ནོར་རྫི་ཞིག་བྱེད་པ་ལས་ནོར་གནག་ཅིག་བྱེད་ན་འདོད།

1562283488.jpg

       བོད་པ་ཞིག་ཡིན་ཕྱིན་ནོར་གནག་ནི་ཆ་ཡོད་རྒྱུས་ཡོད་ཅིག་ཏུ་སྣང་ངེས་ལ། (རེད་དེ་དེང་སང་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བྱིས་པ་ཚོར་མཚོན་ན་དེ་བཞིན་དུ་ཡིན་པའི་ངེས་པ་མེད།) གང་ལྟར་ང་ཡང་ཆུང་དུས་ནས་ནོར་རྫི་བྱས་མྱོང་ཡོད་ལ། བེའུ་དང་མཉམ་དུ་རྩེད་མྱོང་ལ། བེའུ་བོར་སོང་དུས་ངུས་ཀྱང་མྱོང་། ཕན་ཚུན་ལ་མི་བཞིན་དུ་ཁ་བརྡ་ཡང་བྱས་མྱོང་།  (དེ་དུས་ལོ་ན་ཆུང་ཞིང་ཧ་ཅང་གླེན་རྟགས་ཆེ་བས་ཡིན་ཀྱང་སྲིད་ལ། བྱིས་པ་ནི་དེ་འདྲའི་ལྷད་མེད་དྭངས་གཙང་ཞིག་ཀྱང་རེད། དེ་ནི་ཕལ་ཆེར་བྱིས་པ་ཚོའི་སེམས་ཁམས་དང་ཧ་ཅང་བསྟུན་ཤས་ཆེ་བ་ཞིག་རེད་སྙམ། དེ་བས་དེང་སང་འགུལ་རིས་དང་མི་དང་སྲོག་ཆགས་ཀྱི་གཏམ་རྒྱུད་བརྗོད་པའི་གློག་བརྙན་དང་བརྙན་འཕྲིན། མུ་འབྲེལ་བརྙན་འཕྲིན་སོགས་ལ་བྱིས་པ་རྣམས་ལྟ་རྒྱུ་ཧ་ཅང་དགའ་བོ་ཡོད། དེ་བས་དེང་སང་མི་དང་སྲོག་ཆགས་སྐོར་གྱི་བརྗོད་བྱ་ཡིན་པའི་གསར་རྩོམ་མཁན་པོ་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་འདུག དཔེར་ན། གློག་བརྙན་གྲགས་ཅན«忠犬八公物语»དང་«战马» «金刚» རྒན་པད་ཚེ་ལགས་ཀྱི«ཁྱི་རྒན»(老狗)སོགས་གློག་བརྙན་རིགས་མང་པོ་ཞིག་ཡོད་ལ། དེ་དག་གང་ཞིག་ཡིན་རུང་འདྲིས་པའི་ཁྲོད་ནས་ཕན་ཚུན་ལ་བློས་གཏོང་མི་ཐུབ་པའི་བརྩེ་བ་བརྗོད་ཅིང་། ཞོར་དུ་དྲིན་གཟོ་ཞེས་པའི་ཐ་སྙད་འདི་དང་འབྲེལ་ནས་གོང་གི་འབྲུག་རྒྱལ་ཁབ་ཀྱི་གློག་བརྙན་གསར་བ«ལུང་ནག་ན»ཞེས་པ་གླེང་བར་བྱའོ།།

གཅིག ནོར་གྱིས་རྩྭ་ཐང་ནས་རྩྭ་ཟོས་ཏེ་རྩྭ་ཐང་དུ་ལྕི་བ་ཞིག་བཏང་འགྲོ

      གོང་གི་ཚིག་འདི་ནི་ཕལ་ཆེར་ང་དང་ཕ་ཡུལ་གཅིག་པའི་ན་མཉམ་གྲོགས་པོ་དང་རྒན་པ་ཚོའི་རྣ་ལམ་དུ་བྱང་ཡོད་ཤོས་ཆེ། འདི་ནི་ཕ་ཡུལ་གྱི་སློབ་གསོ་ལས་དོན་ལ་ཐུགས་ཁུར་བླ་ལྷག་གནང་མྱོང་བའི་མི་བུ་ལྷག་བསམ་ཅན་ཞིག་གིས་གནང་བའི་མི་ཚེ་བསླབ་བྱ་རེད། ཡིན་པ་ནི་ལོ་རེ་རང་ཡུལ་གྱི་སློབ་མ་དག་གིས་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་ཞིབ་འཇུག་སློབ་མ། འབུམ་རམས་པ། དཔེ་སྟོན་ཅན་གྱི་མི་སྣ་བཅས་ལ་གཟེངས་བསྟོད་དང་བྱ་དགའ་གནང་བའི་བྱ་འགུལ་ཞིག་ཡིན། བསླབ་བྱ་དེ་ཡང་དེ་དུས་གསུང་བ་རེད། གཙོ་བོ་ང་ཚོ་ལ་གནས་འདི་ནས་སྐྱེས་ཤིང་ས་འདི་ལ་བསྟེན་ནས་འཚར་ལོངས་བྱུང་བ་དང་། ཕ་ཡུལ་ཞེས་པ་དེ་ནམ་ཡང་མི་བརྗེད་རོགས་ཞེས་པ་དང་། ཕ་ཡུལ་བོར་ནས་མི་འགྲོ་བར་ལག་རྗེས་བཞག་པར་རེ་སྐུལ་བྱས་པ་ལོས་ཡིན། དེ་བས་དེ་ལྟར་བྱས་མ་ཐུབ་ན་ཡང་སླ་ངའི་ནང་དུ་སྐྱག་པ་མི་གཏོང་རོགས་ཞེས་རེ་སྐུལ་ཡང་བྱས་པས། དེ་འདྲ་བ་ཞིག་ཀྱང་བསྒྲུབ་མ་ཐུབ་ཚེ་ང་ཚོ་མི་རུ་སྐྱེས་རུང་དུད་འགྲོ་ལ་ཡང་མ་དོ་བ་ལོས་ཡིན། མདོར་ན། ཕ་ཤུལ་རུས་པ་གསེར་གྱིས་རྒྱན་མི་ཐུབ་རུང་། སྐྱི་བསེར་རླུང་ལ་མ་སྐུར་ཞེས་ནས་སྐུལ་བ་ཡང་ལོས་ཡིན།


གཉིས། ས་རུབ་ལ་ཉེ་དུས་ནོར་རྣམས་རང་བཞིན་གྱིས་ཕྱིར་བདག་པོའི་སར་སླེབས་ཡོང་།

       (ང་རང་ལོ་ན་ཆུང་དུས་དེ་འདྲའི་དོན་དག་ལ་ཐེངས་མང་འཕྲད་མྱོང་། ཡིན་ན་ཡང་དེ་འདྲའི་སྣང་ཚུལ་གཏན་ནས་མེད་པ་ཞིག་མིན། དེ་དུས་སྡེ་བའི་ཨ་ཁུ་དང་ཨ་ནེ་ཚོས་རྫི་བོ་ངར་བ་ཞིག་རེད་ཅེས་བསྟོད་བསྔགས་བྱས་པ་ཡང་བརྗེད་རྒྱུ་མི་འདུག ཧ་ཧ་ཧ། ཡིན་ན་ཡང་དེང་སང་གི་ནོར་རྫི་ལ་ལས་དེ་འདྲ་རྩ་བ་ནས་བྱས་མྱོང་མེད་ཅིང་དེ་འདྲ་ཞིག་ག་ལ་ཡིན་ཟེར་ཤོས་ཆེ་ངེས། དེ་ཟེར་མཁན་ཚོ་ཕལ་ཆེར་རྫི་བོ་ངར་བ་རེ་མ་ཡིན་པས་ལན་པ་ཨེ་ཡིན་སྙམ། ཧ་ཧ་ཧ། ཀུ་རེ་ཡིན། འདྲིས་ཆེ་ན་དུད་འགྲོ་ཡིན་མ་ཡིན་ཁྱད་པར་ཅུང་མེད་པར་ཕན་ཚུན་ལ་སྨྲ་བསམ་བརྗོད་འདས་ཀྱི་བརྩེ་བ་རེ་ཆགས་འགྲོ དེ་ནི་གོང་གི་གློག་བརྙན་ནང་གི་ནོར་བུ་དང་། དེ་མིན་ངོ་སྤྲོད་གནང་བའི་གློག་བརྙན་གཞན་དག་ལས་ཀྱང་ངེས་ཤེས་རེ་སྐྱེས་ངེས།)

    རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ལས་རང་ཉིད་ཆུང་འདྲིས་སུ་སོང་ཞིང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མང་པོ་ཞིག་ཕ་ཡུལ་ནས་བཞག་མྱོང་བས་དེ་ནི་བརྗེད་ཐབས་བྲལ་བ་ཞིག་ཀྱང་ཡིན་སྲིད་ལ། དེ་མིན་གཞན་ཡུལ་དེ་ཕ་ཡུལ་ལས་འགྲོ་ལམ་བདེ་ཞིང་།རྩྭ་ཆུ་འཛོམས་པ། ཁོད་ཡངས་པ་སོགས་མཛེས་སྡུག་གི་ཁེངས་བའི་ཡུལ་གྲུ་གཞན་དག་ནས་བསྡད་ཀྱང་མི་སྐྱིད་པ་ག་ལ་ཡིན། བདེ་ནི་བསོར་ནི་རེད། དེ་ཅུང་མི་བདེ་བ་དང་མི་སྐྱིད་པ་ཡོད་པ་མ་རེད། དེ་བས་རང་ཡུལ་གད་པ་ཡིན་རུང་སྐྱིད་ངེས་པ་དང་མིན་རུང་བདེ་ངེས་པ་ཞིག་ག་ལ་ཡིན། ཡིན་ཙང་སེམས་ཀྱིས་འདྲིས་ཤིང་ལོབས་པ་ཞིག་ཡིན་ན་དེ་བསྟུན་གྱི་སེམས་ཁམས་རེ་འབྱུང་སྲིད་པ་ཤ་སྟག་རེད། དེ་བས་དེ་ལ་བརྩེ་བ་གཏན་ནས་མི་འབྲེལ་བ་ཞིག་མིན་སྙམ། དེ་བས་ཕ་ཡུལ་ཡིན་ན། ལྷས་ར་ཡིན་ན། རང་སྡེ་རིགས་ལ་ཞེན་པ་དང་འདྲིས་ཤིང་ལོབས་པའི་བརྩེ་བ་དག་ནི་སུ་ལ་ཡོད་ཅིང་གཏན་དུ་གནས་པ་ཞིག་གོ དེ་བས་བརྩེ་བ་བསུབ་ཏུ་མེད་ཅིང་ཡལ་དུ་མེད་པའི་བདེ་བ་མཆོག་ཏུ་གྱུར་བ་ཞིག་གོ

གསུམ། གློག་བརྙན་འདི་ལས་ང་ལ་བག་ཆགས་ཆེས་ཟབ་ཤོས་ཤིག་བཞག་པ་ནི་སྡེ་དཔོན་དང་ནོར་བུའི་བར་གྱི་གཏམ་རྒྱུད་དང་བློས་བསླངས་དེ་རེད།

        མདོར་ན་དྲིན་གཟོ་ཞེས་པ་དེ་རེད། འབྲུག་རྒྱལ་ཁབ་ནི་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་རྩ་གྲངས་ལྷག་དང་མི་འབོར་དུང་ཕྱུར་75ལྷག་གི་ཁྲོད་དུ་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་དུ་བགྲང་ན་ཡང་རྒྱལ་ཁབ་དེའི་ན་གཞོན་ཚོ་ཕྱི་རྒྱལ་དུ་འགྲོ་བར་འདོད་པ་ནི་གློག་བརྙན་འདིའི་འདྲི་དོགས་ཙམ་མ་ཟད་འབྲུག་རྒྱལ་ཁབ་དངོས་ཀྱི་གནད་དོན་གལ་ཆེ་ཞིག་མིན་པའི་ངེས་པ་གཏན་ནས་མེད། མདོར་ན་ང་ཚོས་ཀྱང་བསམ་གཞིགས་བཏང་ན་བློས་མི་དཔག་པ་ཞིག་ཡིན་པའི་ངེས་པ་མེད། བདེ་འདོད་ནི་ཐུན་མོང་ལ་མངའ་བའི་ཆོས་ཉིད་ཡིན་པས། དེ་ནི་འབྲུག་རྒྱལ་ཀྱི་རྒྱལ་བོ་ཁོ་ན་དང་འཁྲབ་ཁྲིད་པ་རྡོ་རྗེ། དེ་མིན་རྫོང་སར་སོགས་ཁོ་ནས་ཤེས་འགྲོ་བ་ཞིག་ལས་གཞན་དག་གིས་མི་ཤེས་པ་ཞིག་ག་ལ་ཡིན། གང་ལྟར་བདག་གི་བསམ་ཚུལ་ལ་གློག་བརྙན་འདིའི་ཕྱི་ནང་ཅི་ལྟར་སློག་ཀྱང་བདེ་སྐྱིད་ཀྱི་ཚད་གྲངས་ཅི་ལྟར་འཇལ་ཀྱང་། མེད་དུ་མི་རུང་བ་ནི་དྲིན་ཅེས་པ་དེ་རེད། འདི་ལས་གལ་ཆེ་བ་ཞིག་གང་ནས་བལྟས་ཀྱང་མཐོང་མ་སོང་། ཡིན་ན་ཡང་མེད་ཅེས་སྨྲ་མི་ཕོད། དེ་ནི་རང་གི་བསམ་ཚུལ་ལས་འཕྲོས་ཏེ་བརྗོད་པ་ཙམ་ཡིན། ཁྱོད་ལ་ཕྱིའི་མཐུན་རྐྱེན་ཅི་ཙམ་འབྱོར་ཀྱང་ནང་སེམས་ཞི་བདེ་མ་ཡོང་ན་གློག་བརྙན་ནང་གི་དགེ་རྒན་བཞིན་ཕུགས་བསམ་དེ་མངོན་འགྱུར་བྱུང་ཡོད་ཀྱང་། ཁོས་སྔར་བཞིན་ལུང་ནག་ནའི་གཏམ་རྒྱུད་ཀྱིས་སེམས་ཁམས་གསོ་ཐབས་བྱེད་དགོས། གློག་བརྙན་གྱི་མགོ་རྩོམ་སྟངས་དང་མཇུག་སྟངས་གཉིས་ཀྱི་ཁྱད་པར་ནི་འདི་ལྟ་སྟེ། ཕ་ཡུལ་ནས་མི་འདུག་པར་ཕྱི་རྒྱལ་དུ་འགྲོ་འདོད་པ་དང་། ཕྱི་རྒྱལ་ནས་སླར་ཡང་རང་རྒྱལ་གྱི་ལུང་ནག་ན་དྲན་པ། མདོར་ན་ཡིག་ཚོགས་མང་འགྲོ་བས་འཇིག་རྟེན་གྱི་དྲིན་རྟོགས་ན་ད་གཟོད་ཕྱི་ནང་འཆམ་མཐུན་དང་ཡོད་ཚད་བདེ་ལེགས་འབྱུང་ངོ་།། དེ་བཞིན་ཡོང་བའི་བཀྲ་ཤིས་ཀྱིས་མཇུག་བསྡུ་བའོ།། བཀྲ་ཤིས་བདེ་ལེགས།

419109779.jpg

                  གློག་བརྙན་གཟིགས་གནས། 

https://mp.weixin.qq.com/s?__biz=MzA5MjAwNjMzOA==&mid=2649783725&idx=1&sn=8e52e1e1ec27144dc14602636475d3be&exportkey=AUgNQr7gfWX0qFNn5a6mce0%3D&acctmode=0&pass_ticket=mxo2CSnMUaHAaAdT5wCp86T3uIlyt9hU5rsBhTfTJF6TvRAYNGVRxi08TWQjzW%2F0&wx_header=0

  • ཟུར་བཀོད།

     ལུང་ནག་ན་བལྟས་རྗེས་ཀྱི་ཚོར་བ་ཞིག http://www.filmtbt.com/news/dok/2021-08-31/1160.html

     ལུང་ནག་ན་ཞེས་པའི་གློག་བརྙན་གྱི་དབུས་དང་མཐའ། http://www.filmtbt.com/remark/other/2022-01-10/1182.html


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།