ང་ཚོས་དཔེ་ཆ་ཞིག་གི་འདུ་ཤེས་བཟུང་ནས་གློག་བརྙན་ཞིག་ལ་བལྟས།

640_副本.jpg

          ངེད་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་ལ་མཚོན་ན་ནམ་རྒྱུན་དགེ་རྒན་ཚོའི་གོ་རྟོགས་ཇེ་བཟང་དང་། ཆེད་ལས་ཀྱི་ནུས་པ་སྲ་བརྟན་དུ་གཏོང་བ། བྱིས་པར་སྤྲོ་སྣང་ཅན་གྱི་སློབ་གསོའི་བྱེད་སྒོའི་སྤེལ་བ་གཙོ་བོར་བཟུང་ནས་སློབ་གསོའི་སྐོར་གྱི་དཔེ་ཆ་མཉམ་ཀློག་དང་གློག་བརྙན་ལ་མཉམ་དུ་བལྟ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་མུས་སུ་ཡོད་པ་ལྟར། འཛམ་གླིང་དཔེ་ཀློག་གི་ཉིན་མོ་བསུ་ཆེད་ད་རེབ་ཀྱི་ཟླ་འདིར་དགེ་རྒན་དང་ཁྱིམ་བདག བྱིས་པ་བཅས་ཀྱིས་དཔེ་ཀློག་སྐོར་ལ་བྱ་འགུལ་སྤེལ་གྱིན་པའི་ཟླ་བ་དམིགས་བསལ་བ་ཞིག་ཆགས་ཡོད། ཏག་ཏག་དུས་ཚོད་འདིར་དམ་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་གསའ་ཞེས་པ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་རུ་སྟོན་བཞིན་པའི་སྐབས་དང་འཁེལ་བས། ངེད་བྱིས་སྐྱོང་གླིང་གི་ཁྱིམ་བདག་ཨུ་ཡོན་དང་དགེ་རྒན་ཡོངས་ཀྱིས་གློག་བརྙན་ལ་ལྷན་དུ་བལྟས་པ་མ་ཟད། གློག་བརྙན་གསའ་ཕབ་བསྐྲུན་གྱི་ལས་ཀར་ཟབ་ཞུགས་གནང་མཁན་ནམ་དངོས་བཤུས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་མཁའ་བྱམས་རྒྱལ་ལགས་དང་། གློག་བརྙན་གསའི་ནང་གི་འཁྲབ་སྟོན་པ་བརྩོན་འགྲུས་རྒྱ་མཚོ། གློག་བརྙན་དེའི་དོ་དམ་སོགས་ཀྱི་ཐད་ཕྱག་ལས་གནང་མྱོང་མཁན་གྱི་རྒན་རིན་ཆེན་རྡོ་རྗེ། སྙན་ངག་པ་རེ་རྐང་གླིང་སོགས་གདན་ཞུས་ཀྱིས། གློག་བརྙན་གསའ་དང་འབྲེལ་བའི་བགྲོ་གླེང་གཏམ་བཤད་དང་དྲི་བར་དྲིས་ལན་སྐྱོན་པ། གློག་བརྙན་དང་དཔེ་ཀློག་གི་གལ་ཆེན་རང་བཞིན། བརྙན་ཡོལ་ནས་མཐོང་མི་ཐུབ་པའི་ཤེས་བྱ་ཇི་རྙེད་ཅིག་ཁྲིད་སྟོན་གནང་བ་བཅས་ཀྱིས་ངེད་ཅག་ཡོངས་ལ་བློ་སྐྱེད་བླ་ན་མེད་པ་ཐོབ། རེབ་གོང་གི་གློག་བརྙན་ཁང་ཆུང་ཆུང་འདིར་ལྟད་མོ་བས་རྐུབ་སྟེགས་ཡོངས་སུ་བཀང་བའི་གོ་སྐབས་མང་པོ་མེད་པ་ལས་གཅིག་ནི་ང་ཚོར་རྐུབ་སྟེགས་ཀྱིས་མ་འདང་བར་ཟ་ཟུར་ནས་ཀྱང་འདུག་དགོས་བྱུང་བ་ནི་གློག་བརྙན་ཁང་འདིར་བྱུང་བའི་རྣམ་པ་གསར་བ་ཞིག་རེད་ལ། འདི་ནི་གློག་བརྙན་གསའ་ཡི་སྒྱུ་རྩལ་འདྲེན་ཤུགས་ཀྱིས་རྔུབ་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཡིན་ལབ་ནའང་རྫུན་དུ་ག་ལ་འགྲོ།
640 (1)_副本.jpg
         ང་ཚོ་ནི་སློབ་གསོའི་སྡེ་དང་དམིགས་བསལ་བྱིས་པའི་སློབ་གསོ་གཉེར་མཁན་རྐྱང་ཡིན་པའི་ངོས་ནས་གློག་བརྙན་འདིས་དཔེ་དེབ་རྩ་ཆེན་ཞིག་བཀླགས་གྲུབ་པའི་ཚོར་བའི་བདེ་སྣང་གིས་ཁྱབ་ཅིང་། བཟོད་བསྲན་ངང་རིང་དང་། བྱམས་བརྩེའི་གཤིས་ཀ་ཅན་གྱི་སྦྱིན་པའི་ཕ་རྒན་དང་། འབྲོག་པ་ཞིག་གི་ཡོད་ཚད་ཡིན་པའི་སྒོ་ཕྱུག་གི་གནོད་འཚེ། རྒན་གཞོན་གཉིས་ཀའི་བསམ་བློའི་མི་འདྲ་ས། ཁྱིམ་བདག་མ་ཞིག་གི་དཀའ་སྡུག་དང་དབང་ཚད་ཀྱི་གནས་བབ། མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འགལ་འདུ་དང་། མ་བདེ་བུ་བྱམས་ཤིག་ཡོང་དཀའ་བའི་འཚོ་བ། སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་དང་བློས་གཏོང་གི་སྤོབས་པ། གངས་རིའི་རྣམ་ཤེས་སུ་འདོད་པའི་བག་ཆགས་ཀྱིས་རྐྱེན་པས་གྱོང་དང་ཕམ་ཁ་རང་གིས་འཁུར་བ་དང་ཁེ་དང་རྒྱལ་ཁ་གཞན་ལ་སྟེར་བའི་བླ་མེད་ཀྱི་སྤྱོད་པ། འབྲོག་པའི་འཚོ་བའི་རང་དབང་གི་ནམ་མཁའི་ཁྲོད་ནས་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་ན་ཡང་། བསམ་གཟས་དང་མ་གཟས་པའམ་འདོད་དང་མི་འདོད་ལ་མ་ལྟོས་པར་བཤད་དགོས་པའི་སྐད་ཆའི་བདེན་རྫུན། ཕ་སེམས་བུ་ཐོགས་ཞེས་པ་བཞིན་ཡུན་རིང་གྲ་སྒྲིག་བྱས་པའི་དབུས་མཇལ་གྱི་འཆར་གཞི་དང་སྒོར་མོ་ཡང་བློས་གཏོང་བ། མི་རབས་ནས་མི་རབས་བར་ཡོད་ཚད་ཕ་མའི་ཁ་ཐོག་ཏུ་འཇོག་པའི་གོམས་སྲོལ་ཉམས་དམས་སུ་འགྲོ་བཞིན་པ། བཟའ་མི་གང་བོའི་ཁྲོད་ནས་རྒན་པ་དང་གཞོན་པ། ཆོས་པ་དང་ཁྱིམ་བདག་མ། གསར་འགོད་པ་དང་གཞུང་ཞབས་པ། ཉེན་རྟོག་པ་བཅས་སོ་སོའི་འགན་ཁུར་དང་གནས་བབ། ཐོབ་ཐང་བཅས་མི་འདྲ་བའི་གནས་སྟངས་གང་དེས་བསམ་ཕྱོགས་མི་འདྲ་བའི་སྣེ་མོ་སྣོལ་འཛིང་གིས་འདུག་པས་རང་རང་སོ་སོའི་དམིགས་ཡུལ་མི་གཅིག་ན་ཡང་། ཕན་ཚུན་བར་གྱི་རེ་བ་ཡོངས་འགྲུབ་ཀྱི་ཆེད་དུ་ལུས་ཚེགས་དང་སྒོར་མོའི་གཏོང་ཕོད་ཀྱང་ཅི་མི་སྙམ་པར་གྱུར་ནས་ཕ་ལས་བུ་བཙན་པའི་སྣང་བརྙན་འདིས་ཀྱང་དུས་མཐུན་གྱི་འགྲེལ་བཤད་ཅིག་གནང་ཡོད་པ་མ་ཟད། རི་ཁུག་ལུང་ཀྱོག་ཅིག་ཏུ་ཡོད་པའི་ཁྱིམ་ཚང་ཞིག་ནས་སྒོང་བག་དང་ཁ་ཚ་ཟ་སྟངས་ནས་ཤ་ཟ་སྟངས། ཀུ་ཤུའི་གློག་ཀླད་ནས་གསའ་ཡི་བརྙན་ལ་བལྟ་བ། ར་སྐོར་ནང་དུ་བཅུག་པའི་གསའ། ར་སྐོར་ནང་གི་གསའ་བཞག་ནས་རི་མགོར་གསའ་ཡི་བརྙན་ལེན་འདོད་ཀྱིས་དཀའ་ལས་རྒྱག་པ། གསའ་བླ་མས་པར་ཆས་ལ་བདག་གཅེས་དང་བེད་སྤྱོད་ཀྱི་གནས་སྟངས། ལྕགས་ཁེམ་སོགས་བཟུང་ནས་གསའ་འགོག་པ་དང་། ལག་རིང་ཡོང་ནས་ལུག་ལེན་པ། ལག་ཏུ་མེ་མདའ་མེད་པའི་འབྲོག་པ་ཚོས་ཀྱང་རྒྱལ་ཁབ་རིམ་པ་དང་པོའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་རྒྱུའི་གལ་ཆེན་རང་བཞིན་རྟོགས་དགོས་པ་སོགས། རྒན་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་མང་པོའི་ནང་མཐོང་ཡོང་བའི་སྲོལ་རྒྱུན་དང་དེང་རབས་ཀྱི་འགལ་ཟླ་དང་གློག་བརྙན་ཀུན་གྱི་མགོ་མཇུག་བར་གསུམ་དུ་ཁྱབ་བའི་བརྩེ་བ་དང་སྙིང་རྗེའི་རང་གཟུགས་མངོན་ཐུབ་པའི་ཁྱད་ཆོས་འདི་དག་གིས་གློག་བརྙན་གྱི་བླ་དང་སྲོག་བཟུང་ཡོད་པ་འདི་ནི་རྨད་དུ་བྱུང་བ་ཞིག་རེད། 
         གློག་བརྙན་གསའ་ལ་བལྟས་རྗེས་རང་བཞིན་གྱིས་ང་རྒྱལ་གཞན་ཞིག་སྐྱེ་འོང་བ་ནི་འཁྲབ་སྟོན་པ་རེ་རེ་གློག་བརྙན་འཁྲབ་གཞུང་གི་བརྗོད་དོན་དང་འཁྲབ་ཁྲིད་པའི་རེ་བ་ལྟར། ལུས་སེམས་གཉིས་ཀ་འཚོ་བ་དངོས་ཀྱི་ནང་ཞུགས་ཐུབ་ཡོད་པའི་སྣང་བརྙན་གསོན་པོ་དེ་ནི་ཐོལ་བརྒལ་ཆེན་པོ་ཞིག་དང་རེ་བ་གསོན་ཤུགས་ཅན་ཞིག་དང་། ཕ་དམ་པ་བཤེགས་ཤུལ་དུ་ཕ་ཤུལ་བུས་འཛིན་མི་ཐུབ་ན་ཡང་ཐུབ་དགོས་པ་ཙམ་མིན་པར། མི་ཁྲི་སྟོང་མང་པོས་རེ་བའི་མིག་གིས་ཅེར་ས་སྟག་ཤར་འཇིགས་མེད་འཕྲིན་ལས་ཀྱིས་ཀྱང་ཕ་དམ་པའི་རྣམ་དཔྱོད་དང་བརྩོན་འགྲུས། སྤྱོད་བཟང་དང་ཕུགས་མདུན་གྱི་སྐས་ཐེམ་རེ་རེ་ནས་རྒྱལ་ཁའི་ང་རོ་སྒྲོག་པའི་གསར་འགྱུར་རེ་རེ་སའི་གོ་ལའི་ཉིན་སྲིབ་ཀུན་ནས་འཕྲོ་བར་ཤོག།

རྩོམ་པ་པོ། རླངས་ཚང་བསོད་ནམས་རྡོ་རྗེ།

དཔྱད་མཆན་ཡོད།