐོག་མའི་གྲས་ཀྱི་རྒན་ཟོན་ཐར་རྒྱལ་གྱི་《དབུས་ལམ་གྱི་ཉི་མ་》དང་།  《གཙང་པོ་》སོགས་ནི་བོད་ཀྱི་གློག་བརྙན་ཞེས་པའི་གདགས་གཞི་དེའི་འོག་ཏུ་ཚུད་ཆོག་པར་འདོད།  རྒྱུ་མཚན་གློག་བརྙན་འདི་དག་ནི་ཁོ་བོས་གོང་དུ་ལབ་ཟིན་པའི་ཆ་རྐྱེན་དེ་དག་འཛོམས་ཤིང་།  ཕྱོགས་གཅིག་ནས་ལྟོས་བཅས་ཀྱིས་གློག་བརྙན་ཚད་ལྡན་གྱི་གྲས་སུ་སླེབས་པ་དག་གཞིར་བྱས་ཏེ།  ཁོ་བོ་རང་གིས་ངོས་འཛིན་བྱེད་ལུགས་ཀྱི་ཁྱབ་ཁོངས་ནས་ཁ་ཚོད་རགས་ཙམ་ཞིག་བཅད་པ་ལགས། 

            གློག་བརྙན་གྱི་རླབས་རྒྱུན་གསར་པའི་ངོས་འཛིན།

      སྤྱིར་བཏང་ ”རླབས་རྒྱུན་གསར་པ་” ཞེས་པ་ནི་ཁ་གཡང་ཞིག་སྟེ།  ཡང་ན་ངར་ཤུགས་དང་ཟབ་བརླིང་གི་རེ་བ་མཚོན་བྱེད་ཀྱི་ཐ་སྙད་གསོན་པོ་ཞིག་གོ།  ཡང་ན་གློག་བརྙན་བཞུད་ལམ་གྱི་རྨང་གཞི་གང་དེ་ཡི་སྟེང་ཚོན་མདངས་གསར་པ་ཞིག་དཀྲིས་པ་ཞིག་ལ་བྱའོ།།  ཡང་ན་དེའི་སྟེང་དུ་གློག་བརྙན་ཞེས་པ་ཞིག་སྦྱར་ཚེ་ད་གཟོད་གློག་བརྙན་གྱི་རླབས་རྒྱུན་གསར་པའམ།  གློག་བརྙན་གྱི་ལམ་པ་གསར་པ་ཞིག་གི་དངོས་སྣང་གྲུབ་པར་ངེས།  དེ་ལྟར་གློག་བརྙན་གྱི་རླབས་རྒྱུན་གསར་པ་གླེང་འོང་དུས།  དུས་རབས་ཉི་ཤུ་པའི་ལོ་རབས་༥༠དང་༦༠ནང་འཛམ་གླིང་གི་གློག་བརྙན་བརྒྱུད་ལམ་གྱི་ཁྲོད་དུ་གཡོ་འགུལ་ཆེས་ཆེར་བསླངས་མྱངས་པའི།  ཧྥ་རན་སིའི་༼གློག་བརྙན་ལག་དེབ༽ལས་མཆེད་པའི་༼ཧྥ་རན་སིའི་རླབས་རྒྱུན་གསར་པའི་གློག་བརྙན་༽French  new  wave moieགྱི་བརྒྱུད་ལམ་ཁག་དང་དེ་དག་གླེང་ཚེ་ད་གཟོད་ངེས་ཤེས་གཞན་ཞིག་བསྐྱེད་རྒྱུ་འདུག་མོད།  སྐབས་དོན་དང་མི་འཕྲོས་པའི་ངང་དུ་ཟུར་ཞིག་ནས་དཔེ་ཙམ་བཞག་ན།  ཁོང་ཚོའི་སྐབས་ཐོག་དེའི་བློ་གྲོས་ཀྱི་དཔལ་ཡོན་དང་།  ན་གཞོན་གྱི་བློ་སྤོབས།  ལང་ཚོ་ཡི་གཤོག་འགྱུར།  ཕུགས་བསམ་གྱི་ཟབ་ཚད།   གློག་བརྙན་གྱི་གྲངས་ཀྱི་བཞུར་རྒྱུན་སོགས་མཉམ་སྡེབས་ཀྱི་རྩོལ་བ་ལ་བརྟེན་ནས་འཛམ་གླིང་གློག་བརྙན་གྱི་བརྒྱུད་ལམ་ཐོག་སྔ་ན་མེད་པའི་རླབས་རྒྱུན་གསར་པ་ཞིག་སྐྲུན་པར་བྱས།  དེ་ནི་ཧྥ་རན་སིའི་ན་གཞོན་བློ་སྤོབས་ཅན་ཁྱུ་གཅིག་གིས་འཛམ་གླིང་གློག་བརྙན་གྱི་གར་སྟེགས་སྟེང་སྐད་སྒྲ་གསར་པ་ཞིག་བཏོན་པ་ཡིན་པར་མ་ཟད།  ངར་ཤུགས་དང་ཤེས་དཔལ་གྱི་བཅུད་ཀྱིས་ཕྱུག་པའི་སྐད་སྒྲ་དེས་ད་གཟོད་ཧྥ་རན་སི་ཞེས་པའི་རྒྱལ་ཁབ་ཀྱི་མིང་དང་ཁོང་ཚོའི་རིག་གནས་ཀྱི་ཚོན་མདངས་གསར་པ་ཞིག་ཀྱང་འཛམ་གླིང་ཤར་ནུབ་ཀྱི་མིིའི་ལུང་པ་སོ་སོའི་ནང་དུ་བཀྲམ་འགོ་ཚུགས་པ་རེད།       དེ་བཞིན་དུ།     ཁོང་ཚོས་ངར་ཤུགས་དང་བློ་སྤོབས་ཀྱི་རྩོལ་བ་ལས་འཕྱུར་བའི་རླབས་རྒྱུན་གསར་པ་དེས་འཛམ་གླིང་གློག་བརྙན་གྱི་གར་སྟེགས་སྟེང་གྲུབ་འབྲས་གཞན་ཞིག་བཏོན་པ་ནི།  གཅིག    ཁོང་ཚོའི་སྐབས་ཐོག་དེའི་མ་རྩ་རིང་ལུགས་ཀྱི་གནས་སྟངས་ལས་མི་རྣམས་ལ་ཡང་བསྐྱར་སྲོལ་རྒྱུན་གྱི་སྒེར་ཚུགས་ཐུབ་པའི་ངལ་རྩོལ་གྱི་དྲན་པ་གསར་པ་ཞིག་བསླངས་པར་མ་ཟད།     དེའི་བསྐྱེད་འབྲས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་གི་ནང་སྒེར་ཚུགས་ཐུབ་པའི་བཟོ་ལས་ཀྱི་ལམ་བགྲོད་གསར་པ་ཞིག་གི་འགོ་ཚུགས་པར་གྱུར།       

       གཉིས།  ཁོང་ཚོའི་ལམ་པ་གསར་པ་དེས་མི་རྣམས་ལ་གློག་བརྙན་བརྩམས་ཆོས་ཁྲོད་གཞན་དང་མ་འདྲ་པའི་མི་སྒེར་གྱི་ཁྱད་ཆོས་个人风格     དམིགས་བསལ་མངོན་པའི་དྲན་པ་བསླངས་པར་མ་ཟད།      དེས་གློག་བརྙན་འཁྲབ་ཁྲིད་པ་དག་གི་ཀླད་སྒྲོམ་དུ་འདུ་ཤེས་གསར་པ་ཞིག་གི་སྣེ་དྲངས་བ་རེད། དེ་ལྟར་གློག་བརྙན་གྱི་རླབས་རྒྱུན་གསར་པ་ཞིག་གི་བརྒྱུད་ལམ་ལ་ཕྱིར་རྟོག་དང་གློག་བརྙན་གྱི་རླབས་རྒྱུན་གསར་པ་ཞིག་ལ་བློས་བསླངས་བྱས་ཚེ།  དེ་ནི་འུར་འུར་ཟང་ཟིང་གི་འཛམ་གླིང་འཁྲུགས་ཆེན་དང་པོ་དང་གཉིས་པ་ནང་བཞིན་གྱི་ཆོམ་ཆོམ་ཟིང་ཟང་གི་ལས་གཞི་ཞིག་མ་ཡིན་ཏེ།  དེ་ནི་ཤེས་ཡོན་དང་བློ་སྤོབས་ཀྱི་ཟབ་བརླིང་ལ་བརྟེན་ནས་འབད་པས་སྒྲུབ་པའི་ལམ་བགྲོད་གསར་པ་ཞིག་ཡིན་ཞིང་།  ལྟོས་བཅས་ཀྱིས་གློག་བརྙན་གྱི་སྤོས་ཚད་བཟང་བ་དང་།  དུས་ཐུང་ནང་གློག་བརྙན་གྱི་གྲངས་མང་བ།  མ་དངུལ་གྱི་ཐོན་ཁུངས་ལ་བརྩོན་པ།  འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་ཀྱི་ཤེས་ཡོན་གྱི་ཚད་གཞི་འབེལ་བོ་ཡིན་པ་སོགས།  དེ་དག་གི་མཉམ་སྡེབས་ཀྱི་འོག་ནས་ད་གཟོད་གློག་བརྙན་གྱི་རླབས་རྒྱུན་གསར་པའི་བགྲོད་ལམ་འཕྱུར་བ་དེའོ།།


        བོད་ཀྱི་གློག་བརྙན་གྱི་རླབས་རྒྱུན་གསར་པའི་ཚོད་བགམ།


              སྤྱིར་བཏང་འཛམ་གླིང་གློག་བརྙན་གྱི་བརྒྱུད་ལམ་ལ་མི་ལོ་བརྒྱ་དང་ཉི་ཤུ་ལྷག་གི་ལོ་རྒྱུས་ལས་བགྲང་དུ་མེད་ནའང་།  དུས་ཡུན་ཐུང་ངུ་དེ་ཡི་ལམ་པ་གསར་པའི་ནང་དུ་གློག་བརྙན་རིག་གནས་ཀྱིས་འཛམ་གླིང་གི་རིག་གནས་གསར་པའི་གར་སྟེགས་ཁྲོད་གོ་ས་ངེས་ཅན་ཞིག་བཟུང་ཡོད་པར་མ་ཟད།   དེའི་ཁྱབ་ཚད་དང་མྱུར་ཚད་སོགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བསམ་པའི་ཞིང་སའི་སྟེང་སྔ་ན་མེད་པའི་གཡོ་འགུལ་ཆེན་པོ་བཟོས་ཡོད་ཙང་།  དེང་གི་དུས་འདིར་འཛམ་གླིང་ཡུལ་གྲུ་སོ་སོ་རུ་གློག་བརྙན་ནི་འཚོ་བའི་ནང་གི་བསམ་པའི་ཟས་བཅུད་ཆེས་གལ་གནད་ཅིག་ཏུ་ཆགས་ཡོད་པ་རེེད་ལ།  གློག་བརྙན་སྒྱུ་རྩལ་གྱི་གསང་བའི་གབ་སྦས་དང་དངོས་སྣང་གང་རུང་གི་བརྡ་སྤྲོད་དག་གིས་མིའི་རིགས་ཀྱི་ཀླད་སྒྲོམ་དུ་ངོ་མཚར་ཟབ་དོན་གྱི་བློ་སྒོ་ཆེས་ཆེར་འབྱེད་ཀྱིན་ཡོད་པ་རེད།

             དེ་བཞིན་དུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་གང་མང་ཞིག་ལ་མཚོན་ན།   གློག་བརྙན་རིག་གནས་སམ་གློག་བརྙན་སྒྱུ་རྩལ་གྱི་ལས་ལམ་དེ་ནི་དར་ནས་ཡུན་རིང་འགོར་ཞིང་ད་ལྟ་ལམ་པ་གསར་པའི་སྟེང་ནས་གསར་རྩོམ་དང་འགྲན་རྩོད་ཀྱི་ཡོ་ལངས་ཆེས་ཆེར་འཕྱུར་བཞིན་པའི་སྒང་འདིར།   རང་ཅག་བོད་ལ་ནི་གློག་བརྙན་རིག་གནས་ཀྱི་བརྒྱུད་ལམ་ལ་ལོ་གྲངས་བཅུ་ལྷག་ཙམ་ལས་བགྲང་དུ་མེད་མོད།   འོན་ཀྱང་།  བགྲང་བྱ་བཅུ་ཙམ་གྱི་ལས་ལམ་ཁྲོད་དུ་བློ་ཡུལ་ལས་འགོངས་པའི་གྲུབ་འབྲས་མངོན་གསལ་ཐོན་པ་ནི་ཕལ་ཆེར་ཀུན་གྱི་བློ་ངོར་གསལ་གསལ་ཐང་ཐང་ཡིན་ངེས་ལ།  དེ་ནི་རྒན་པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ་གཉིས་གཙོས་པའི་མི་སྣ་ཧ་ཅང་ཉུང་ཉུང་ཞིག་གི་འབད་པའི་རྩོལ་འབྲས་འབའ་ཞིག་གོ།  ཁོང་གཉིས་ཀྱི་གློག་བརྙན་བརྩམས་ཆོས་དག་ཚན་རྩལ་དང་ཀླད་སྒྲོམ་གྱིས་རྩིབ་བསྡུར་ཆེས་ཆེར་བྱེད་བཞིན་པའི་འཛམ་གླིང་ཤར་ནུབ་ཀྱི་གྲོང་ཁྱེར་ཆེན་པོའི་མི་རྣམས་ཀྱི་མིག་མདུན་གྱི་བརྙན་ཡོལ་ཆེན་པོའི་ངོས་སུ་སླེབས་པ་ནས་བཟུང་།  དེ་སྔའི་བོད་ཀྱི་གློག་བརྙན་ནོ་ཞེས་པའི་ཧམ་པ་ཚ་པོས་བཟོ་མཁན་གྱི་མི་རིགས་གཞན་པའི་མི་དེ་དག་ལ་ངག་ལྐུགས་པར་གྱུར་ཅིང་།   དུས་དེ་ནས་བཟུང་ཕལ་ཆེར་ཁོང་ཚོས་བཟོས་པའི་བོད་ཀྱི་གློག་བརྙན་ཡིན་ནོ་ལོ་དག་ལ་༼བོད་འབྲེལ་གློག་བརྙན༽ཞེས་པའི་མིང་བརྡ་འདི་དངོས་སུ་ཚུགས་འགོ་གྱུར་པར་འདོད།   གང་ལྟར་རྒན་པདྨ་ཚེ་བརྟན་དང་ཟོན་ཐལ་རྒྱལ་ཁོང་གཉིས་ཀྱིས་བཟོས་པའི་གློག་བརྙན་དག་གིས་འཛམ་གླིང་གློག་བརྙན་གྱི་གར་སྟེགས་སྟེང་༼བོད་ཀྱི་གློག་བརྙན་༽ཞེས་པའི་མིང་བརྡ་གསར་པ་ཞིག་བསྐྲུན་པར་མ་ཟད།   བོད་ལ་ན་གཞོན་འཁྲབ་སྟོན་པ་གང་མང་ཞིག་ཀྱང་གསོ་སྐྱོང་གནང་ནས་ཡོད་ལ།  ཁོང་ཚོས་དེང་གི་སྐབས་འདིར་རྒྱལ་སྤྱིའི་ས་གདན་སྟེང་གོམ་བགྲོད་ཀྱང་གང་ལ་གང་འཚམས་ཤིག་འབྱུང་གིན་ཡོད་དོ།།  དེ་ལས་ཀྱང་བོད་ཀྱི་གཞོན་སྐྱེས་རིག་སློབ་པའི་ཁྲོད་དུ་སྔ་ན་མེད་པའི་བློ་ཁ་གསར་པ་ཞིག་གི་སྒོ་མོ་ཕྱེས་ཤིང་།  སྐབས་ཐོག་འདིར་བོད་ལ་ན་གཞོན་གློག་བརྙན་དོན་གཉེར་པའི་རུ་དཔུང་གསར་པ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འཕྱུར་བཞིན་ཡོད་ལ།  ཁོང་ཚོའི་བློ་སྟོབས་དང་།  ལང་ཚོའི་གསོན་ཤུགས།  ཕུགས་བསམ་གྱི་ཆོད་སེམས།   ཤེས་བརྩོན་གྱི་འདུན་པས་ཕྱུག་པའི་གནས་སྟངས་གསར་པ་འདིས་མ་འོངས་ཁ་བ་གངས་རིའི་ལྗོངས་སུ་སྔ་ན་མེད་པའི་ཚོན་མདངས་གསར་པ་ཞིག་གི་དབུ་བསླངས་པ་ཡིན་ཞིང་།  བོད་ཀྱི་ཤེས་རིག་གི་ཉིང་བཅུད་དང་བོད་རིགས་མི་སྣའི་ངོ་མཚར་མཛེས་ཆོས་དག་འཛམ་གླིང་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་དངོས་སུ་ཤར་གཏོང་བྱེད་པའི་རྟགས་དང་རྟེན་འབྲེལ་འགྲིག་པའང་ཡིན་ནོ།།

                སྤྱིར་བཏང་གློག་བརྙན་བརྩམས་ཆོས་ཤིག་བཟོ་བ་ནི་རྩོམ་རིག་བརྩམས་ཆོས་ལྟ་བུའི་ལས་སླ་བོ་ཞིག་གཏན་ནས་མ་ཡིན་ཏེ། དཔེར་ན།  རྩོམ་རིག་བརྩམས་ཆོས་ནི་ཐ་སྙད་དང་ཚིག་གི་ཚོགས་པ་ཞིག་ཡིན་ཞིང་།  གློག་བརྙན་བརྩམས་ཆོས་ནི་གཟུགས་དང་སྒྲ་ཡིས་གྲུབ་པ་ཞིག་ཡིན་ཙང་།  སྔ་མ་ནི་གཙོ་བོ་རྩོམ་པ་པོ་གང་དེའི་བློ་རིག་གི་རྒྱབས་ལྗོངས་གཞིར་བྱས་པའི་སྟེང་ནས།  སྨྱུ་གུ་ཞིག་དང་འབྲི་དེབ་ཅིག་འཛོམས་པས་འཐུས་ལ།  ཕྱི་མ་ནི་འཁྲབ་གཞུང་གི་ལྕི་ཚད་གང་ཞིག་གི་སྟེང་།  འཁྲབ་ཁྲིད་ཀྱི་འཇོན་ནུས་དང་།  འཁྲབ་སྟོན་པའི་རྩལ་ནུས།  སྒྱུ་རྩལ་གྱི་ཁྱད་ཆོས།  དཔལ་འབྱོར་གྱི་འགྲོ་སོང་སོགས་གཞི་རྒྱ་ཧ་ཅང་ཆེན་པོའི་སྟེང་བཞེངས་སྐྲུན་བྱེད་པ་ཞིག་ཡིན་ཞིང་།  གློག་བརྙན་ཞིག་ཕབ་སྐྲུན་བྱེད་སྐབས།  དེའི་ཁྱབ་ཁོངས་སུ་རིགས་མི་འདྲ་བའི་ཕབ་སྐྲུན་ཚོགས་ཆུང་གང་མང་ཞིག་ཀྱང་འཛོམས་དགོས་ཏེ།  དཔེར་ན།  འཁྲབ་ཁྲིད་ཚན་ཁག་དང་།  བརྙན་ལེན་ཚན་ཁག   འཚོ་བའི་འགན་ལེན་ཚན་ཁག  འཁྲབ་ཆས་ཚན་ཁག  མཛེས་བཟོའི་ཚན་ཁག  སྒྲ་ལེན་ཚན་ཁག  འོད་ཀྱི་ཚན་ཁག་སོགས་སྣ་མང་པོས་གྲུབ་དགོས་པའི་གསར་རྩོམ་གྱི་རིམ་པ་མཐོ་ཤོས་ཤིག་ཡིན་པས་ན།  འདི་ནི་གང་འདོད་འདོད་ཀྱི་བསམ་པའི་རྗེས་འབྲང་ཙམ་ཞིག་གིས་འགྲུབ་པ་ཞིག་ཀྱང་མ་ཡིན་མོད།  འོན་ཏེ།  དེང་གི་བོད་རིགས་ན་གཞོན་བློ་སྟོབས་ཅན་གང་མང་ཞིག་གི་ཕྲག་སྟེང་ནས་ལས་ལམ་འདི་ལ་རླབས་རྒྱུན་གསར་པ་ཞིག་གི་འོད་འཕྲོ་འགོ་ཚུགས་ཀྱིན་ཡོད་པ་ནི་རེ་བའི་གནས་སོ།།   འདི་རིགས་སྐབས་དོན་གྱི་གླེང་བྱ་དང་བར་ཐག་ཅུང་ཉེ་བར་བཅར་ཆེད་མང་པོ་མི་འཕྲོས་པར་བྱ།

                  མཚམས་འདི་ནས་ཁོ་བོས་བོད་ཀྱི་གློག་བརྙན་རིག་གནས་ཀྱི་བགྲོད་ལམ་སྟེང་རེ་བའི་མིག་ཟུང་གཞན་ཞིག་གིས་བལྟ་བའི་ཁུལ་བགྱིས་ན།  སྤྱིར་བཏང་འཛམ་གླིང་གློག་བརྙན་བརྩམས་ཆོས་ཀྱི་གོང་ཐང་ལ་རིགས་ཆེན་པོ་གཉིས་ཀྱིས་ཕྱེས་པའི་༼ཚོང་ལས་གློག་བརྙན་༽商业片དང་༼རིགས་རྩལ་གློག་བརྙན་༽文艺片གྱི་རྣམ་པ་གཉིས་ཀྱི་སྣང་ཚུལ་ལས།  འོ་སྐོལ་གྱི་གློག་བརྙན་རིག་གནས་ཀྱི་ཆུ་འགོ་ནི་རིགས་རྩལ་གློག་བརྙན་ནས་ལམ་ལ་བུད་ཅིང་།  ལྟོས་བཅས་ཀྱིས་ཤེས་ལྡན་མི་སྣའམ་ཡི་གེ་བའི་སྡེ་ནས་དངོས་སུ་ལམ་བགྲོད་བྱས་པ་རེད།  དེ་བཞིན་དུ་རིགས་རྩལ་གློག་བརྙན་ནི་ད་གཟོད་འཛམ་གླིང་མིའི་རིགས་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་སྐྲུན་མཁན་དང་།  འགྲོ་བ་མིའི་རིགས་ལ་ཡར་སྐུལ་གྱི་ལམ་སྟོན་ཆེས་ཆེར་གནང་མཁན་ཡིན་ཙང་།  འོ་སྐོལ་གྱི་གློག་བརྙན་རིག་གནས་ཀྱི་ལམ་བགྲོད་གདམས་ཀ་འདིས་ལམ་ཁ་རྒྱ་ཆེན་པོ་དང་།  སེམས་རྒྱ་ཁོད་ཡངས་པོ།  རིག་གནས་ཀྱི་ཁྱད་ཆོས་གཏིང་ཟབ་པོའི་མངོན་རྟགས་དམིགས་བསལ་ཞིག་མཐོང་ནུས་ཤིང་།  བོད་ཀྱི་ན་གཞོན་གསར་པའི་གློག་བརྙན་དོན་གཉེར་མཁན་དག་གིས་མུ་རུ་རིགས་རྩལ་གློག་བརྙན་གྱི་ལམ་བགྲོད་སྟེང་ལྟ་གོན་དང་བསམ་གཞིགས་འགྲོང་གིན་ཡོད་པ་ནི།  མ་འོངས་པའི་ཁ་བ་གངས་རིའི་ལྗོངས་ཀྱི་ཞིང་ས་ནས་གློག་བརྙན་གྱི་རླབས་རྒྱུན་གསར་པ་ཞིག་འཕྱུར་བའི་སྔ་སྟས་བླ་ན་མེད་པ་ཞིག་ཡིན་ནོ་སྙམ།

           དེ་བཞིན་དུ་ཁོ་བོས་བསམ་ཚོད་ལ།  བོད་རིགས་ནི་ལོ་ངོ་བདུན་བརྒྱ་ལྷག་གི་རིང་མི་ཇུས་རིག་གནས་ཀྱི་བཙན་པོའི་གཡུལ་ས་རུ་སླེབས་མ་ཐུབ་པར་བློ་གྲོས་ཀྱི་དཔལ་ཡོན་མཐའ་དག་གི་བསམ་པའི་ཁོངས་རྣམས་ཆོས་སུ་མ་གྲུབ་པའི་ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་གི་འོག་དབང་སྡོམ་ཁོ་ནར་གཅུད་དེ་འགོར་ཡོད་ནའང་།  ད་ནི་བོད་ཀྱི་མི་རབས་གསར་པའི་རུ་དཔུང་འདི་རི་དྭགས་རྒོད་པོ་རྙི་ལས་ཤོར་བ་བཞིན་འཛམ་གླིང་གང་སར་གྱི་གར་སྟེགས་ཆེན་པོའི་སྟེང་དངོས་སུ་གོམ་བགྲོད་བྱེད་འགོ་ཚུགས་པ་འདིའི་ནང་དུ་དམིགས་བསལ་གྱི་ཟུངས་བཅུད་གཞན་ཞིག་ཡོད་པར་འདོད།  དེ་བཞིན་དུ་བོད་རིགས་ནི་མ་གཞི་ནས་རིག་གནས་ཀྱི་སྙིང་སྟོབས་ལྡན་པའི་རིགས་རྒྱུད་བཙན་པོ་ཞིག་ཡིན་པར་མ་ཟད།   བོད་མི་རེ་རེའི་རྒྱུད་ན་མཚན་ཉིད་རིག་པའི་བག་ཆགས་གཏིང་ཟབ་མོ་དང་འཛམ་གླིང་ཤར་ནུབ་ཀྱི་མིའི་ལུང་པ་སོ་སོ་རུ་ཡོད་དཀའ་བའི་བསམ་པའི་རིན་ཐང་རྒྱ་ཆེན་པོའི་རིག་གནས་ཀྱི་འཚོ་བཅུད་ཅིག་ཡོད་པར་ཁོ་བོས་ངོས་འཛིན་བྱེད། དེ་ལྟར་ལགས་ན།  འདི་འདྲའི་རིག་གནས་ཀྱི་རྒྱབ་ལྗོངས་གཏིང་ཟབ་མོ་ཞིག་གི་འཁར་བའི་སྟེང་ནས་བོད་ཀྱི་གློག་བརྙན་རིག་གནས་ཀྱི་ལམ་པ་གསར་པ་འདི་ལ་འཚོ་བཅུད་དམིགས་བསལ་འབྱུང་ངེས་ཤིང་།  ལྷག་དོན་རིག་རྩལ་གློག་བརྙན་གྱི་གཞི་ལམ་སྟེང་ངོ་མཚར་བློ་གྲོས་ཀྱི་ལྟད་མོ་འབྱུང་ངེས་པར་ཚོད་བགམ་ཆེན་པོས་བལྟས་པ་ཡིན།།

         འོན་ཀྱང་།  འཚོ་བའི་གནས་སྟངས་དམིགས་བསལ་བ་ཞིག་ཡིན་པ་དང་།  རིག་གནས་ཀྱི་རྒྱབ་ལྗོངས་ཁྱད་མཚར་བ་ཞིག་ཡིན་པ་ཙམ་གྱིས་གློག་བརྙན་ལེགས་པོ་ཞིག་འཁྱོངས་པའི་ངེས་པ་ནི་ཁྱོན་ནས་མེད་དེ།  གློག་བརྙན་སྒྱུ་རྩལ་ཟེར་བ་ནི་རིག་གནས་ཀྱི་ཁྱབ་ཁོངས་གཞན་ཞིག་ཡིན་པ་དང་།  འདི་ལ་ངེས་པར་དུ་གློག་བརྙན་བརྡ་སྤྲོད་ཀྱི་ཤེས་བྱ་འཛོམས་དགོས་པར་མ་ཟད།  གློག་བརྙན་བརྡ་སྤྲོད་ཀྱི་ཐིག་སྐུད་ལྟར་རིག་གནས་ཀྱི་སྣེ་མོ་དག་སྒྱུ་རྩལ་མཚོན་ཐབས་ཀྱི་ཤེས་ཡོན་འཛོམས་པོའི་སྟེང་ནས་སྦྲེལ་དགོས་པ་རེད།  དེ་བཞིན་དུ་གློག་བརྙན་ཟེར་བ་ནི་རིག་གནས་དང་ལག་རྩལ་གཉིས་ཀྱི་སྐྱ་འཐབས་པའི་ཐོན་འབྲས་ཤིག་ཡིན་ཙང་།  འདི་ལ་བསམ་པའི་རིག་གནས་རྐྱང་ཞིག་གིས་སྔོ་ཐོགས་པ་ཞིག་ཀྱང་མ་ཡིན་པར།  རིག་གནས་དང་།  ལག་རྩལ།  དཔལ་འབྱོར་སོགས་ཀྱི་མ་རྩ་མཐོན་པོའི་ངོས་ནས་བསྐྲུན་དགོས་པ་ཞིག་ཡིན་ཙང་།  ད་ལྟའི་བོད་ཀྱི་གཞོན་སྐྱེས་གློག་བརྙན་དོན་གཉེར་པ་ཚོས་གློག་བརྙན་བརྡ་སྤྲོད་ལ་ཧུར་ཐག་གིས་འབད་ཅིང་བརྩོན་བཞིན་ཡོད་པ་ནི།  བོད་ཀྱི་མ་འོངས་པའི་གློག་བརྙན་སྒྱུ་རྩལ་གྱི་ལམ་པའི་སྟེང་རླབས་རྒྱུན་གསར་པ་ཞིག་གི་ལྟ་གོན་མངོན་གྱིན་ཡོད་པ་རེད་པས།  འདི་ལ་འོ་སྐོལ་གྱིས་ང་རྒྱལ་དང་རེ་བའི་ལག་ཟུང་བགྲེང་འོས་པ་ལགས་སོ།།


          སེམས་ཁྲལ་ཞིག་དང་མཇུག་བསྡུ་བ།


          སྤྱིར་བཏང་བོད་ཀྱི་གློག་བརྙན་རིག་གནས་ཀྱི་བརྒྱུད་ལམ་ཐུང་ཐུང་འདི་ཡི་གྲུབ་འབྲས་ལ་མིག་བཤེར་ཞིག་བྱས་ཚེ་ཧ་ཅང་དགའ་འོས་ཤིང་རེ་བ་མཐོན་པོ་ཞིག་ཚོར་ཐུབ་ཅིང་།  ལྷག་དོན་ད་ལྟའི་དུས་སུ་གློག་བརྙན་དོན་གཉེར་མཁན་གྱི་མི་ཐོགས་གསར་པ་ཞིག་ནར་སོན་བཞིན་ཡོད་པ་ལ་བལྟས་ན་དེ་ལས་ཀྱང་རེ་བའི་ལྗང་སྨྱུག་གསོན་པོ་ཞིག་མཐོང་ཐུབ་མོད།  འོན་ཀྱང་།  ༼བཟང་སླ་ང་གང་ལ།  ངན་ཐོམ་བུ་གང་གིས་ལྷད་རྒྱག༽  ཅེས་པའི་དཔེ་ལྟར།  འོ་སྐོལ་གྱི་ལས་ལམ་འདི་ཡི་ཟུར་ངོས་གཞན་ཞིག་ནས།  དེང་གི་ཚན་རིག་ལག་རྩལ་གྱི་ཐོན་རྫས་སྟབས་བདེ་མོ་གང་མང་ཞིག་འཇིག་རྟེན་དུ་སྐྲུན་པ་དང་མཉམ་དུ།  བརྙན་ལེན་འཕྲུལ་ཆས་དང་ཁ་པར་གྱི་ཡོ་བྱེད་སོགས་ཧ་ཅང་སྟབས་བདེའི་ལག་ཆ་གང་མང་ཞིག་མི་རེ་རེའི་ལག་ཏུ་ཐོགས་པ་ལ་བརྟེན་པའི་རྐྱེན་དེས།  སྐབས་བབ་འདིར་བོད་ཀྱི་ཡུལ་ལུང་སོ་སོ་རུ་བརྙན་བཟོ་ཡི་ལས་ཀ་སྣ་ཚོགས་ཤིང་གྲངས་མང་པོ་ཞིག་འབྱུང་གིན་ཡོད་ལ།  དེའི་བརྒྱ་ཆའི་མང་ཕྱོགས་ནི་ཁ་གཏད་ཡུལ་གང་ཡང་མེད་པར་མུན་ནག་འགོ་འཁོར་གྱི་ལས་སུ་འགྱུར་གྱིན་ཡོད་པ་དང་།  སྣང་ཚུལ་འདི་ཡིས་བོད་ཀྱི་གློག་བརྙན་གྱི་ལམ་པ་གསར་པའི་སྟེང་འབག་བཙོག་གི་ཉེན་ཚབས་ཤིག་འབྱུང་ངེས་ཀྱི་སེམས་ཁྲལ་ཞིག་སྐྱེས་ཡོང་།  གཅིག་བྱས་ན་ཁོ་བོའི་སེམས་ཁྲལ་འདི་སེམས་ཁྲལ་ལྷག་མ་ཞིག་ཀྱང་ཡིན་པར་ངེས་མོད།  དེ་ལྟར་ཡིན་ན་རང་སོར་བཞག་པས་འཐུས་པ་རེད།

             སྤྱིར་རང་ཅག་གི་ཚན་རྩལ་རིག་གནས་ཀྱི་གནས་བབ་རབ་ཏུ་རྗེས་ལུས་ཡིན་པའི་སྐབས་བབ་འདིར།   ཟུར་སྣ་ཚོགས་ནས་བརྙན་བཟོ་སོགས་ཚན་རྩལ་གྱི་ལས་རིགས་གྲངས་མང་པོའི་སྟེང་ནས་ཚོད་ལྟ་དང་སྦྱོང་བ་བྱེད་པ་ནི་ད་ལྟའི་གནས་སྟངས་འདིའི་ཆེས་ཁ་ཚ་དགོས་གཏུགས་ཀྱི་འགན་ཁུར་ཆེན་པོ་ཞིག་ཀྱང་ཡིན་མོད།  འོན་ཀྱང་།  ཟུར་གཞན་ཞིག་ནས་བསམ་བློ་བཏང་ཚེ།  གློག་བརྙན་རིག་གནས་ཟེར་བ་དེ་བྱ་དངོས་གང་ཞིག་བརྙན་དུ་ཕབ་པ་དང་མི་སྣ་གང་ཞིག་གི་གཏམ་རྒྱུད་རབ་རིབ་ཅིག་བརྗོད་པ་ཙམ་གྱིས་འགྲིབ་ཐུབ་པ་ཞིག་གཏན་ནས་མ་ཡིན་པ་དེ་ཁོ་བོས་ཚན་པ་སྔོན་མ་དག་གི་ནང་དུ་མདོར་བསྡུས་ཤིག་ཞུས་ཟིན་པ་ནང་བཞིན།   གློག་བརྙན་བརྩམས་ཆོས་ཤིག་བཟོ་བ་ནི་དོན་གྱིས་ཆ་རྐྱེན་སྣ་ཚོགས་པ་ཞིག་འཛོམས་དགོས་པ་གཞིར་བཞག་གི་སྟེང་ནས་གྲུབ་པ་ཡིན་པ་དང་།  འདི་ལ་ངེས་པར་དུ་ཆེད་སྦྱོང་གི་ལམ་པ་བརྒྱུད་མ་ཐུབ་ཚེ་ལས་རིགས་འདི་ལེགས་པོ་ཞིག་འཁྱོངས་བ་ནི་བརྗོད་ཁག་པོ་རེད་འདུག    དེང་གི་དུས་འདིར་བོད་ཀྱི་ཡུལ་ལུང་གང་ཡིན་སར་ནས་བརྙན་རིང་བརྙན་ཐུང་གང་མང་ཞིག་བཟོ་སྐྲུན་བྱས་ཏེ་གང་འདོད་དུ་དྲྭ་བར་གཏོར་གྱིན་ཡོད་ལ།  དེ་དག་ལ་༼བོད་ཀྱི་གློག་བརྙན་༽ཅིག་ཅིག་གོ་ཞེས་ཤར་གཏོང་བྱེད་ཀྱིན་ཡོད་པ་ནི།  ཕྱོགས་གཅིག་ནས་དགའ་འོས་པ་ཞིག་ཡིན་མོད།  ཕྱོགས་གཞན་ཞིག་ནས་ཞིབ་ཀྱིས་བསམ་ན་དེ་དག་ནི་མང་ཆེར་གང་འདོད་འདོད་ཀྱིས་བཟོས་པ་ཤ་སྟག་དང་།  ཡང་ན་ཡུལ་ལྗོངས་དང་མི་སྣའི་འགུལ་སྐྱོད་གང་ཞིག་བརྙན་དུ་ཕབ་པ་ཙམ་ལས་དེ་ཡི་ངོས་ནས་གློག་བརྙན་ཞེས་པའི་ཚོན་མདངས་ཤིག་ལར་ནས་མཐོང་རྒྱུ་མེད་པ་ནི་དངོས་གནས་རབ་ཏུ་སྐྱོ་བའི་གནས་སོ།།  དེ་དག་གི་རྐྱེན་ནི་གཙོ་བོ་རང་ཅག་ལ་མ་གཞི་ནས་གློག་བརྙན་རིག་གནས་ཀྱི་བློ་སྦྱོང་མེད་པ་དང་།  འདི་ལ་ཆེད་སྦྱོང་གི་གོམ་ཁ་བགྲོད་མ་ཐུབ་པའི་རྐྱེན་དེ་དག་གིས་ད་གཟོད་འདི་རིགས་གློག་བརྙན་དུ་མ་གྲུབ་པ་ལོས་ཡིན།  ཁོ་བོར་འདི་ནས་སེམས་ཁྲལ་གཞན་ཞིག་འབྱུང་གིན་ཡོད་པ་ནི་ལས་སྦྱོར་འདི་རིགས་ཀྱི་གྲངས་ཀྱི་མང་ཚད་དང་རྒྱུ་སྤུས་ཞན་དྲགས་པ་སོགས་ཀྱི་གནད་དོན་འདིས།  ནམ་ཞིག་འཛམ་གླིང་བརྒྱད་འཚོལ་ཆེན་པོའི་དྲྭ་བ་ལས་བོད་ཀྱི་གློག་བརྙན་ཞེས་འཚོལ་བའི་ཚེ་ན།  ཅི་ཡིན་འདི་ཡིན་མེད་པའི་ཉ་ཉོག་དེ་དག་གིས་འཚང་ཁ་རྒྱབ་ཡོང་དུས་ད་གཟོད་བོད་ཀྱི་གློག་བརྙན་ཟེར་བ་ནི་དམིགས་བསལ་གྱི་མཐོང་ཚོར་གང་ཡང་མེད་པར་ཉོག་རྫོབ་ཏུ་མི་འགྲོ་པའི་ངེས་པའང་ཁྱོན་ནས་མེད་དོ།།   དཔེར་ན་ད་ལྟའི་རྒྱ་ནག་གི་གློག་བརྙན་ལས་རིགས་ཁྲོད་གནད་དོན་འདི་རིགས་བྱུང་དང་འབྱུང་བཞིན་པ་ཡིན་ཏེ།  སྤྱིར་རྒྱ་ནག་ལ་ངེས་དོན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་བཟོ་སྐྲུན་པ་སྐོར་ཞིག་ཡོད་མོད།  འོན་ཀྱང་།  སྤྱིའི་སྤུས་ཚད་ལ་བསམ་བློ་གཏོང་མི་ཐུབ་པའི་རྒྱ་རིགས་མང་པོ་ཞིག་གིས་གང་འདོད་ཀྱི་བརྙན་མིག་མང་པོས་ཡུལ་ཁམས་བཀང་པ་དེས།  ད་ལྟའི་འཛམ་གླིང་གར་སྟེགས་སྟེང་ནས་ཀྲུང་གོའི་གློག་བརྙན་ཞེས་དམིགས་བསལ་གྱི་དཔེ་འཇོག་ས་ཞིག་ཧ་ཅང་རབ་རིབ་ཏུ་ཆགས་ནས་ཡོད་པ་འདི་ནི་ང་ཅག་གིས་བསམ་གཞིགས་འགྲོང་དགོས་པའི་གནད་དུ་མཐོང་།

                  ངོས་ཀྱིས་བསམ་འདུན་ནི།  གལ་ཏེ་གློག་བརྙན་རིག་གནས་ལ་དགའ་བ་དང་སྤྲོ་བ་ཡོད་པ།  ཕུགས་འདུན་དང་བློ་དཀར་ཡོད་པ་ཞིག་ཡིན་ཚེ།   འདི་ལ་ངེས་པར་དུ་ཆེད་སྦྱོང་གི་གོམ་བགྲོད་བྱེད་རྒྱུ་དང་།  མ་མཐའ་ཡང་གློག་བརྙན་བརྡ་སྤྲོད་ལ་རྒྱུས་མངའ་ཡོད་པ་ཞིག་བྱེད་དགོས་པར་འདོད་ལ།  ད་ལྟའི་ང་ཅག་གི་གནས་སྟངས་ལྟར་གང་འདོད་འདོད་དུ་གློག་བརྙན་ཡིན་ནོ་ལོ་དག་བཟོ་བ་དང་དེ་དག་དྲྭ་བར་སོགས་སུ་ཤར་གཏོང་བྱེད་པ་འདི་ལ་བསམ་ན།  སྐོར་ཞིག་གིས་ལྷག་བསམ་རྣམ་དག་གིས་བཟོ་བཞིན་ཡོད་པ་ལོས་ཡིན་མོད།  འོན་ཀྱང་ཁོང་ཚོར་གློག་བརྙན་བརྡ་སྤྲོད་སོགས་ཀྱི་སྦྱོང་བ་མེད་རྐྱེན་ལེགས་པོ་འཁྱོངས་ཀྱིན་མེད་པ་རེད་ལ།  ཁག་གཅིག་གིས་གློག་བརྙན་ཟེར་བ་ནི་རྩེད་ཆས་ལྟ་བུ་ཞིག་གི་ངོས་འཛིན་སྟེང་ནས་གང་འདོད་ཀྱི་བརྙན་བཟོས་རེར་བོད་ཀྱི་གློག་བརྙན་ནོ་ཞེས་པའི་མིང་ཆེན་རེ་བཏགས་ནས་དྲྭ་བར་སོགས་སུ་རྒྱ་ཡན་དུ་གཏོང་གིན་ཡོད་པ་ནི་ཧ་ཅང་བསམ་བློ་གཏོང་དགོས་པའི་གནད་དུ་མཐོང་།  སྤྱིར་ལས་ལམ་འདི་ལ་གཙང་མ་ཡང་མ་ཞིག་འཇུག་དགོས་ཟེར་ན་ཧ་ཅང་འབྱུང་ཁག་པའི་ལས་ཤིག་ལོས་ཡིན་མོད།  འོན་ཀྱང་།  གློག་བརྙན་ལས་རིགས་ལ་བློ་དཀར་མཁན་དང་བསམ་གཞིགས་ནད་མོ་གཏོང་ནུས་མཁན་དག་གིས་འབག་བཙོག་འདི་རིགས་ཟུར་དངོས་གང་རུང་ནས་སྐྱོབ་ཐབས་བྱེད་པའི་འབོད་སྐུལ་ཞུས་པ་ཡིན་ལ།  མཐར་བོད་ཀྱི་གློག་བརྙན་རིག་གནས་ཀྱི་མདུན་མ་རིང་མོ་རྒྱལ་ཁའི་ངང་ནས་མུ་ནས་མུ་རུ་བསྟན་པ་རྒྱས་གྱུར་ཅིག་ཅེས་སྨོན་འདུན་ཞུས་པའོ།།

     

2016ལོའི་ཟླ་4བའི་ཚེས་30ཉིན་པེ་ཅིང་དུ་བྲིས།

དཔྱད་མཆན་ཡོད།