མི་ལོ་བརྒྱད་ཀྱི་རྗེས་སུ་གློག་བརྙན་《དབྱར་མཚེར》ལ་བལྟས་པ།

webwxgetmsgimg (1).jpg

    ཏག་ཏག་མི་ལོ་ཧྲིལ་བོ་བརྒྱད་འགོར་སོང་། ཏག་ཏག་མི་ལོ་ཧྲིལ་བོ་བརྒྱད་ཀྱི་སྔོན་ལ་ངའི་གྲོགས་པོ་ནཱེལ་སིན(Nelson Walker)་དང་ལཱིན(Lynn True) ཚེ་རིང་འཕེལ་ལོ་བཅས་ཀྱིས་རྫ་ཆུ་ཁའི་འབྲོག་ཁྱིམ་ཞིག་གི་འཚོ་བ་བརྗོད་གཞིར་བྱས་པའི་དངོས་བཤུས་གློག་བརྙན་"དབྱར་མཚེར"་ཕབ་བསྐྲུན་བྱས་པ་རེད།

ས་གཞི་ཐམས་ཅད་མུན་པས་གཡོགས་འདུགདུས་ཚོད་འཁོར་ལོ་ལས"赶紧起床! 赶紧起床!" ཞེས་པ་བསྟུད་མར་གྲག་བཞིན་ཡོད།

"བློ་ཆོས།བློ་ཆོས། བློ་ཆོས།"ཡ་མས་གློ་བུར་དུ།

"ཨ།ཨ། ཁྲི་བ་རིན་པོ་ཆེ།" བློ་ཆོས་ཀྱིས་གཉིད་མ་སད་ཀྱིས་ལན་བཏབ།

"དུས་ཚོད་དུ་རེད།"ཡ་མས།

"ཁྲི་བ་རིན་པོ་ཆེ།ཆུ་ཚོད་བཞི་བར་སླེབས་འདུག" ཧ་ཅང་ཉོབ་པའི་ངང་དེ་ལྟར་ལན་བཏབ།

"ངའི་སྐྱ་ཐོ་མ།ངའི་སྐྱ་ཐོ་མ། ཨ་ཕའི་གཅེས་ཕྲུག་ཡིན།"བློ་ཆོས་ཀྱིས་ངག་ནས་རྡབ་རྡིབ་ངང་།

   ཡ་མས་བཞོ་ཟེའུ་སྐེད་ལ་བཏེགས་ཏེ་སྦྲ་ལས་བུད།ཕར་བལྟས་ན་ཐག་རིང་གི་དེའུ་འབུར་དག་གིས་གནམ་སའི་དབྱེ་མཚམས་ཕྱེ་ཡོད་པ་མཐོང་ཐུབ་ལ། ནོར་གནག་གི་ངུར་སྒྲ་དང་ཡ་མའི་ངག་ནས་ཡང་ཡང་ཟློ་བའི་སྐྱབས་འགྲོའི་སྒྲ་དག་ཀྱང་གསལ་བོར་གོ་ཐུབ།དེ་དང་མཉམ་དུ་ནོར་ཁྱུའི་གསེང་ནས་འོ་མས་བཞོ་ཟེའུ་ལ་རྡེག་པའི་སྒྲ་ཞིག་ངང་གིས་གྲགས་འོངས་ཤིང་།བཞོ་དབྱངས་དང་མཉམ་དུ་གྲགས་པའི་སྙན་པའི་དུང་བརྡ་དེས་མཐའ་ཡས་པའི་རྩྭ་ཐང་ལ་ཉི་ཟེར་གྱི་སྒོ་འཕར་ངང་གིས་ཕྱེ་ལ།འབྱམས་ཀླས་པའི་རྩྭ་ཐང་འདིའི་སྟེང་། དུས་བཞིའི་འགྱུར་བ་དང་བསྟུན་ཏེ་རུ་སྤོ་ཞིང་། དབྱར་གསུམ་གྱི་ཆར་ཆུ་དང་དགུན་གསུམ་གྱི་ཙག་སེར་ཐོད་ཀྱིས་ལེན་བཞིན།རང་གིས་བཞོས་པའི་འོ་མ་རང་གིས་འཐུང་ཞིང་རང་གིས་དཀྲུགས་པའི་མར་ཆུར་རང་གིས་ཟ་བའི་བཟའ་ཟླ་ཕོ་མོ་འདི་གཉིས་དང་།ལོ་ན་གཅིག་ལ་སོན་མ་ཐག་པའི་བུ་མོ་ཚེ་རིང་མཚོ་མོའི་རེས་སྐྱིད་རེས་སྡུག་གི་འཚོ་བ་འདི་ལྟར་མགོ་བརྩམས་པ་རེད་ལ།ཞི་འཇམ་དང་བབ་ཆགས་ཀྱི་བརྙན་རིས་ལ་སེམས་ཁྲལ་དང་འགལ་འདུས་ཁེངས་པའི་གློག་བརྙན་ཞིག་ཀྱང་འདི་ལྟར་བལྟམས་པ་རེད།

   ད་ཐེངས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཐུན་རྐྱེན་འོག་ང་ལ་མདོ་ཁམས་འགྲིམས་པའི་གོ་སྐབས་བླ་མེད་ཐོབ་སྟེ།སྟོད་ཀྱི་ལྷ་ལྡན་གྲོང་ནས་ཤར་གྱི་མཆོད་རྟེན་དཀར་པོ་དང་། སྨད་ཀྱི་ཛམ་ཐང་ནས་བར་གྱི་སེར་ཤུལ་བར་ཟླ་ངོ་གཅིག་ལྷག་རིང་།བོད་ཀྱི་སྒྱུ་རྩལ་གནས་སྟངས་སྲོག་ཏུ་བྱས་པའི་བརྙན་པར་ཟུང་གི་ལས་ཀ་བསྒྲུབས། ལམ་དུ་གྲོགས་པོའི་ངག་ལས་བློ་ཆོས་དང་ཡ་མ་གྲོང་རྡལ་དུ་གནས་སྤར་ཡོད་པ་དང་ང་ཚོ་སེར་ཤུལ་དགོན་པར་འགྲོ་དགོས་པ་སོགས་གླགས་འཁེལ་ཏེ་ཁོང་ཚོའི་སར་འགྲོ་རྒྱུ་བྱུང་།

"ནཱེལ་སིན་ཁོ་ཚོ་ཡོང་དུས་ཚེ་རིང་མཚོ་མོ་ལས་ཡོད་མ་རེད། ཨེ་རེད།"

"རེད།དེ་དུས་སྒྲོལ་དཀར་ལྷ་མོ་དང་བློ་བཟང་དར་རྒྱས་གཉིས་སྐྱེས་ཡོད་མ་རེད།"

རླངས་འཁོར་མདུན་ནས་མདུན་དུ་འགྲོ་བཞིན་ཡོད།ཁོས་སྐད་དམའ་མོས།

"ཡ་མར་མཆིན་ནད་ཡོད་པས་ཁེགས་པོ་རེད།བྱིས་པ་ཚོ་སློབ་མཐར་ཕྱིན། ཡ་མ་ཇེ་དགར་གྱུར་ན་ངེད་གཉིས་ཕྱིར་རྩྭ་ཐང་དུ་འགྲོ་རྩིས་ཡོད།"

   རླངས་འཁོར་ལས་རིགས་མི་འདྲ་བའི་སྒྲ་དག་སྔར་བཞིན་མཐོ་དམའ་མི་མཉམ་པར་ཐོས་ཐུབ་ལ།མཚམས་མཚམས་སུ་ལམ་དཀྱིལ་དུ་ཁྱི་ལྡོམ་རེ་གཉིས་ཤུགས་མེད་ངང་དལ་གྱིས་འགྲོ་བ་ལ་རླངས་འཁོར་གྱི་དུང་སྒྲ་དག་བསྟུད་མར་ཐོས་འོངས་ལ།སྐབས་རེར་གར་ཡོང་མི་ཤེས་པའི་འཁྱགས་རླུང་ལྡོམ་པོ་ཞིག་གིས་སྲང་ལམ་ཧྲིལ་བོ་མགོ་རྔ་མེད་པར་ཤུགས་ཀྱིས་རྡེག་འགྲོ

"ད་ང་ཚོ་ནང་ལ་འགྲོ"ཟེར་ཞོར།ཁོས་རླངས་འཁོར་ངོས་མི་སྙོམས་པའི་སྲང་ལམ་དོག་མོ་ཞིག་ལ་དཀྱོགས་ཏེ་མུ་མཐུད་དུ་སོང་། སྲང་ལམ་གྱི་མཐའ་གཉིས་སུ་བཟོ་བཀོད་དང་ཆེ་ཆུང་གཅིག་པ་ཡིན་པའི་ཁང་པ་མང་པོ་བསྟར་ལ་སྒྲིག་འདུག་ཅིང་།སྒེའུ་ཁུང་ལས་ཨར་འདམ་གྱིས་ལས་བཞིན་པའི་ཁང་པ་འགའ་རེ་ཡང་མཐོང་ཐུབ་ལ། དེ་མིན་ཁང་ཁྱིམ་རེ་རེའི་མཐའ་ཚང་མ་ལྕགས་ར་དང་གྱང་གིས་བར་ཆོད་པའང་གསལ་བོར་མཐོང་ཐུབ།

   གཡས་སྐོར་གཡོན་སྐོར་གྱིས་བསྐོར་བ་ལན་མང་བརྒྱབས་པའི་རྗེས་སུ་གཞི་ནས་ཁོ་ཚོའི་ནང་ལ་བསླེབས་སོང་། ཁོ་ཚོའི་ཁང་པའི་བཟོ་དབྱིབས་དང་ཆེ་ཆུང་ཡང་བསྟར་ལ་བརྒྱུས་པའི་ཁང་ལེབ་གཞན་དག་དང་འདྲ་བར་ཁྱོན་བསྡོམས་གྱན་བདུན་བརྒྱད་ཙམ་ཞིག་རེད།སྒོ་ཁར་བསླེབས་མ་ཐག་ཡ་མ་སྒོ་ལ་བསུ་བར་ཡོང་། ངས་"ཡ་མ། བདེ་མོ་ཡིན་ནམ།"ཞེས་དྲིས་འཕྲལ།མོ་ཅུང་ཟད་ཧང་སངས་པའི་ངང་ང་ལ་ལག་འཇུ་བྱས་ཤིང་ནང་ལ་བསུས། ངེད་གཉིས་སྔོན་ཆད་ཐུག་མྱོང་མེད་ཀྱང་ངས་མོའི་མིང་ཤེས་ཀྱི་ཡོད་པས་མོ་ཧང་སངས་པ་མིན་འགྲོ་སྙམ།

   ཁང་བར་མཐིལ་ཤིང་དང་མཚུངས་པའི་འགྱིག་ཤོག་བཏིངས་འདུག་ཅིང་།གཡོན་ཕྱོགས་སུ་འབོལ་ཁྲི་དང་གཡས་སུ་ཨ་མདོའི་ས་ཆ་མང་ཆེ་བར་ཆ་སྒམ་ཞེས་དཀར་ཡོལ་དང་ཁྱིམ་ཆས་སྣ་ཚོགས་འཇོག་ས་འདུགདེའི་སྒང་དུ་རྩྭ་ཐང་ནས་བླངས་པའི་པར་མང་པོ་རིམ་པ་ལྟར་བསྒྲིགས་འདུག དེའི་དཀྱིལ་ཙམ་དུ་བརྙན་འཕྲིན་ཆེན་པོ་མཐའ་གཉིས་སུ་སྒྲ་སྒམ་ཆེན་པོ་གཉིས་དང་།འོག་ཏུDVDགཏོང་ས། བར་དུ་ལྕགས་ཐབ་དང་དེའི་འགྲམ་དུ་ཅོག་ཙེ་རིང་བོ་མདའ་རུ་གློག་ཐབ་ཅན་སོགས་མང་པོ་འདུགངས་ཡར་མར་ལ་ལྟ་ཞོར།"ངག་སྒྲོན་ཚང་ཡང་འདིར་སྤོས་ཡོད་པ་ཨེ་རེད།" ཞེས་དྲིས་པར་ཡ་མ་ལྷག་ཏུ་ཧང་སངས་པར་གྱུར་སོང་།གློག་བརྙན་དབྱར་མཚེར་ལ་བལྟས་པ་མང་དྲགས་པས་ངས་བློ་ཆོས་དང་ཡ་མའི་ཤ་ཉེ་མང་ཤོས་ཀྱི་མིང་ཤེས་ཀྱི་ཡོད་ལ།ངག་སྒྲོན་ནི་ཡ་མའི་སྤུན་རེད། རྒྱུ་མཚན་དེའི་དབང་གིས་ངེད་གཉིས་དུས་ཚོད་ཐུང་ཐུང་ནང་འདྲིས་པོ་ཆགས་སོང་།ཡ་མས་ང་ལ་པར་དེབ་ཞིག་འཁྱེར་འོང་སྟེ་རྩྭ་ཐང་ནས་བླངས་པའི་པར་དག་ང་ལ་རེ་རེ་བཞིན་བསྟན།ངས"རྩྭ་ཐང་དང་གྲོང་རྡལ་གཉི་ཀ་ལས་གང་སྐྱིད་ཀི"ཞེས་དྲིས་པ་ན།

   ཡ་མས "ལས་ཀ་འདི་ནས་ཉུང་འགྲོསེམས་རྒྱ་རྩྭ་ཐང་ནས་ཆེ་བསམས།" སྐབས་དེར་ང་ལ་ཁྱིམ་ཚང་དང་ཁྱིམ་ཚང་བར་གཅོད་བྱེད་ཀྱི་ལྕགས་ར་དང་གྱང་ར་ལ་ཡང་གོ་བ་གཞན་ཞིག་རྙེད་སོང་སྟེ།གནའ་སྔ་མོ་སྔ་མོ་ཞིག་ལ་ང་ཚོ་མིའི་རིགས་ཀྱང་འགྲོ་འདུག་ལ་ས་མཚམས་མེད་པར། ཡངས་པའི་རྩྭ་ཐང་དང་ཚིང་པའི་ནགས་གསེབ།མཛེས་པའི་སྤང་ཐང་དུ་གང་དགར་རྒྱུ་ངེས་པ་ཞིག་ཡིན་མོད། དུས་ནམ་ནས་བཟུང་ང་ཚོས་ཕན་ཚུན་ངར་ལྕགས་ར་དང་གྱང་ར་བསྐོར་ཏེ།ནམ་ཞིག་གི་ཚེ་ན་ཕན་ཚུན་གྱི་ཁྱིམ་མཚེས་ཀྱང་ངོ་མི་ཤེས་པའི་དུས་ཤིག་ལ་ཐོན་དུ་ཡོད་པ་རེད་ཨང་།ངས་ཡ་མས་བླུགས་པའི་ཇ་ཡར་བཀྱགས་ནས་འཐུང་གྲབས་བྱེད་སྐབས་འོ་ཇ་སྔ་མོ་ནས་འཁྱགས་འདུག

   སྐབས་དེར་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ཡིན་པས་ཚེ་རིང་མཚོ་མོ་དང་སྒྲོལ་དཀར་ལྷ་མོ་ཡང་གུང་ཇ་འཐུང་དུ་ཡོང་བར་འཁེལ་འདུགངས་ཁོ་ཚོར"ཁྱོད་ཚོས་གླུ་ལེན་ཤེས་སམ།" ཞེས་དྲིས་པར། མོ་གཉིས་ཀས་ལམ་སེང་"两只老虎,跑得快,跑得快。一只没有耳朵,一只没有尾巴,真奇怪!真奇怪!"ཞེས། ལག་བརྡ་དང་བཅས་ད་མ་དིག་གིས་བླངས་ཤིང་།ཚེ་རིང་ལྷ་མོས་ལོགས་སུ་ཡོད་པའི་པར་དེབ་དེ་ངའི་རྩར་འཁྱེར་ཡོང་སྟེ། རེ་རེ་བཞིན་སློག་ཞོར་འདི་ཨ་ཕ་རེད།འདི་ཨ་མ་རེད། འདི་ང་རེད།

ངས་ཡ་མས་ཆུར་བ་བཟོ་བའི་པར་ཞིག་བསྟན་ཏེ་"ཨ་མས་ཅི་ཞིག་བྱེད་ཀྱིན་འདུག"ཅེས་དྲིས་པར།

"ཨ་མས་ཆུར་བ་བཟོ་བཞིན་འདུག"ཟེར།

ངས་སྒྲོལ་དཀར་ལྷ་མོར"འདི་ས་གང་རེད།"

"མི་ཤེས་ཀི"སྒྲོལ་དཀར་ལྷ་མོའི་ངོ་ཅུང་ཟད་དམར་པོར་གྱུར་ནས་ལན་སློག

"སྒྲོལ་དཀར་ལྷ་མོ།དེ་འུ་ཚང་གི་དབྱར་ས་མིན་ནམ།"ཡ་མས་སྒྲོལ་དཀར་ལྷ་མོར་ངོ་གནག་བཞིན་བཤད།

"འོ། དབྱར་ས་རེད།"སྒྲོལ་དཀར་ལྷ་མོས་ལག་པས་ཁ་འགེབ་བཞིན་ཅུང་ངོ་ཚ་བའི་ཚུལ་གྱིས་ལན་བཏབ། ཏག་ཏག་སྐབས་དེར་ངས་གྲོང་རྡལ་དུ་སྐྱེས་ཤིང་གྲོང་རྡལ་ནས་ནར་སོན་པར་ངེས་པའི་བློ་བཟང་དར་རྒྱས་ལ་ལྟ་ཞོར།དབང་མེད་ངང་འཁྱགས་ཐག་ཆོད་པའི་འོ་ཇ་ཁམ་གང་ཧུབ་ཀྱིས་འཐུང་།

   ཕྱི་དྲོར་རྫ་ཆུ་ཁའི་སྲང་ལམ་བརྒྱུད་དེ་ཕ་མེས་ཀྱི་བློ་གཤོག་གིས་བསྐྲུན་པའི་ཡུལ་ཤུལ་ཞེས་པའི་ལུང་པ་དེར་འགྲོ་དུས།སྲང་ལམ་ནས་མཆེད་པའི་ཆ་ཡོད་ཀྱི་སྒྲ་དག་སྔར་བཞིན་ངའི་སྒྲ་འཛིན་གྱི་བུ་ག་བརྒྱུད་ནས་ཆད་མེད་དུ་གྲག་བཞིན་ཡོད་ལ།རླངས་འཁོར་གྱི་སྒེའུ་ཁུང་ལས་ཕར་ཐག་རིང་ལ་བལྟས་ན། མཚམས་སྤྲིན་ལས་བརྟོལ་བའི་ཟེར་མའི་རྒྱ་ཕིབས་དང་དེའི་འོག་ན་འཁོས་ཆུང་གིས་གྲག་བཞིན་པའི་གཡེར་དྲིལ་གྱི་སྒྲ་དག་གསལ་བོར་གོ་ཐུབ།


(ངེད་དྲ་བའི་ནང་དོན་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་ཆོག)

 

དཔྱད་མཆན་ཡོད།