སློབ་གསོའི་གློག་བརྙན་གྲགས་ཅན་གཉིས་ལ་བལྟས་རྗེས་ཀྱི་མྱོང་སྣང་།

རྒྱ་གར་གྱི་སློབ་གསོའི་གློག་བརྙན་གྲགས་ཅན"དགེ་རྒན་གག་གག"དང"སའི་གོ་ལའི་སྟེང་གི་སྐར་མ་བོད་འགྱུར་མ"གཉིས་ལ་བལྟས་རྗེས་ཀྱི་མྱོང་སྣང་།  

  

"འཇིག་རྟེན་ན་དགེ་རྒན་ངན་པ་ཡོད་པ་ལས་སློབ་མ་ངན་པ་མེད"


640.jpg

1

     དགེ་རྒན"གག་གག"ཅེས་པའི་གློག་བརྙན་འདི་ལ་རང་ཁྱིམ་ནས་རང་ཉིད་གཅིག་པུས་ལྷིང་འཇགས་ཀྱི་ངང་ནས་བལྟས་པ་ཡིན།   དངོས་གནས་མིག་ཆུ་སེམས་ནང་དུ་འགྲིལ་བར་བྱེད་པའི་གློག་བརྙན་ཞིག་རེད།  རང་ངོས་ནས་སའི་གོ་ལའི་སྟེང་གི་སྐར་མ་ལས་ཀྱང་མི་སེམས་ཧྲུག་ཧྲུག་སྒུལ་ཐུབ་པའི་གློག་བརྙན་ཞིག་རེད་བསམ་བྱུང་། གློག་བརྙན་འདི་ནི་བྱིས་པ་ཞིག་གི་ཆུང་དུས་ཀྱི་དཀའ་སྡུག་དང་འཚར་ལོངས་ཁྲོད་ཀྱི་བར་བགེགས། ནར་སོན་ཏེ་དགེ་རྒན་བྱེད་འདོད་པའི་སེམས་འདུན་དང་དགེ་རྒན་བྱས་རྗེས་ཀྱི་མི་ཚེའི་དམིགས་འབེན་སོགས་ཅིག་ཅར་མཚོན་པའི་གཟུགས་བརྙན་ཞིག་རེད་འདོད།

       དགེ་རྒན"གག་གག"ནི་སྐྱིག་པའི་ནད་བྱུང་ཡོད་པའི་བུད་མེད་ཅིག་ཡིན་ལ།  མོ་ལ་ཆུང་དུས་ནས་ནད་དེ་བྱུང་ཡོད་པས་སློབ་གྲོགས་དང་ཤ་ཉེ།མདོར་ན་སྤྱི་ཚོགས་སྟེང་འཕྲད་སྲིད་པའི་མི་ཡོད་དོ་ཅོག་གི་འཕྱ་སྨོད་བྱེད་ཡུལ་དུ་གྱུར།  སྐར་ཆ་འགའ་ཡི་ནང་ལ་མོའི་མིད་པའི་ནང་ནས"གག་གག"ཅེས་པའི་སྒྲ་དེ་འབྱུང་བ་ལ་རང་དབང་དང་ཚོད་འཛིན་ཅི་ཡང་བྱེད་མི་ཐུབ། དེ་བས་བྱིས་དུས་སློབ་ཁང་དང་ཟ་ཁང་། མི་མང་འདུས་ས་བཅས་ནས་ཀུན་གྱིས་འཕྱ་སྨོད་དང་སྡིགས་དམོད་ཀྱི་གནས་སུ་གྱུར།   ཐ་ན་སློབ་ཁང་དང་སློབ་གྲྭའི་ནང་ནས་ཕྱིར་འཕུད་བཏང་བའང་ཁ་གྲངས་མེད།  ཡིན་ན་ཡང་མཐའ་མཇུག་དགེ་རྒན་ཞིག་གིས་མོ་ལ་བརྩི་བཀུར་དང་ཡིད་ཆེས་སྤྲད་པས་མོ་རང་དགེ་རྒན་བྱེད་པའི་ཕུགས་བསམ་གྱི་ཀློང་ནས་འཚར་ལོངས་བྱུང་ཐུབ་སོང་།     

     མོ་རང་འཚར་ལོངས་བྱུང་རྗེས་བྱ་བ་འོས་འཚམ་རེ་རག་ཐུབ་ཀྱང་མོའི་སེམས་འདུན་ནི་ཡིན་གཅིག་མིན་གཉིས་དགེ་རྒན་བྱེད་དགོས་པ་དེ་རེད།  དེ་བས་ལོ་ཟླ་ཁ་ཤས་ཤིག་ལ་མོས་སློབ་གྲྭ་ཉི་ཤུ་ལྷག་ལ་རེ་འདུན་ཡི་གེ་སྤྲད་ཀྱང་མོ་ཡི"ནད"དེ་མཐོང་རྗེས་སློབ་གྲྭ་གཅིག་གིས་ཀྱང་མོ་རང་བསྡུ་ལེན་བྱས་མ་སོང་།   སློབ་གྲྭ་དེ་དག་གིས་ཁྱོད་ཀྱི་མིད་པའི་ནང་ནས་སྐར་ཆ་རེ་འགའི་ནང"གག་གག"ཅེས་པའི་སྒྲ་དེ་འབྱུང་བས་ན་ཁྱོད་ཀྱིས་སློབ་ཁྲིད་བྱེད་ཐབས་མེད་ཅེས་སྡོམ་ཚིག་བཀོད།  དེའི་ཁྲོད་མོ་ལ་ད་དུང་ཁྱིམ་མི་རྣམས་ཀྱིས་ཀྱང་གནོན་ཤུགས་བསྩལ་པས་ཐབས་ཟད་འུ་ཐུག་ཏུ་གྱུར།  ཡིན་ན་ཡང་མོ་རང་གི་རྒྱུན་འཁྱོངས་དང་སེམས་ཤུགས་ཀྱི་དབང་གིས་སློབ་གྲྭ་ཞིག་གིས་མོ་རང་དགེ་རྒན་དུ་བསྡུ་བར་འཐད་པ་བྱུང་ནས་ཚོད་ལྟ་བྱེད་དུ་བཅུག  

     ཁོ་མོ་དགའ་ཐག་ཆོད་ནས་སློབ་གྲྭ་དེ་གར་དགེ་རྒན་བྱེད་དུ་སོང་།   ཡིན་ན་ཡང་སློབ་གྲྭ་དེས་མོ་རང་སློབ་གྲྭའི་འཛིན་གྲྭ་ཆེས་མཐའ་རྡུགས་ཤིག་གི་དགེ་རྒན་བྱེད་དུ་བཅུག  འཛིན་གྲྭ་དེའི་མིང་ལFའཛིན་གྲྭ་ཟེར།   འཛིན་གྲྭ་དེའི་ནང་གི་སློབ་མ་དག་ས་དེའི་ཁྱིམ་ཚང་ཆེས་དབུལ་བོ་དག་གི་བྱིས་པ་ཡིན་པ་མ་ཟད་ཁ་རྒྱ་མགོ་རྒྱ་དང་ངན་ལངས་སྐྱག་ལངས་སུ་ཤོར་བའི་བྱིས་པ་པྲ་ཚགས་ཏག་ཏག་ཀྱང་རེད།  དེ་བས་སློབ་གྲྭ་དེ་ན་འཛིན་གྲྭ་དེའི་དགེ་རྒན་བྱེད་མཁན་མེད་ལ་འཛིན་གྲྭ་དེའི་སློབ་མ་དག་མིག་ནང་ལ་འཇོག་མཁན་གྱི་དགེ་རྒན་དང་སློབ་མའང་མེད།གནས་ཚུལ་དེ་སློབ་གཙོས་དགེ་རྒན"གག་གག"ལ་བརྗོད་ཀྱང་དགེ་རྒན"གག་གག"གིས་སློབ་མ་དེ་ཚོར་བསྒྱུར་བཅོས་གཏོང་ཐུབ་པའི་ཡིད་ཆེས་དང་སེམས་ཤུགས་ཀྱིས"འཇིག་རྟེན་ན་དགེ་རྒན་ངན་པ་ཡོད་པ་ལས་སློབ་མ་ངན་པ་མེད"ཅེས་བཤད།

      Fའཛིན་གྲྭ་ཡི་སློབ་མ་དག་ནི་རིག་པ་རྒོད་ཅིང་ཁ་མཚུངས་གྲོས་འགྲིག་གི་སློབ་མ་ཁག་ཅིག་རེད།  ད་དུང་ཁོ་ཚོ་ཚང་མ་ཁྱིམ་ཚང་དབུལ་བོ་ཡིན་པས་ཡུལ་ནས་ལས་ཀར་བརྩོན་ཞིང་ནང་སེམས་གཉོམ་པོའི་སློབ་མ་རྐྱང་རྐྱང་རེད།  ཡིན་ཡང་ཁོ་ཚོར་དམུ་རྒོད་དང་ཨུ་ཚུགས།པྲ་ཚགས་ཀྱི་ཆ་ཞིག་ཀྱང་འདུག་པས་འཛིན་གྲྭ་འདི་མཐོང་དུས་ངས་ང་ཚོ་བོད་ཀྱི་སློབ་མ་དག་གི་སྣང་བརྙན་ཡང་མཐོང་ཐུབ་པའི་ཚོར་བ་འདུག  ཁོ་ཚོ་ནི་དངོས་གནས་སློབ་གསོའི་རྨང་གཞི་མེད་ཅིང་སློབ་སྦྱོང་གི་འདུ་ཤེས་ཀྱང་ཞན་པའི་ང་ཚོ་འབྲོག་ཁུལ་གྱི་འབྲོག་ཕྲུག་ཚོ་དང་ཆ་འདྲ་བར་འདུག   དགེ་རྒན"གག་གག"སློབ་ཁང་ནང་དུ་ཐོན་དུས་ཁོ་ཚོས་ཐེངས་འདིའི་དགེ་རྒན་འདི་ང་ཚོའི་དགེ་རྒན་བྱས་ནས་ཉིན་ག་ཚོད་ལ་འདུག་ཐུབ་མིན་གྱི་སྐོར་ནས་རྒྱལ་འཇོག་གིན་འདུག  ཁོ་ཚོ་ཚང་མས་དགེ་རྒན་འདི་ཉིན་མང་བོར་སྡོད་མི་ཐུབ་པ་ཐག་གཅོད་བྱེད་བཞིན་འདུག  དགེ་རྒན༼གག་གག༽གིས་ཚུལ་དེ་མཐོང་བས་ཁོ་མོས་ཀྱང་སློབ་མ་ཚོར་རང་ཉིད་གཏན་དུ་འཛིན་གྲྭ་འདིར་འདུག་རྒྱུ་ཡིན་པའི་རྒྱལ་བཞག་པ་རེད།

       འཛིན་གྲྭ་འདིའི་སློབ་མ་དག་གིས་འཕྱ་སྨོད་དང་བརྙས་བཅོས་ཀྱི་ཐབས་སྣ་ཚོགས་བཀོལ་ནས་དགེ་རྒན"གག་གག"བདའ་ཨེ་ཐུབ་ཀྱི་བློ་འཐེན་ཀྱང་ལེགས་འགྲུབ་མ་བྱུང་།  རིམ་བཞིན་མོའི་སློབ་ཁྲིད་ཀྱི་ཐབས་ལམ་དང་གཤིས་སྤྱོད་ལ་སློབ་མ་ཚོ་མི་དགའ་རང་དགར་གྱུར།  ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་བྱེད་ཐབས་མང་པོས་སློབ་མ་དག་གི་ནང་སེམས་སྒུལ།  ཡིན་ན་ཡང་སློབ་གྲྭའི་ནང་གི་དགེ་རྒན་དང་སློབ་མ་དག་གི་འགྲན་རྩོད་དང་ངན་སེམས། འཛིན་གྲྭའི་ནང་གི་སློབ་མ་ཞིག་གི་ཕྲག་དོག་དང་གཏོར་བརླག་ཅིག་གིས་འཛིན་གྲྭ་འདི་སློབ་གྲྭའི་ནང་ནས་ཕྱིར་འཕུད་བཏང་།  དགེ་རྒན"གག་གག"གིས་བྱེད་ཐབས་དང་ཞུ་བ་བྱས་ཏེ་སློབ་མ་ཚོ་མཐའ་རྒྱུགས་ལ་ཞུགས་ཆོག་པ་དང་། གཟེངས་བསྟོད་བྱ་དགའི་སྟེང་ཞུགས་ཆོག་པ།གཟེངས་བསྟོད་དཔང་ཡིག་ཐོབ་ཆོག་པའི་དབང་ཆ་བླངས་ཏེ་སློབ་གྲྭ་ལས་ཕྱིར་བུད།

     འཛིན་གྲྭ་ཕྱིར་བཕུད་བཏང་རྗེས་མོ་རང་ཡང་རང་ཡུལ་ལ་ལོག  འཛིན་གྲྭའི་ནང་གི་སློབ་མ་དེས་རང་སྐྱོན་ངོས་ལེན་བྱས་ཏེ་ཁོ་ཚོ་ལྷག་བསམ་རྣམ་དག་གིས་དགེ་རྒན"གག་གག"འཚོལ་དུ་སོང་།   དེ་ནས་ཁོ་ཚོས་དགེ་རྒན་དང་མཉམ་དུ་ཕྱི་ནས་སློབ་སྦྱོང་ལ་འབད་བརྩོན་བྱས།མཇུག་མཐར་དཀའ་སྡུག་དང་བར་ཆར་མང་པོ་བཟློག་སྟེ་ཁོ་ཚོའི་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཀྱིས་སློབ་མ་དག་ཕྱིར་སློབ་གྲྭར་འབྱོར་ཞིང་Fའཛིན་གྲྭར་གཟེངས་བསྟོད་བྱ་དགའ་ཐོབ།  

       གློག་བརྙན་འདིས་དགེ་རྒན་ནི་མ་གཞི་ནས་བརྩོན་པ་དང་ཡོན་ཏན་གྱིས་ཕྱུག་དགོས་པ་མ་ཟད་ལྷག་བསམ་དང་གཞན་ཕན།   སེམས་ཤུགས་བཅས་དགོས་པ་བསྟན་ཞིང་དགེ་རྒན་བྱེད་པའི་སེམས་གཙང་མ་དང་སློབ་མར་དགའ་བའི་ཡིད་དྭངས་མ་དེ་ཡོད་ཚེ་ཕྱི་རོལ་གྱི་རྒྱུ་རྐྱེན་གང་གིས་ཀྱང་ཁྱོད་ཀྱི་རླབས་ཆེན་གྱི་བྱ་བཞག་ལ་བཀག་འགོག་བྱ་མི་ཐུབ་པ་བསྟན་ཡོད་སྙམ།

 ༥༥.jpg

2

      སའི་གོ་ལའི་སྟེང་གི་སྐར་མ་ཞེས་པའི་བོད་སྐད་ཀྱི་འོད་སྡེར་འདི་ལག་ལ་འབྱོར་རྗེས་གྲོགས་གུ་རུ་འོད་གསལ་དང་ངེད་ཀྱིས་རྫོང་སློབ་ཆུང་དང་པོའི་ཉལ་ཁང་གི་སློབ་མ་ཚོའི་ཟ་ཁང་ནང་དུ་བསྟན་ཞིང་ཕལ་ཆེར་སློབ་མ་ཉིས་བརྒྱ་ལྷག་འདུག  གློག་བརྙན་འདི་ནི་བྱིས་པའི་འཆར་ཡན་དང་བསམ་གཞིག་གི་བར་སྟོང་བརྗོད་གཞི་བྱས་ཤིང་དགེ་རྒན་དང་ཁྱིམ་བདག་གིས་བྱིས་པར་རྒྱུས་ལོན་དང་ཁ་ཕྱོགས་ཡག་པོ་སྟོན་འོས་པ་ཤུགས་བརྗོད་བྱས་ཡོད་པ་ཞིག་རེད་སྙམ།  གློག་བརྙན་འདི་ནི་ལོ་ན་བརྒྱད་ཅན་གྱི་སློབ་གྲོགས་ཡེ་ཤེས་ལ་རང་གི་འཇོན་ཐང་དང་ཕུགས་འདུན་ཡོད་ནའང་། ཁོ་རང་ཡི་གེ་སྦྱོར་ཀློག་གི་དཀའ་ངལ་འཕྲད་པས་སློབ་སྦྱོང་ལ་ཇེ་ཞན་དང་རྒྱུགས་འབྲས་དམན་པས་ཀུན་གྱིས་གཙེས་ཡུལ་དུ་གྱུར། ཁོའི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་དང་ཁོ་ལ་རོགས་རམ་བྱེད་མཁན་གཅིག་ཀྱང་མ་ཡོད་པ་མ་ཟད། ཁོའི་ཨ་ཕས་ཁོ་ནི་པྲ་ཚགས་ཤིག་ཡིན་པར་འདོད་དེ་ཁོ་རང་ཡུལ་དང་ཁ་ཐག་རིང་སའི་བཅའ་སྡོད་སློབ་གྲྭར་བསྐྱལ། སློབ་གྲོགས་ཡེ་ཤེས་བཅའ་སྡོད་སློབ་གྲྭར་བསྐྱལ་བ་ནི་ཁོ་རང་ལ་མཚོན་ན་སྡུག་བསྔལ་དང་ན་ཟུག་བཟོད་གླགས་མེད་པ་ཞིག་ཡིན་ལ་ཁོའི་སེམས་སུ་དེ་ནི་ཕ་མས་རང་ལ་ཆད་པ་བཅད་པ་རེད་སྙམ།དུས་དེ་ནས་ཁོ་ནི་ནང་སེམས་ཁེར་རྐྱང་དང་ཕྱི་རོལ་ལ་དངས་སྐྲག་སྐྱེས་པའི་བྱིས་པ་ཞིག་ཏུ་བསྒྱུར།

          གློག་བརྙན་འདི་ལ་བལྟ་དུས་ངས་སློབ་མ་དག་ལ་ཆེད་དུ་མཉམ་བཞག་པ་ཡིན། འདི་གར་ཡོད་པའང་བཅའ་སྡོད་སློབ་མ་ཏག་ཏག་ཡིན་པས་ཁོ་ཚོའི་ཁྲོད་ཀྱང་སློབ་གྲོགས་ཡེ་ཤེས་བཞིན་དགེ་རྒན་དང་ཁྱིམ་མིས་རྒྱུས་ལོན་བྱེད་མི་ཐུབ་པའི་སློབ་མ་ཁ་ཁེར་ཡོད་པ་ཡིད་ཚོད་བྱེད་ཐུབ།  ཁོ་ཚོ་ཚང་མ་དགེ་རྒན་ཉི་ཁོ་ལ་སེམས་གཏིང་ནས་དགའ་བཞིན་འདུག  དགེ་རྒན་ཉི་ཁོ་ནི་སློབ་གྲོགས་ཡེ་ཤེས་མུན་ནག་གི་ཞིང་ཁམས་ནས་སྐྱོབ་མཁན་ཡིན་པས་རེད།           ཡེ་ཤེས་ནི་སྤྱིར་བྱིས་པ་ཡ་རབས་དང་རིག་དྭངས་ཤིག་ཡིན་ནའང་། ཁོའི་མཚར་སྣང་དང་དགའ་ཕྱོགས་ལ་མི་དར་མ་དག་གིས་སྣང་འཇོག་མ་བྱས་པ་མ་ཟད་རྒྱབ་སྐྱོར་ཡང་ག་ལ་བྱེད། མཐའ་གཅིག་ཏུ་རྒྱུགས་སྐར་མི་བཟང་ལ་དམིགས་ཏེ་ཁོ་རང་མུན་པའི་ནང་དུ་དེད།  ཁོ་རང་སློབ་སྦྱོང་ལ་མི་བཟང་བའི་གནད་དོན་གྱི་རྩ་བ་དེའང་དགེ་རྒན་ཉི་ཁོ་ལ་ཐུག་རག་བར་མི་གཅིག་གིས་ཀྱང་ཞིབ་མཇུག་མ་བྱས།  དོན་ངོ་མར་ང་ཚོའི་སྤྱི་ཚོགས་ནའང་འདི་ལྟར་མི་དར་མ་དག་གི་བསམ་གཞིག་གིས་མ་ལོངས་པར་ལོག་ལམ་དུ་འགྲོ་བཞིན་བྱིས་པ་ག་ཚོད་ཡོད་དམ།

         དེ་བཞིན་སློབ་གྲོགས་དག་གིས་ཁོ་རང་མི་གྲལ་དུ་མ་བཞག་པ་དང་དགེ་རྒན་ཚོས་ཀྱང་ཁོ་ལ་ཤ་ཚ་མ་བྱས་པས་སློབ་གྲོགས་ཡེ་ཤེས་ཀྱི་ནང་སེམས་ཉེན་ཁ་ཆེན་པོ་ཞིག་དང་འཕྲད།སྤྲོ་སྣང་མེད།  མཚར་སྣང་མེད།  ཡིད་ཆེས་མེད།  གསོན་ཤུགས་མེད།  བརྩེ་བ་མེད།  དྲོད་ཁོལ་མེད།  འདི་དག་མེད་པར་བྱིས་པ་ཞིག་འཚར་ལོངས་འབྱུང་བ་ནི་ཇི་འདྲའི་འཇིགས་སྐྲག་དང་སྐྱོ་སྡུག་གི་དོན་དག་ཅིག་རེད།  འདི་དག་རྩ་མེད་དུ་གཏོང་མཁན་མི་དར་མ་དག་ལ་ཡིན་ལ་འདི་དག་འོད་བཞིན་འཕྲོས་སུ་འཇུག་ཐུབ་པའང་མི་དར་མ་དག་ཡིན་པས་དགེ་རྒན་དང་ཕ་མ་ཟེར་བའང་མིང་ཙམ་ཡིན་པས་ག་ལ་ཆོག            མཇུག་མཐར་དགེ་རྒན་ཉི་ཁོའི་ལྷག་བསམ་དང་སེམས་ཁུར།  བསམ་གཞིགཞིབ་འཇུག  བྱེད་ཐབས།  མཛུབ་སྟོན།  སྐུལ་མ་བཅས་ཀྱི་འོག་ནས་སློབ་གྲོགས་ཡེ་ཤེས་ཀྱིས་སྔོན་ཆད་ཀྱི་རང་ཉིད་རྙེད་ཅིང་ཁོའི་ཕ་མ་གཉིས་ཀྱིས་ཀྱང་རང་སྐྱོན་ལ་ངོས་ཟིན་ཐོབ།དགེ་རྒན་ཉི་ཁོས་ཁོ་ལ་རང་ཉིད་ཀྱི་འཇོན་ཐང་མངོན་སའི་སྟེགས་བུ་མཁོ་སྤྲོད་བྱས་པས་སློབ་གྲོགས་ཡེ་ཤེས་ཀྱིས་དགེ་སློབ་ཡོངས་ཀྱི་རི་མོའི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དེས་ཁོའི་མི་ཚེ་ལ་ཁ་ལོ་བསྒྱུར།   ད་དུང་སློབ་གྲྭ་དེ་གའི་དགེ་སློབ་ཡོངས་ལ་བསམ་གཞིག་གི་བར་སྟོང་ཆེན་མོ་ཞིག་སྦྱིན་ནོ།།

3    

   གློག་བརྙན་དང་བརྩམས་སྒྲུང་གང་ཞིག་ཡིན་ཀྱང་དེས་སྤྱི་ཚོགས་ཀྱི་སྣང་བརྙན་ཞིག་མཚོན་བཞིན་ཡོད།  གློག་བརྙན་འདི་གཉིས་ཀྱིས་འཛམ་གླིང་ལ་གྲག་འགུལ་བཟོ་ཐུབ་པའི་རྒྱུ་མཚན་ནི་འཛམ་གླིང་ཧྲིལ་བོར་སློབ་གསོའི་གནད་དོན་འདི་མངོན་གསལ་གྱིས་ཡོད་པ་མཚོན་སྙམ།  ལྷག་པར་དུ་རང་རེ་བོད་པ་ཚོར་མཚོན་ན་སློབ་གསོའི་ཐབས་ལམ་ནི་ཀོ་གྱོང་དམར་ཉེད་བྱེད་པ་ལྟ་བུ་རེད་འདོད།   དེ་བས་གློག་བརྙན་འདི་གཉིས་ལྟ་བུ་དག་ལ་འུ་ཅག་གི་དགེ་རྒན་དང་ཕ་མ་ཚོས་ངེས་པར་དུ་གཟིགས་དགོས་སྙམ།   རྒྱལ་ཁབ་དང་མི་རིགས།  ས་ཁུལ་གང་ལ་མཚོན་ཀྱང་སློབ་གསོའི་གནད་དོན་ཐག་གཅོད་དང་མི་ལེགས་པའི་ཐབས་ལམ་བསྒྱུར་བཅོས་གཏོང་བ་ནི་ཡུལ་དེའི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གཏོང་བའི་སྔོན་འགྲོ་ཡིན།  བྱིས་པའི་ནང་སེམས་ཀྱི་འགྱུར་བ་དང་དགའ་སྐྱོ་ཆགས་སྡང་ལ་མཉམ་འཇོག་དང་དོ་སྣང་།  ཞིབ་འཇུག་བྱེད་པ་ནི་དགེ་རྒན་ཞིག་གི་ལས་ཀའི་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའང་ཡིན་པར་སྙམ།  དེ་བཞིན་དུ་ང་ཚོ་ལའང་དགེ་རྒན"གག་གག"ལྟ་བུའི་སེམས་ཤུགས་དང་ལྷག་བསམ་ཉིས་ལྡན་གྱི་དགེ་རྒན་ཡོད་སྲིད་ལ། དགེ་རྒན་ཉི་ཁོ་ལྟ་བུའི་བྱིས་པའི་འཇིག་རྟེན་ལ་ཉི་ཟེར་སྦྱིན་མཁན་ཡང་ཡོད་ངེས།  དཔེ་དེ་བཞིན་སློབ་གྲོགས་ཡེ་ཤེས་བཞིན་དུ་ཕ་མ་དང་དགེ་རྒན་གྱིས་སྣང་མེད་དུ་དོར་བའི་མགོན་མེད་སྐྱབས་མེད་ཀྱི་ཐབས་ཟད་འུ་ཐུག་གི་བྱིས་པའང་གྲངས་ཀྱིས་མི་ལོངས་པ་ལོས་ཡོད་སྙམ།

 2018/11/13ཐེམ་ཆེན་དུ་འཕྲལ་མར་བྲིས།

 

"གག་གག"ནི་རང་གིས་ཁོ་མོའི་མིད་པའི་ནང་གི་སྒྲ་ཐོས་ཏེ་བཏགས་པ་ཡིན་པས་ནོར་བ་ཡོད་ཚེ་དགོངས་གསོལ་ཞུ།


དཔྱད་མཆན་ཡོད།