«གཙང་བོ»ཡི་དཔྱད་ཐུང་འགའ།


     ཟོན་ཐར་རྒྱལ་ལགས་ཀྱི་གཙང་པོ་ཞེས་པ་དེ་ནི། མཐའ་དཔྱོད་ཀྱི་སྙིང་སྟོབས་དང་ལྡན་པའི་གློག་བརྙན་བརྩམས་ཆོས་ལེགས་པོ་ཞིག་རེད། གློག་བརྙན་གྱི་པར་མིག་ཧྲིལ་པོ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་འཚར་ལོངས་ཀྱི་ཁོར་ཡུག་རྒྱབ་ལྗོངས་སུ་བྱས་ནས། མི་རབས་གསུམ་གྱི་སེམས་ཀྱི་གད་ཁ་ན་རྒྱུག་པའི་གཟུགས་མེད་ཀྱི་གཙང་པོ་དེ། ཇི་ལྟར་མངོན་མེད་ཁུ་སིམ་ཞིག་དང་། ན་ཟུག་གི་ཤུགས་དྲག་ཅན་ཞིག་ཏུ་ཚུར་སྣང་བྱས་འདུག དེ་ནི་བྱིས་པ་ཞིག་གི་སེམས་ཁམས་ཀྱི་ཁེར་རྐྱང་དང་། སྐྱོ་ངལ་གྱིས་མི་ཚད་པར་ཁྱིམ་ཚང་ཞིག་དང་། མི་རབས་ཤིག་གི་ན་ཟུག་ཅིག་རེད། ན་ཟུག་དེ་ལས་རང་རེའི་སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོ་ཞན་པའི་རྨ་ཁ་དེ་གཙང་པོ་ལྟ་བུར་རྒྱུན་མཐུད་འདུག

ཐུབ་བསྟན་ཆོས་འཕེལ།

 

     ༼གཙང་པོ༽ ནི་ཨ་མདོ་ཁུལ་གྱི་བོད་མིའི་ཁྱིམ་ཚང་ཞིག་གི་འགལ་བའི་སྐོར་གཙོ་བོར་བརྗོད་པའི་གློག་བརྙན་ཞིག་རེད།  གློག་བརྙན་འདིར་བལྟས་རྗེས་མི་མང་པོས་དེའི་ནང་གི་དོན་དག་དང་བརྒྱུད་རིམ་ཁ་ཤས་འཚོ་བའི་གཏན་ཚིག་དང་འགལ་འདུག་ཟེར།  ཡིན་ཡང་ངའི་བསམ་པར་དེ་ནི་གློག་བརྙན་འདིའི་བརྗོད་དོན་གཙོ་བོ་དེ་མ་ཡིན་པར།  མཐའ་དཔྱོད་ཀྱི་སྙིང་སྟོབས་ཤིག་ལྡན་པ་ནི་གློག་བརྙན་འདིའི་བླ་སྲོག་རེད་འདུག་སྙམ།
     དེ་ཡང་དབྱངས་ཅན་གྱི་ཨ་ཕས་ལོ་ཁ་ཤས་གོང་རང་གི་ཨ་ཕ་དང་འགལ་བ་བྱུང་རྗེས།  དེ་ནི་ཁོས་བརྗེད་ཐབས་མེད་པའི་སེམས་ཀྱི་རྨ་ཁ་ཞིག་ཏུ་གྱུར་ནས།  ཕ་བུའི་བར་གྱི་འགལ་བ་དེ་ཡང་སེལ་བའི་བསམ་བློ་དང་ཐབས་ཤེས་ཤིག་མེད་པར་ལུས་ཤིང་།  ཕ་རྒན་གྱིས་ཀྱང་ནི་ཆོས་བྱེད་དགོས་འདོད་ཀྱི་རི་ལ་སྡོད་པར་བྱེད།  ཡང་དབྱངས་ཅན་དང་ཕ་མ་གཉིས་པོའི་དབར་ལ་རྟག་ཏུ་འགལ་བ་ཞིག་ཐོན་ཡོང་ཞིང་།  ཁོ་གཉིས་ཀྱིས་སྐྱག་རྫུན་ཤོད་པ་ལ་སོགས་ལས།  བུ་མོའི་སེམས་ཁམས་ལ་སོགས་ལ་རྒྱུས་ལོན་བྱེད་མི་ཐུབ་རྐྱེན།  འགལ་བ་དེ་ཡང་སེལ་ཐུབ་པར་ལུས་འགྲོ། གང་ལྟར་གློག་བརྙན་གྱི་འཇུག་འབྲས་ནི་ལེགས་པོ་ཞིག་རེད་ཟེར་ཡང་།  དེ་ནི་ང་ཚོ་བོད་མིའི་ཁྱིམ་ཚང་མང་པོ་ཞིག་གི་སློབ་གསོ་དང་གོ་རྟོགས་སོགས་རྗེས་ལུས་ཡིན་པའི་རྟགས་མཚན་ཞིག་མ་ཡིན་ནམ།

བསྟན་འཛིན་ཆོས་འཕེལ།


     དང་པོ། ང་རང་གིས་བསམ་རྒྱུ་ལ། གཙང་པོ་དེ་ཀྱག་ཀྱོག་དང་ཁུགས་མང་ཡོད་ཀྱང་སྤྱིའི་ཆ་ནས་དབྱིབས་ཅུང་དྲང་བའི་ནས་ཐག་རིང་དུ་འཐེན་ཡོད་པའི་རྐྱེན་གྱིས། མི་རབས་གསུམ་གྱི་ནང་སེམས་ཀྱི་འགལ་བ་དང་བར་ཐག་ཡོད་ཀྱང་། མཐར་ཐུག་མི་རབས་གསུམ་གྱིས་གཅིག་ལ་གཅིག་བརྟེན་དང་གཅིག་རྒྱུད་གཅིག་འཛིན་བྱས་ནས་ཕན་ཚུན་ཁོད་ཡངས་དང་ཡིད་མཐུན་བྱུང་བ་མཚོན་ཕྱིར་མིང་དེ་འདྲ་ཞིག་བཏགས་པ་ཡིན་ཟེར་ན། ཅུང་མཐུན་ཤོས་མི་འགྲོ་སྙམ།

     གཉིས་པ།  ཨ་མྱེས་འཚམ་པ་དེའི་རྣམ་པ་ཕྱི་རུ་མངོན་དུ་མ་བཅུག་པ་དེ་ཅི་ཞིག་ཡིན་ན་བསམ་བྱུང་། ངས་བསམ་ན་དེའི་རྣམ་པ་ཕྱིར་རུ་མངོན་ཐུབ་ན་བོད་ཀྱི་ཐུན་མིན་ཁྱད་ཆོས་ཡིན་པས། རྒྱལ་སྤྱིའི་ལྟད་མོ་བ་ལ་ཁ་གཏད་པའི་གློག་བརྙན་དེ་ལ་གསོན་ཤུགས་སམ་བསམ་བློ་གཏོང་ཡ་གཅིག་ཡོད་རྒྱུ་རེད་སྙམ།


དར་རྒྱས།

     བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་གཙང་བོ་ནི་སྔོན་ཆད་ཀྱི་བོད་ཁུལ་གྱི་གློག་བརྙན་དང་བསྡུར་ན།  གློག་བརྙན་གྱི་རིགས་མི་འདྲ་བ་ཞིག་སྤྱད་ནས་བོད་མིའི་བསམ་བློའི་བརྩེ་དུང་མཚོན་པར་བྱས་ཡོད་ལ། དེ་ལས་ལྷག་པར་དུ་ལོ་ན་ཆུང་ཆུང་བུ་མོ་དབྱངས་ཅན་ལྷ་མོ་ཞེས་པ་ཞིག་མི་སྣ་གཙོ་བོ་བྱས་ནས།  བུ་མོ་དེའི་ཨ་ཕ་དང་ཨ་མེས་བར་གྱི་འགལ་བ་སྔོན་བརྡ་བྱས་དེ།  བུ་མོ་དང་ཨ་ཕ་བར་ལའང་རྗེས་སུ་འགལ་བ་བྱུང་ཡོད་པ་བརྗོད་ཡོད།  འགལ་བ་གཙོ་བོ་དེ་ནི་གཙང་བོ་ཞིག་གི་ཕ་རོལ་ལ་བརྒལ་མ་བརྒལ་དེ་ལས་ཕ་བུ་གཉིས་ཀ་ལོ་ངོ་དུ་མའི་རིང་ལ་འབྲེལ་འདྲིས་མེད་ལ།   མཇུག་མཐར་དོན་དག་དེ་དག་ཀྱང་གཙང་བོ་དེའི་འགྲམ་ནས་མེད་པར་འགྱུར། དེ་འདྲའི་བསམ་བློའི་བརྩེ་དུང་གཙོར་བྱས་ནས་མང་ཚོགས་ཀྱི་འཚོ་བ་དངོས་དང་མཐུན་པའི་གློག་བརྙན་ནི་རིག་གནས་རིན་ཐང་ཀྱི་ཐོག་ནས་རྩ་ཆེན་ཡིན་པས།   འདི་འདྲ་མང་བོ་ཞིག་ཕབ་ལེན་བྱས་ན་བཟང་ངོ་།


ཕག་མོ་བསྟན་འཛིན།

     གཙང་པོ་ཞེས་པའི་གློག་བརྙན་འདིའི་ནང་དུ་ཐོག་མར་བུ་མོ་དབྱངས་ཅན་ལྷ་མོས་ཨ་མ་ལ་ཕྲུ་གུ་གཉིས་པ་འཁོར་བས་དབྱངས་ཅན་ལྷ་མོ་ནུ་མ་ནུ་འཚམས་གཅོད་དགོས་པ་ཤེས་པ་སོགས་ཀྱི་གནས་ཚུལ་གྱིས་སྤྱིའི་རྒྱབ་ལྗོངས་བྱས་ཏེ།  བུ་མོ་འདིའི་བསམ་བློའི་འགུལ་སྐྱོད་ལ་བསྟུན་ནས།  རྩྭ་ཐང་སྟེང་གི་ཁྱིམ་ཚང་ཕལ་པ་དེའི་རྒྱུན་གྱི་འཚོ་བའི་སྟེང་དུ་འཕྲད་པའི་གནས་ཚུལ་ཙག་ཙིག་མང་པོ་དང་།  ཁྱིམ་ཚང་གཅིག་གི་ནང་མི་ཡིན་ནའང་རྒྱུན་ནས་འཚོ་བའི་ཁྲོད་དུ་ཕན་ཚུན་ཁ་བརྡ་དང་འབྲེལ་མཐུད་ཉུང་བའི་རྐྱེན་གྱིས་ཕ་མ་བུ་ཕྲུག་དབར་གྱི་བརྩེ་དུང་ཟབ་མོ་འདི་ཧ་ལམ་མཐོང་མ་ཐུབ་པར་འགྱུར་བ་བརྗོད་ཡོད།  །
དེ་ནས་བུ་མོ་དབྱངས་ཅན་ལྷ་མོས་ཨ་ཕ་དང་ཨ་མའི་ཁ་བརྡ་གོ་ནས་ནུ་མ་ནུ་འཚམས་འཇོག་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཨ་ཕས་ཕྱི་ནས་གཟི་རྙེད་པས་ཡིན་པ་ཤེས་རྗེས།  བུ་མོ་ཆུངཆུང་དེས་ཨ་ཕའི་གཟི་ཙི་ཙིའི་ཚང་ནང་དུ་སྦས་ཏེ། ཨ་ཕས་གཟི་དེ་འཚོལ་བའི་ཆེད་དུ་སེམས་མི་སྐྱིད་པ་གང་འདྲ་བྱས་ཀྱང་བུ་མོ་དབྱངས་ཅན་གྱིས་གསང་བ་དེ་སྲུང་ནས་བསྡད་པའི་ཐོག་ནས་དབྱངས་ཅན་ནི་ཕ་མའི་བྱམས་སྐྱོང་ལ་ཧ་ཅང་འདོད་པ་ཡོད་པ་ཤེས་ཐུབ་པས། འཚོ་བའི་ཁྲོད་དུ་བུ་མོ་དང་ཕ་མ་ཁ་བརྡ་ཉུང་རུང་བུ་མོས་ཕ་མ་ལ་བཅངས་པའི་བརྩེ་དུང་ནི་ཧ་ཅང་ཟབ་པོ་ཡིན་པ་མཐོང་ཐུབ། འོན་ཀྱང་བུ་མོ་ཆུང་ཆུང་དེས་གང་འདྲ་བྱས་ཀྱང་ཨ་ཕ་ནི་ཨ་མས་སྤོ་བོ་ལགས་བལྟ་བར་སོང་ཞེས་ཟེར་ན་མ་གཏོགས་སྤོ་བོ་ལགས་བལྟ་བར་མ་སོང་བའི་རྒྱུ་རྐྱེན་མི་ཤེས་ལ་རང་གི་ཨ་ཕ་དང་སྤོ་བོ་ལགས་དབར་གནས་ཚུལ་གང་ཡོད་པ་ཡང་མི་ཤེས། འོན་ཀྱང་དབྱངས་ཅན་གྱི་ཨ་ཕ་དང་སྤོ་བོ་ལགས་ནི་ཕན་ཚུན་བརྩེ་བ་ཟབ་པོ་ཡོད་པ་དེ་གསལ་པོར་ཤེས།
     དབྱངས་ཅན་ལོ་ན་ཆུང་ཆུང་ཡིན་ཀྱང་རང་སོ་སོའི་སེམས་པའི་ནང་ལ་མི་སྐྱིད་པའི་གནས་ཚུལ་ཡོད་ལ་སོ་སོའི་གསང་བ་ཆུང་ཆུང་ཡང་ཡོད་པ་དག་ཞིབ་འབྲི་བྱས་ནས་བུ་མོ་ཆུང་ཆུང་དེའི་ནར་སོན་བཞིན་པའི་བསམ་བློ་མངོན་ཡོད། དེ་རྗེས་སྤོ་བོ་ལགས་ལ་བཅོས་ཐབས་མེད་པའི་ནད་ཕོག་སྟེ་ཁོང་སྨན་ཁང་ནས་བསུ་བའི་སྐབས་སུ་ཨ་ཕ་དང་བུ་མོ་དབྱངས་ཅན་ད་དུང་སྤོ་བོ་ལགས་བཅས་གསུམ་མཉམ་དུ་འཕྲུལ་ཆས་རྐང་འཁོར་གྱི་སྟེང་བཞོན་ནས་གཙང་པོ་རིང་པོ་དེ་བརྒྱུད་ནས་ལམ་སྟེང་འགྲོ་བའི་སྐབས།  བུ་མོ་དབྱངས་ཅན་གྱིས་སྤོ་བོ་ལགས་ལ་རང་གི་གསང་བ་དོམ་གྱི་རྩེད་ཆས་ས་འོག་ཏུ་སྦས་ཡོད་པ་དེ་བཤད་ནས་རྗེས་སུ་དོམ་མང་པོ་སྐྱེས་རྗེས་རང་གི་ཨ་མ་དང་ཨ་ཕ་ད་དུང་སྤོ་བོ་ལགས་ལ་རེ་རེ་སྤྲོད་རྒྱུ་དེ་བཤད་པ་དང་ཨ་ཕ་དང་སྤོ་བོ་ལགས་ཀྱི་བར་དུ་བསྡད་ཡོད་པའི་དབྱངས་ཅན་གྱིས་ཨ་ཕའི་ཕུ་ཐུང་ནང་གི་ཆར་ཆུ་ལག་པ་ཆུང་ཆུང་དེས་བཙིར་ནས་སྟོན་ཏེ། ཨ་ཕ་ལ་རང་གི་སྔོན་དུ་ཨ་ཕའི་གཟི་གང་དུ་སྦས་ཡོད་པ་དེ་བཤད་ནས་ཨ་ཕས་ཅི་ཡང་ལབ་མེད་པ་ནས་གཙང་་པོ་དེའི་ཉེ་འགྲམ་ནས་ལམ་དུ་སྐྱོད་བཞིན་པའི་ཕ་བུ་དེ་གསུམ་བར་གྱི་ཁ་བརྡ་ཉུང་ངུ་ཡིན་ཀྱང་བརྩི་དུང་ནི་ལྷད་མེདཔ་ཡིན་པ་གསལ་ལེར་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་མངོན་ཡོད། །

                                                                                 བསྟན་འཛིན་ལྷ་མོ།
   

       མི་རབས་སུམ་འཛོམས་ཀྱི་འབྲོག་ཁྱིམ་ཞིག་གི་བསམ་བློའི་འགལ་ཟླ་རྣམས་གཙང་པོ་ཞིག་གམ་ཆུ་ཕྲན་ཞིག་འཁྱག་པས་བསྡམས་པའི་དགུན་མཇུག་གི་དུས་ནས་འཁྱག་པ་ཞུ་ལ། དྲག་ཆར་བབས་ཏེ་གཙང་པོ་བྲུག་པའི་སོས་ཀ་ཐོན་པའི་དུས་ཀྱི་འཕེལ་རིམ་དང་སྦྱར་ཏེ་འགལ་ཟླ་རྣོ་ངར་ནས་ཞི་འཆམ་སྤྲོ་སྐྱིད་ཀྱི་སྣ་ཟིན་པ་ཙམ་སླེབས་པར་བརྗོད་པའོ།།


གཡང་འབུམ་རྒྱལ།

     གློག་བརྙན་གཙང་པོའི་ཁྲོད་ཀྱི་འཁྲབ་སྟོན་པ་དབྱངས་ཅན་ལྷ་མོའི་འབུར་དུ་ཐོན་པའི་འཁྲབ་རྩལ་གྱིས་ལྷད་མ་འདྲེས་པའི་བྱིས་པའི་རང་གཤིས་གཟིགས་མོ་བའི་མིག་འདུན་དུ་བཀྲམས་ཤིང་།   མི་རབས་གསུམ་གྱི་ནང་སེམས་ཀྱི་འགལ་བ་དེ་མཐར་ཆར་རྗེས་ཀྱི་གཙང་ཆུ་དྭངས་བ་ཇི་བཞིན།  གཙང་འགྲམ་དུ་གཙང་ཆུ་དྭངས་བར་སྒུག་པའི་པར་མིག་དལ་མོའི་ཁྲོད་དུ་གློག་བརྙན་མཇུག་སྒྲིལ་པ་ནི་གློག་བརྙན་འདིའི་མཐར་ཐུག་གི་བརྗོད་དོན་ཏེ།   གཙང་པོ་ནི་མི་རབས་གསུམ་གྱི་བརྩེ་དུང་གི་བཞུར་རྒྱུན་རིང་མོ་དེ་ཡིན།  ཆར་རྗེས་ཀྱི་ཆུ་རྙོག་དྭངས་པར་འགྱུར་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་བཞིན།  མི་རབས་དེ་གསུམ་བར་གྱི་སེམས་ཀྱི་འགལ་བ་ཞི་བའང་དེ་བཞིན་ནོ།།

ཚེ་བརྟན་རྡོ་རྗེ།

     རྒྱུན་རིང་བའི་གཙང་བོའི་འགྱུར་ལྡོག་དང་བསྟུན་ཏེ་མི་རབས་གསུམ་གྱི་ནང་སེམས་འགལ་བ་གཙོ་བོར་བརྗོད་ཡོད་ལ། དབྱངས་ཅན་ལྷ་མོ་ནི་འགལ་ཟླའི་མཐོང་སྣེ་ཁྱད་པར་བ་ཞིག་རེད་འདོད། བུ་མོ་ཆུང་ཆུང་དེའི་ཨ་ཕ་ཁ་གྲགས་རྒྱུར་མི་དགའ་བ་དང་། ཨ་མྱེས་ཀྱི་གམ་དུ་ཐོན་ཚེ་༼ང་དབྱངས་ཅན་ལྷ་མོ་ཡིན་༽ཞེས་བརྗོད་མ་ཐག་སྐད་ཆ་མེད་པར་ཁོའི་མིག་ཆུ་ཤོར་བ་ལས།   ཁོ་ཚོའི་སེམས་སུ་བརྗོད་མི་འདོད་པའི་སྡུག་བསྔལ་རེ་ཉར་ཡོད་པ་མཐོང་ཐུབ།  མཐར་གཙང་བོ་ཆར་བའི་བྲུག་རྗེས་ཁོ་ཚོ་ཁ་གཏད་དུ་བསྡད་དེ་ཆུའི་རྙོག་མ་དྭངས་པར་སྒུག་པ་ལས།  ནམ་ཞིག་ལ་ནང་སེམས་ཀྱི་འགལ་བ་ཞི་བས་རེ་སྨོན་མཚོན་ཡོད་པར་སྙམ།

ཀུན་ཐར་རྒྱལ།

 

     དང་ཐོག་གློག་བརྙན་འགོ་འཛུགས་པའི་བརྙན་རིས་སུ་དབྱངས་ཅན་ལྷ་མོ་ཁོ་པའི་ཨ་ཕ་གཙང་ཆུའི་ནང་དུ་གཟར་ནས།  ཕྱིན་ཆད་ཀྱི་གློག་བརྙན་བརྒྱུད་རིམ་ལ་མུ་མཐུད་དུ་སྤེལ་ཐུབ་པའི་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་ལ།  ཕ་བུ་བར་གྱི་འགལ་བ་ཡང་རབ་རིབ་ཏུ་གསལ། གཙང་པོའི་ཕ་རོལ་ན་ཡོད་པའི་ཨ་ཕ་རྒན་པོ་འདི་རང་གི་བློ་ཕྱོགས་པའི་ལས་ལ་སྦྱངས་པ་བྱེད་ཀྱང་། དུས་དང་སྐབས་མི་ལེགས་པས་བཟའ་ཟླའི་འཆི་ཁའི་དམིགས་ཡུལ་མ་སྒྲུབ་པའི་རྒྱུ་དེས།  ཕྱིས་སུ་ཕ་ཇི་ལྟར་ནད་ཀྱི་གནར་ཡང་བུ་འགུལ་སྐྱོད་མ་ཐེབས་ནས་འཁོན་འགྲས་ཇེ་ཆེར་སོང་།  གློག་བརྙན་དངོས་སུ་ཕལ་ཆེ་བ་ཕྱེད་ལྗོངས་ཀྱི་ཐབས་སྤྱད་ནས་མི་སྣ་བར་གྱི་ཉམས་དང་བྱ་བྱེད་གསལ། མི་སྣའི་བར་གྱི་ཁ་བརྡ་ནི་སྟབས་བདེ་ལ་དགོད་བྲོ་བ། ཨ་མདོ་ཁུལ་གྱི་འབྲོག་སྐད་ཀྱི་ཆེས་མངོན་གསལ་ཆེ་བའི་ས་གནས་ཀྱི་ཁྱད་ཆོས་ལྡན་འདུག


ཡར་འཕེལ།

    ༼གཙང་པོ་༽ནི་དངོས་གནས་ད་ཡོད་བོད་ཀྱི་གློག་བརྙན་ཁྲོད་ལེགས་ཤོས་ཤིག་རེད། ང་རང་གིས་བལྟས་མྱོང་བའི་བོད་ཀྱི་གློག་བརྙན་ཁྲོད་འདི་ལྟ་བུ་མང་པོ་མཐོང་མ་སོང་།  མི་རབས་གསུམ་གྱི་སེམས་པའི་གས་སྲུབས་ན་བཞུར་བའི་གཙང་བོ་དེ་ནི་དངོས་གནས་བརྩེ་བ་ལྕེ་རྩེ་ལས་སྟོན་པར་མི་མཁས་པའི་བོད་པ་ཚང་གི་སེམས་ནང་གི་འགག་ཞིག་ཡིན་འདུག  གློག་བརྙན་ནི་སྒྲུང་གཏམ་དང་མི་འདྲ་བར་གཏམ་རྒྱུད་ཀྱི་ཁོར་ཡུག་སོགས་སྒྲ་གཟུགས་གཉིས་ཀྱི་སྒོ་ནས་བལྟ་མཁན་ལ་ཐད་ཀར་བཤམས་དགོས་པས། ༼གཙང་པོ་༽ཕབ་སྐྲུན་སྐབས་ཞིབ་ཕྲའི་ཆ་ནས་འདི་ལས་ཅུང་བཟང་པོ་བྱུང་ན་གློག་བརྙན་སྤྱིའི་ཆ་ནས་ད་ཡོད་ལས་ཀྱང་བཟང་ངེས་པར་འདོད།


སངས་རྒྱས།

     གོ་སྐབས་ཡགས་པོ་ཞིག་གི་དབང་གིས་བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་གསར་བ་《གཙང་པོ་》ལ་ལྟ་ཐུབ་སོང་། སྤྱིར་གངས་ཅན་ཁ་བའི་ཡུལ་འདི་ལ་རིག་གནས་གསར་བ་དང་ལག་རྩལ་གསར་བ་དར་བའི་ཡུན་རིང་པོ་མ་ཕྱིན་ཕྱིར་གློག་བརྙན་འདི་ལས་གཞི་རུ་འགྱུར་རྒྱུ་ནི་ཅུང་དཀའ་མོ་ཞིག་ཡིན་མོད། འཁྲབ་ཁྲིད་པ་འདིས་རང་ནུས་ཅི་ལྕོགས་ཀྱིས་བོད་པའི་གློག་བརྙན་ལས་ཁྱེའུ་འདྲ་བོ་འདི་ཇེ་བཟང་ཇེ་ལེགས་སུ་བཏང་བ་ནི་ཤིན་ཏུ་གལ་ཆེ་སྙམ།
     མི་རབས་གསུམ་གྱི་བརྩེ་དུང་གི་ཆུ་རྒྱུན་དེ་འཚོ་བའི་ཙག་ཙིག་གིས་བཀག་འགོག་དང་གཏོར་བརླག་འོག་ནས་རི་ཀློང་ནགས་གསུམ་བརྒྱུད་དེ་ཀྱ་ཀྱུའི་ངང་བཞུར།   དབྱངས་ཅན་ལྷ་མོའི་བྱ་བྱེད་རེ་དང་ལྷད་མེད་ཀྱི་བྱིས་བློ། ཨ་མྱེས་རྒན་པའི་ཆོས་དང་འཁོར་བ་གཉིས་ལས་བྱས་པའི་བློས་སླངས།  ད་དུང་སྨྲ་བརྗོད་ལ་མི་མཁས་བའི་ཨ་ཕ།   དེ་ལས་འགལ་བ་ཐམས་ཅད་བརྩེ་བ་ནས་འགོ་བརྩམས་ཏེ་བརྩེ་བས་མཇུག་བསྡུས།     མཐར་ཨ་མྱེས་ལ་ནད་ཅིག་བྱུང་བ་དང་ཨ་མྱེས་དང་དབྱངས་ཅན་ལྷ་མོའི་ཁ་བརྡ་དེ་ཕའི་གོ་བ་དང་། དྲག་ཆར་ཞིག་དང་དྲང་མོར་བཞུར་བའི་གཙང་བོ་ཞིག་གིས་མི་རབས་གསུམ་གྱི་འགལ་བ་ལྷུག་པར་གྲོལ་སོང་། གཉེན་ཉེ་བར་གྱི་བརྩེ་དུང་གི་ཆུ་རྒྱུན་རིང་དུ་བཞུར་སོང་།

སྤེན་པ་ཚེ་རིང་།

     《གཙང་བོ》ཞེས་པའི་གློག་བརྙན་འདི་ནི་རྒན་ཟོན་ཐར་རྒྱལ་གྱི་《དབུས་ལམ་གྱི་ཉི་མ》་ལས་ཕྱོགས་གང་ཐད་ནས་ཆེས་ཆེར་ཐོད་རྒལ་བྱས་པའི་གློག་བརྙན་ཞིག་ཡིན་པར་བསམ་ལ། གློག་བརྙན་འདིས་བོད་ཀྱི་འབྲོག་ཁུལ་གྱི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་གི་འཚོ་བ་བརྗོད་པ་བརྒྱུད་ནས་བོད་ཀྱི་འབྲོག་སྡེའི་འཚོ་བའི་རྣམ་པ་དང་རིག་གནས་བརྒྱུད་བསྒྲགས་བྱས་ཡོད་པ་དང་། དེ་ཡང་“གཙང་བོ”དེ་ལ་བརྟེན་ནས་ཡོད་ཚད་ཀྱི་ཡོད་ཚད་བྱུང་དུ་བཅུག་ལ་ཡང་“གཙང་བོ”ལ་བརྟེན་ནས་ཡོད་ཚད་འགལ་འདུའི་ཕུང་བོ་ཞིག་ཏུ་གྲུབ་པར་བྱས་ཡོད་པ་སོགས་“གཙང་བོ”ལྟེ་བ་བྱས་ཡོད་པ་དང་གཅིག འགལ་ཟླ་དེ་ཡང་ཕ་དང་བུ། ཕ་དང་བུ་མོ་བཅས་ཕན་ཚུན་བར་གྱི་བརྩེ་བའི་འགལ་ཟླ་ཞིག་དང་།  དུས་བཞིའི་འགྱུར་བ་དང་བསྟུན་ནས་འགལ་བ་སེལ་འགྲོ་བ་དེ་གློག་བརྙན་གྱི་སྒྲིག་གཞི་དང་བྱུང་རིམ་དང་མཐུན་པར་བྱས་ཡོད་པ་དང་གཉིས། ཆེད་ལས་མ་ཡིན་ལ་ལོ་ན་ཆུང་བའི་དབྱངས་ཅན་ལྷ་མོའི་འཁྲབ་སྟོན་གྱི་ནུས་རྩལ་གྱིས་གློག་བརྙན་གྱི་མགོ་མཇུག་བར་གསུམ་གསོན་ཤུགས་ལྡན་པར་བྱས་ཡོད་པ་དང་གསུམ་བཅས་ནི་གློག་བརྙན་འདི་ཆེས་ཁྱད་པར་གྱི་གནས་ཡིན་པར་འདོད་བྱུང་།

ཀླུ་རྒྱལ་དོན་འགྲུབ།

     གློག་བརྙན༼གཙང་བོ༽འདི་ནི་དངོས་གནས་བོད་རང་གི་གློག་བརྙན་ལོ་རྒྱུས་སྟེང་གི་རྡོ་རིང་ལྟ་བུ་ཞིག་ལ་བརྩི་རུང་བ་རེད། བརྗོད་བྱའི་དོན་གྱི་བྱུང་རིམ་དང་བསམ་བློའི་གོ་རྟོགས་ཀྱི་རིན་ཐང་། གློག་བརྙན་ཕབ་ལེན་གྱི་རྩལ། དམིགས་སྒོས་སུ་འཁྲབ་མཁན་ཚོའི་ཆུ་ཚད་སོགས་ཀྱི་ཐད་ནས་སྔར་བའི་བོད་ཀྱི་གློག་བརྙན་གྱི་གོ་ས་དེ་མཐོ་རུ་བཏེགས་སོང་། འོན་ཀྱང་འཇིག་རྟེན་ཁ་དཔེ་ལ་རྟ་རྒྱུག་ཤུལ་ན་རྟུ་ལུ་རེ་ལོས་ཡོད། ཕབ་སྐབས་སུ་མཐུན་རྐྱེན་མ་འཛོམས་པའི་དབང་གིས་བརྙན་ཧྲིལ་བོའི་ནང་ན་བོད་རང་གི་འབྲོག་པའི་ལས་སྲོལ་དང་འགལ་ཕྲན་གཅིག་གཉིས་རེ་སྣང་། དེ་བས་ལྷག་པར་བོད་རང་གི་གློག་བརྙན་འཛམ་གླིང་རྩེ་སོན་གྱི་ཆུ་ཚད་ལ་གསོལ་བར་ད་དུང་ལམ་ཐག་དང་དཀའ་ངལ། སློབ་སྦྱོང་མང་པོ་ཞིག་རྒྱག་དགོས་སྙམ།

རྟ་མགྲིན་ཚེ་བརྟན།

དཔྱད་ཐུང་འབྲི་མཁན་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི ༢༠༡༣ ལོའི་རྩོམ་རིག་འཛིན་གྲྭའི་སློབ་མ་འགའ་ཡིན།


ཟུར་བཀོད།     «གཙང་བོ»ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྟན།  filmtbt.com/other/2015-10-19/455.html

དཔྱད་མཆན་ཡོད།