འཚོ་གནས་དང་འགལ་འདུ།

འཚོ་གནས་དང་འགལ་འདུ།

                                                                                        ——གློག་བརྙན«གསའ»ཡི་བརྗོད་གཞི་དང་མཚོན་ཐབས་གླེང་བ།

རྩོམ་པ་པོ། སྒོམ་པ་བཀྲ་ཤིས།

640 (2)_副本.jpg

       པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་དང་བརྩམས་སྒྲུང་དུ་བཞེངས་བསྐྲུན་བྱེད་པའི་མི་སྣ་གཙོ་བོ་དག་ནི་སྤྱི་ཚོགས་ཀྱི་དངོས་ཡོད་འཇིག་རྟེན་ལས་བརྒལ་ཏེ། བསམ་པའི་འཇིག་རྟེན་གཞན་ཞིག་ཏུ་འགྲིམ་པ་གཙོ་ཆེ། འཚོ་ཆས་ཀྱི་གཞན་དབང་དང་དགོས་ཕན་རིང་ལུགས། སྤྱི་ཚོགས་འཆིང་རྒྱ་ལས་ཐར་ཏེ་ནང་སེམས་ཀྱི་ཞི་འཇགས་ལ་ཕྱོགས་པ་ལྟ་བུ།གཙོ་བོ་ཁོས་རང་གི་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དག་གི་མི་བུ་སྒེར་གྱི་བསམ་པའི་འཇིག་རྟེན་(人的个体精神世界)ལ་སྔར་མེད་ཀྱི་དང་དོད་བྱེད་པ་མཚོན།

      སྤྱིར་ཚོགས་པ་དང་མི་བུ་སྒེར་གྱི་སྣེ་མང་རྙོག་འཛིང་གི་འགལ་འདུ་གྲུབ་སྟངས་ནི།ཕྱོགས་ཆེ་ས་ནས་དངོས་ཡོད་དང་བསམ་པའི་བར་གྱི་འགལ་འདུ་གཅིག་ཡིན་ལ། དེ་ནི་མི་བུ་སྒེར་གྱི་རེ་བསྙེགས་གི་བསམ་པའི་དཔལ་ཡོན་དང་མིག་མདུན་གྱི་སྣང་ངོར་གྲུབ་པའི་སྤྱི་ཚོགས་འཚོ་བའི་བར་ཁྱད་ལ་ཟེར།དེར་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཆབ་སྲིད། སྲིད་ཇུས་སོགས་ཀྱི་རྒྱུ་རྐྱེན་ཡང་འདུ། དཔེར་ན། གློག་བརྙན་《ཐར་ལོ》འི་ནང་གི་མི་སྣ་གཙོ་བོའི་ཤེས་རྨོངས་ལས་གྲུབ་པའི་འཇིག་རྟེན་དང་དངོས་ཡོད་ཀྱི་རྒྱུ་ནོར་དང་བརྩེ་དུང་གིས་ཁོ་ལ་ཐེབས་པའི་བསླུ་བྲིད་ལྟ་བུ། ཡང་ཕྱོགས་གཞན་ཞིག་ནི་རང་དབང་དང་འགན་འཁྲིའི་བར་གྱི་འགལ་འདུ། དེར་དད་པ་དང་དངོས་ཡོད་ཀྱི་འགལ་ཟླ་ཡང་འདུ། འདི་ནི་ཅུང་ཟད་གཞི་རྒྱ་ཆེ་བའི་འགལ་འདུའི་ཕུང་བོ་གྲུབ་སྟངས་ཞིག་སྟེ། གཙོ་བོ་མི་སྒེར་རང་ཉིད་ཀྱི་འདོད་པ་ཐེར་འདོན་དང་སྤྱི་ཚོགས་ཀྱི་མིའི་འགན་འཁྲི་ལས་བསྐྱེད་པ་ཞིགབྱེ་བྲག་ཏུ་བཤད་ན། གློག་བརྙན《དབུགས་ལྒང》ནང་གི་བུད་མེད་གཙོ་འཁྲབ་པར་དད་པ་དང་དངོས་ཡོད་ཀྱི་གདམ་གསེས་ཁྲོད་ལྷག་པའི་དཀའ་ངལ་དེ་ལྟ་བུ། གཙོ་བོ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཐུན་མོང་ཤེས་རིག་གིས་མི་སྒེར་གྱི་ཀུན་སྤྱོད་དང་འདོད་པར་ཚོད་འཛིན་ཐེབས་ནས་ཡོད་པ་སོགས་ལྟ་བུ།

640 (3)_副本.jpg

        གོང་གི་འགལ་འདུ་འདི་དག་མིའི་རིགས་སྤྱི་ལ་ཁྱབ་པའི་རྣམ་པ་ཞིག་ཀྱང་ཡིན་ཏེ། དབྱི་རག་གི་གཙོ་རྒྱུགས་གློག་བརྙན་དག་དང་ཧྥ་རན་སིའི་རིགས་ཅན་གློག་བརྙན་མང་ཆེ་བར་ཡང་ཐོག་མའི་འགལ་འདུ་ཉིད་བརྗོད་གཞི་གཙོ་བོར་བྱེད་ལ། སྲོལ་རྒྱུན་དང་དེང་རབས། གཉེན་སྒྲིག་དང་བརྩེ་དུང་གི་རང་དབང་། ཀུན་སྤྱོད་དང་ཁེ་ཕན་གྱི་འགལ་ཟླས་མཚོན་པའི་སོ་སོའི་འགལ་བ་དག་མཚོན་ཐབས་མི་འདྲ་བ་སྣ་དུ་མས་མི་སྒེར་གྱི་རིན་ཐང་གི་ལྟ་བ་མི་འདྲ་བ་དུ་མ་སྒྱ་རྩལ་གྱི་ལམ་ནས་མཚོན་པ་ལྷུར་ལེན་བྱེད་ཡོད།   མཚན་ཉིད་རིག་པའི་གཞུང་ལུག་ལྟར་ན་ཡང་འགལ་འདུ་ནི་སྤྱི་ལ་ཁྱབ་པ་ཞིག་སྟེ།མི་ཡི་སྤྱི་ཚོགས་སུ་འགལ་འདུ་ཡོད་པས་ད་གཟོད་འཕེལ་རྒྱས་ཡོད་པ་དེ་དང་ནང་བཞིན། གཙོ་བོ་པདྨ་ཚེ་བརྟན་གྱི་གློག་བརྙན་ལས་འཚོ་བའི་ཁྲོད་ཀྱི་འགལ་འདུ་དག་ཞིབ་བརྗོད་བྱེད་པ་ཁོ་ན་ཙམ་མིན་པར། མི་ཡི་འཚོ་གནས་ཁྲོད་ཀྱི་འགལ་འདུ་དེ་དག་བྱེ་བྲག་གིས་སྒྱ་རྩལ་གྱི་ལམ་ནས་ཇི་ལྟར་མཚོན་པར་བྱ་རྒྱུ་དེའོོ།། ཨུ་རུ་སུའི་རིག་རྩལ་གཞུང་ལུགས་སྨྲ་བ་གྲགས་ཅན་ནེའུ་ཀུ་ལ·ཅཱ་ཧྥུ་ལེ་ནོ་བེ་ཆུ་尼古拉·加夫里诺维奇ཡིས་གསུངས་བ་བཞིན།“སྒྱ་རྩལ་ནི་དངོས་ཡོད་འཚོ་བ་ལས་བྱུང་ཡང་ཕྱིར་མངོན་པའི་ཚེ་ན་འཚོ་བ་ལས་མཐོ།”ཞེས་པ་ལྟར། གཙོ་བོ་གསར་རྩོམ་མཁན་པོས་རང་གི་བརྩམ་བྱ་གང་དེའི་ཚོར་བ་དང་རྒྱུ་ཆ་དངོས་ཡོད་ཀྱི་འཚོ་བའི་ཙག་ཙིག་ལས་བྱུང་ཡང་། སྒྱ་རྩལ་ནི་དེར་རྩོམ་མཁན་གང་དེས་ལས་བསྣོན་དང་བཙོ་སྦྱང་གི་འབྲས་བུ་ལས་གྲུབ་པ་ལགས་ན་དེ་ཕྱིར་མངོན་པའི་ཚེ་དངོས་ཡོད་ཀྱི་འཚོ་བ་དང་མངོན་པར་འཕགས་ནས་ཡོད། པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་དག་ཀྱང་དེ་ལས་མ་འདས།ཁོའི་གློག་བརྙན་དག་གི་ཁྲོད་མིའི་ནང་སེམས་ཀྱི་འགལ་འདུ་དང་དེའི་བསྐྱེད་འབྲས་ལས་བྱུང་བའི་འཇིག་རྟེན་དངོས་བརྒལ་རིང་ལུགས་ཀྱི་བརྙན་མིག་གི་མཚོན་ཐབས་ལས་ང་ཚོར་མངོན་སུམ་ལྟར་སྣང་བར་བྱེད་ལ། བརྙན་མིག་རིང་མོའི་སྒྱུ་རྩལ་གྱི་མཚོན་ཐབས་ལས་བར་སྟོང་དང་དུས་ཚོད་ཀྱི་བདེན་དངོས་རང་བཞིན་གཏམ་རྒྱུད་དུ་དྲངས་ནས་ལྟད་མོ་བར་འཚོ་བ་དང་གློག་བརྙན་གྱི་བར་ཐག་བསྐངས་ནས་ཡོད། མ་ཟད་དངོས་བརྒལ་དང་བརྙན་མིག་རིང་མོའི་མཚོན་ཐབས་ལྷན་དུ་སྡེབ་ནས་ཁོ་རང་ཉིད་ལ་དབང་བའི་སྒྱ་རྩལ་གྱི་མཛེས་རྟོག་གསར་བ་ཞིག་ལྷུན་གྱིས་གྲུབ་ཡོད། དེ་ནི་འཚོ་བའི་སྤྱིར་བཏང་གི་གཏམ་རྒྱུད་ལ་མཚོན་ཐབས་སྣ་ཚོགས་པས་རྒྱན་སྤྲས་པའི་རྨད་བྱུང་གི་གྲུབ་འབྲས་དང་དེར་སྒྱུ་རྩལ་གྱིས་ཕྱུག་པའི་རིན་ཐང་ངོ་།།

        ད་རེབ་ཀྱི་གློག་བརྙན་འདི་ཡང་སྤྱིར་བཏང་འཚོ་བའི་གཏམ་རྒྱུད་གཞི་བྱས་ཐོག་མཚོན་ཐབས་དང་བརྗོད་གཞི་རྒྱ་ཆེ་ཟབ་མོ་ལྡན་པ་ནི། འདིར་མི་དང་སྲོག་ཆགས་ཀྱི་འཚོ་གནས། སྐྱེ་ཁམས་དཔལ་ཡོན་དང་དེང་རབས་རིག་གནས། སྲོལ་རྒྱུན(དད་པ)་དང་དངོས་པོའི་དཔལ་ཡོན་ཀྱི་གདོང་གཏུགས། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྒེར་གྱི་འཚོ་བའི་གདམ་ཀ དབང་ཆ་སོགས་འགལ་འདུ་གྲུབ་སྟངས་རྒྱ་ཆེ་ལ། དེ་དག་གིས་བསྐྱེད་པའི་གནད་དོན་ཁྲོད་མི་ཡང་ང་ཚོའི་མཐོང་སྣང་གི་གཅན་གཟན་གསའ་དང་འདྲ་བར་ཁར་གྱང་དང་ལྕགས་ཚེར་གྱིས་ཡོངས་སུ་བསྐོར་ནས་ཡོད་པས་མཚོན་དོན་ཉིད་གཏིང་ཟབ། མ་ཟད་གློག་བརྙན་འདིར་སྒྱུ་རྩལ་དང་ལག་ཐབས་CGགཉིས་ཟུང་སྤྲེལ་གྱིས་དེང་རབས་རིག་གནས་ལ་གསར་དུ་གོ་དོན་ཞིག་བསྣན་ཡོད།

༡.གློག་བརྙན་ཁྲོད་ཀྱི་སྣ་མང་གི་འགལ་འདུ་གྲུབ་སྟངས། 

       གཏམ་རྒྱུད་ཀྱི་ཐོག་མའི་འབྱུང་རྐྱེན་ནི་གཅན་གཟན་གསའ་འབྲོག་པའི་ལུག་རར་ལྡིང་ཡོང་ནས་ལུག་དགུ་བསད་སོང་བ་དེ་ཡིན་ལ། གནད་དོན་འདི་ལྟ་བུའི་གསར་འགྱུར་དིང་སང་ཅུང་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། གོ་ཐོས་སུ་ནག་ཆུ་ས་ཁུལ་དུ་དྲེད་མོང་དང་གསའ་སོགས་ཀྱིས་ཐད་གར་མི་ལ་རྒོལ་བའང་བཤད་རྒྱུན་ཡོད། མ་ཟད་གློག་བརྙན་ཁྲོད་ཀྱི་བྱུང་རིམ་ཇི་བཞིན་གསའ་ཡིས་འབྲོག་པའི་ཕྱུག་རིགས་ལ་རྒོལ་བའི་དངོས་བྱུང་གི་བརྙན་དུམ་ཡང་དྲྭ་ལམ་ན་མང་ཙམ་མཐོང་རྒྱུ་འདུག རྒྱུན་མཐོང་གི་སྣང་ཚུལ་འདི་དག་ཕྱིར་གློག་བརྙན་ཁྲོད་ཀྱི་བརྗོད་གཞི་ལ་བབ་ན་མི་དང་སྲོག་ཆགས་ཀྱི་འཇིག་རྟེན་མི་འདྲ་བ་གཉིས་ལས་སུས་སུ་ལ་གཏོར་བཤིག་བཏང་བ་དེ་རེད་འདུག གནད་དོན་འདི་གསར་འགོད་པ་དང་འབྲོག་པ། པར་ཆས་ཐོགས་པའི་གྲྭ་བ། སྲིད་གཞུང་གི་ལས་བྱེད་མི་སྣ། གཉེན་རྟོགས་པ་སོགས་ཀྱི་མི་སྣ་རེ་རེའི་མཐོང་སྣེ་སྤྱད་དེ་གཏམ་རྒྱུད་ཧྲིལ་བོའི་ཟློས་གར་རང་བཞིན་གྱི་འགལ་བ་རྣོ་ངར་ཅན་ཏུ་བཏང་འདུག་ལ། མི་དང་སྲོག་ཆགས་ཀྱི་འགལ་ཟླ་ནས་ཐོད་བརྒལ་བྱུང་སྟེ། ལས་སྣེ་མི་འདྲ་བ་སོ་སོའི་མི་སྣའི་རྒྱབ་ལྗོངས་ཀྱི་རིན་ཐང་གི་བལྟ་བ་དང་། དད་མོས། དབང་ཤེད། འཚོ་བ་སོགས་ཕྱོགས་མི་འདྲ་བ་དུ་མས་གྲུབ་པའི་འགལ་ཟླ་ཆེ་ཤོས་ཞིག་ཏུ་གྱུར།

༢.གསར་འགོད་པའི་མཐོང་སྣེ།

640 (4)_副本.jpg

         ཐོག་མར་གསར་འགོད་པའི་མཐོང་སྣེ་སྤྱད་དེ་གློག་བརྙན་འགོ་ཚུགས་ཡོད་པ་ནི། གཙོ་བོ་ཁོ་ཚོའི་ལག་གི་བརྙན་ལེན་འཕྲུལ་ཆས་དེ་དང་བརྙན་ལེན་པ་བང་ཞེན་王旭(ཞོན་ཙི་ཆུས་ཀྱིས་འཁྲབ)གྱི་མིག་ཟུང་སྤྱད་དེ་ཕྱི་ནས་ནང་ལ་བལྟ་བའི་གོ་རིམ་ཞིག་ཆགས་འདུག རང་བྱུང་ཁམས་ཀྱི་ཕྱི་སྣོད་ཀྱི་མཛེས་པ་དང་མཚར་ཉམས། མིག་མདུན་ན་དངོས་སུ་སྣང་བའི་རི་དྭགས་གསའ། མ་ཟད་དེར་གཞིས་སྡོད་བྱེད་པའི་འབྲོག་པའི་འུ་ཚུགས་དང་གླེན་རྟགས། འདི་དག་ཚང་མ་གསར་འགྱུར་དང་བརྙན་ལམ་ལ་བསྒྲོག་བྱེད་ཀྱི་རྒྱུ་ཆ་རྐྱང་བ་ཙམ་ལས་དངོས་སུ་འཚོ་བར་ཟབ་ཞུགས་དང་། རྒྱུས་ལོན། ཉམས་མྱོང་གི་གོ་རིམ་སོགས་གང་ཡང་མེད་པས་ཁོ་ཚོའི་མཐོང་སྣེ་ནི་འགལ་ཟླའི་འབྱུང་རྐྱེན་དང་གནད་དོན་གྱི་གཞི་འཛིན་སར་བཅོལ་མི་རུང་། དེ་ནི་བརྙན་ལེན་འཕྲུལ་ཆས་ཀྱི་ནང་དུ་ཟིན་པའི་སྒྲོམ་གཞིའི་ནང་གི་མཐོང་སྣང་ཙམ། དཔེར་ན། ཨ་ཁུ་གསའ་ཇི་ལྟར་ལུག་རའི་ནང་དུ་ལྡིང་སོང་བ་སོགས་ནི་བརྙན་ལེན་འཕྲུལ་ཆས་ཀྱི་ཕྱི་ནས་བྱུང་བའི་བྱ་བ་ཡིན་ལ། དེའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་མང་པོ་ཞིག་གསར་འགོད་པའི་བརྙན་ལེན་འཕྲུལ་ཆས་ཀྱིས་ཟིན་ཏུ་མེད་པ་དེ་དང་འདྲ། དིང་སང་གི་གསར་འགྱུར་ལས་ཁུངས་མང་ཤོས་ཀྱི་རང་བཞིན་དང་གཅིག་མཚུངས་ཡིན།

       ཤུགས་བསྟན་ནས་གསར་འགོད་པའི་མཐོང་སྣེ་འདི་ནི་ད་ལྟའི་ཕྱི་ཡི་མི་ཕལ་མོ་ཆེས་བོད་ཅེས་པར་བཟུང་བའི་རྣམ་འགྱུར་ཡང་ཡིན་འདུག དཔེར་ན། ཡར་སྔོན་གྱི་བོད་འབྲེལ་གློག་བརྙན་མང་ཆེ་བར་ཡང་བོད་ཅེས་པ་ནི་ནད་ཚ་སྐྱོ་ངལ་དང་བྲལ་ཞིང་། ལག་ལ་ཁ་བཏགས་བཟུང་ནས་སྤྲོ་དགས་མགྲོན་པོ་བསུ་བ། ནམ་རྒྱུན་ཆང་འཐུང་ཞིང་གླུ་ལེན་གར་རྩེད་ལ་རོལ་ནས་བསྡད་ཡོད་པ་ཞིག་ཕབ་ཡོད་པ་དེ་བཞིན། དེར་བརྟེན་པདྨ་ཚེ་བརྟན་ཁོང་རང་ཉིད་ཀྱང་གློག་བརྙན་གྱི་ལམ་ཁ་འདིར་ཞུགས་པའི་ཐོག་མའི་ཀུན་སློང་ནི་ཏག་ཏག་འདི་དང་འབྲེལ་བ་ཡོད་དེ། རང་གི་གཏམ་རྒྱུད་རང་གིས་བཤད་པའི་ལམ་ནས་གོང་གི་ཕྱི་ངོས་རྐྱང་བརྗོད་ཀྱི་བག་ཆགས་དེ་དག་ལ་གཡོ་སྐྱོམ་ཕྲན་བུ་རེ་ཐེབས་ན་བསམ་པའི་ཀུན་སློང་དེའོ།། 

       ད་དུང་གློག་བརྙན་དུ་གསར་འགོད་པའི་མཚོན་ཐབས་བརྒྱུད་ནས་རིག་གནས་ཀྱི་ཆ་ཞིག་བསྟན་ཡོད་པ་ནི། གཙོ་བོ་རིག་གནས་གསར་བའི་སིམ་འཛུལ་དང་སྲོལ་རྒྱུན་རིག་གནས་ཀྱི་གདོང་གཏུགས་རེད། འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་བརྩམས་ཆོས་ཚང་མ་ལ་མངའ་བའི་མཚོན་སྟངས་ཁྱད་པར་བ་ཞིག་ཡིན། ཡིན་ཡང་འདིར་སྔ་མའི་གློ་བརྙན་དག་དང་འདྲ་བར་རིག་གནས་གསར་རྙིང་གི་འགལ་ཟླ་ཉིད་མངོན་སུམ་གྱིས་ལྷང་ལ་ཕུད་མེད་དེ། བརྙན་མིག་གི་བསྡུར་བའི་ཐབས་ཀྱིས་མི་མཐུན་པ་ཡང་ད་ལྟ་ཕན་ཚུན་རྐྱ་འཐབ་ནས་ཡོད་པའི་སྣང་ཚུལ་ཞིག་སྟེ། བརྙན་ལེན་འཕྲུལ་ཆས་ཀྱིས་ཐད་གར་འབྲོག་པའི་གདོང་ལ་གཏད་ཀྱང་དེར་འཚེར་སྣང་མེད་ལ། སྐྱེས་སྐར་ལ་རོལ་དུས་ཡང་མཉམ་ཏུ་སྤྲི་གོར་ཟ་བཞིན་རྟེན་འབྲེལ་ཞུ་བ། སྟབས་བདེའི་མེ་ཁོག་ལ་ཡང་མཉམ་རོལ།(自热火锅)གློག་ཀླད་ལས་མཉམ་གཅིག་ཏུ་སྲོག་ཆགས་ཀྱི་འཇིག་རྟེན་ལ་བལྟ་བ་སོགས་རྒྱུན་འབྱམས་སུ་སོང་བའི་སྣང་ཚུལ་ཞིག་ང་ཚོར་མངོན་སུམ་ནས་བསྟན་ཡོད། གོང་གི་བྱེད་ལུགས་དག་ཟློས་གར་རང་བཞིན་གྱི་འགལ་ཟླར་གྲུབ་ཀྱང་། སྲོལ་རྒྱུན་རིག་གནས་མངོན་གསལ་དོད་པོས་ཞིབ་འགྲེལ་དང་དེ་ཉིད་དེང་རབས་ཅན་དང་འགལ་ཟླར་གྲུབ་པ་གཙོར་བཟུང་མེད་པ་ནི། གཅིག་ནས་ད་ཡོད་ཀྱི་འཚོ་བའི་བདེན་དངོས་རང་བཞིན་ཡིན་ལ། ཕྱོགས་གཞན་ཞིག་ནི་རྩོམ་པ་པོ་ལུང་རིན་ཆེན་གྱིས་བྲིས་པའི་རྒྱ་ཡིག་གི་དཔྱད་རྩོམ《ཉེ་བར་བཅར་བ་དང་རྒྱང་དུ་གྱེས་པ》(逼近与渐远) རུ་འདི་ལྟར་བྲིས་ཡོད་དེ། “ཉེ་དུས་ཁོང་(པདྨ་ཚེ་བརྟན)ལ་གསར་རྩོམ་གྱི་ཐད་ནས་འདུ་ཤེས་འཛིན་སྟངས་གསར་བ་ཞིག་ཡོད་པ་ནི། མི་རིགས་ཡུལ་ཁམས་རིག་གནས་ཚད་ངེས་ཅན་གྱིས་སྟོན་པ་ཤུགས་ཆེ་ན། གློག་བརྙན་དང་རྩོམ་རིག་རང་སྟེང་གི་རིན་ཐང་དང་ཁྱབ་སྤེལ་ལ་གནོད་ཅེས་པ་དེ་རེད། ”དེ་ལྟར་སོང་ན་འགལ་ཟླ་དེ་དག་ཡང་ཆེད་བྲིས་ཀྱིས་གཙོ་བོར་བཟུང་མེད་པར། གློག་བརྙན་ཁྲོད་ཀྱི་མི་སྣ་ནི་དང་ལེན་དང་དགག་རྒྱག་གི་བར་གནས་ན་ཡོད་པ་ཞིག་བཞེངས་བསྐྲུན་བྱེད་པའང་ཁོང་གི་གསར་རྩོམ་གྱི་ཁ་ཕྱོགས་འགྱུར་མཚམས་ཞིག་ཅི་ལ་མིན། དེང་རབས་ཚན་རྩལ་གྱི་ཐོན་རྫས་ཡོངས་སུ་ནི་དོར་ཡང་མེད་ལ་ཡོད་དོ་ཅག་གོ་དང་ལེན་ཡང་བྱས་མེད་པའི་བརྒལ་མཚམས་ཞིག་སྟེ། དཔེར་ན། ལྷ་ས་འགྲོ་བར་དེ་སྔའི་ཁོང་གི་བརྩམས་སྒྲུང《སྒྱུ་རྩལ་པ》དང་མི་འདྲ་བར་རྐང་ཐང་དང་གནམ་གྲུའི་གདམ་གསེས་ནི་མིན་པར། གློག་བརྙན་འདིའི་ཁྲོད་ཀྱི་ཕ་རྒན(བློ་བཟང་ཆོས་འཕེལ་གྱིས་འཁྲབ)དང་ཨ་ཁུ་གསའ་(ཚེ་བརྟན་བཀྲ་ཤིས་གྱིས་འཁྲབ)གཉིས་ལྷ་སར་འགྲོོ་བར་ཐད་ཀར་མེ་འཁོར་ཡིན་པ་འདིས་བྱེ་བྲག་གི་རིག་གནས་ཀྱི་འགལ་ཟླ་ཆུང་ངུར་བཟོས་ཡོད་དེ། དེ་ནི་ཕལ་ཆེར་ཨ་ཁུ་གསའ་ཡིས་གསར་འགོད་པར་(དགེ་འདུན་ཕུན་ཚོགས་ཀྱིས་འཁྲབ)བཏབ་པའི་ལན་ནང་བཞིན་ལྟར། “དགོན་པའི་ནང་གི་གྲྭ་བ་ཡིན་ཡང་ཞོར་ནས་རང་གི་དགའ་ཕྱོགས་གཉེར་ན་དེར་སྐྱོན་ཅི་ཡོད།” རིག་གནས་གསར་བ་དང་མཉམ་གནས་མཉམ་འདྲིས་ཀྱི་མཚོན་ཐབས་ཁྱད་པར་བ་ཞིག་བཀོལ་ཡོད། ཡིན་ཡང་མི་རིགས་ཀྱི་བསམ་བློའི་སྙིང་སྟོབས་དང་སྲོག་ཤིང་། དད་མོས་ལ་འགྱུར་བ་མེད་པར་ཚེ་སྲོག་གི་འདྲ་མཉམ་ལྟ་བ། སྙིང་རྗེ་ཆེན་པོ། མི་དང་རང་བྱུང་མཉམ་གནས་ཀྱི་བླ་མེད་སྤྱོད་པ་སྔར་མུས་བཞིན་ལྡན་པ་བརྩམས་ཆོས་ཁྲོད་དུ་མངོན་ཡོད།

༣.ཁོར་སྲུང་ཚོགས་པའི་ཚོགས་གཙོའམ་སྲིད་གཞུང་གི་ལས་བྱེད་པའི་མཐོང་སྣེ།

640 (5)_副本.jpg

           ༢༠༡༨ལོར་ཕབ་བསྐྲུན་བྱེད་པའི་དབྱི་ཐཱ་ལའི་གློག་བརྙན་《ལཱ་རྫ་རོ·ཧྥུ་ལེ་ཁི》(辛福的拉扎罗| Lazzaro felice)ཞེས་པར། གྲོང་ཁྱེར་དང་རི་ཆུས་རྒྱང་ཐག་གི་ཆོད་པའི་གྲོང་ཚོ་ཞིག་ཏུ། ཕྱུག་བདག་ཁྱིམ་ཚང་ཞིག་གིས་དེ་གའི་མི་དམངས་རྣམས་བྲན་ཏུ་བཀོལ་ནས་དུས་ད་ལ་ཐུག་གི་བར་ཡོང་ཡོད། གློག་བརྙན་ནང་གི་མི་སྣ་གཙོ་བོ་ལཱ་རྫ་རོ·ཧྥུ་ལེ་ཁི་ནི་ལོ་གཞོན་གཤིས་དྲང་གི་ཞིང་པ་གནལ་མ་ཞིག་ཡིན་ལ། ཕྱུག་བདག་ཚང་གི་སྐུ་སྲས་དང་འགྲོགས་འདྲིས་ཟབ་པས་ཁ་ོགཉིས་རིམ་གྱིས་གྲོགས་པོ་རུ་ཆགས་ཡོད། ཉིན་ཞིག་སྐུ་སྲས་ཡིས་རང་གི་ཨ་མའི་སྡོམ་གཅུན་འོག་ནས་ཐར་བའི་ཆེད་དུ་རང་ཉིད་གཞན་གྱིས་བཙན་ཁྲིད་བྱས་པའི་འཁྲབ་སྟོན་ཞིག་བྱེད། འཁྲབ་སྟོན་དེ་དང་འབྲེལ་ནས་བསམ་ཡུལ་ལས་འདས་པའི་དོན་དག་ཞིག་བྱུང་། དེ་ནི་ལོ་ངོ་དུ་མའི་རིང་གི་གྲོང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་བ་དང་། ཉེན་རྟོགས་པ་དང་སྲིད་གཞུང་གི་ལས་བྱེད་མི་སྣ་འོང་ནས་གྲོང་ཚོ་དེའི་གནས་ཚུལ་དག་གསར་འགྱུར་གྱི་ལམ་ནས་ཁྱབ་བསྒྲོག་བྱེད། མ་ཟད་མང་ཚོགས་དག་ཀྱང་ཞིང་བྲན་ལས་ཐར་བ་དང་སྲིད་ཇུས་གསར་བའི་དེང་རབས་ཀྱི་མིའི་ཁེ་དབང་སྤྲད། དེ་ལྟར་ཞིང་པ་ཚོས་རང་གི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ཚང་མ་གནས་དེར་ཁ་བྲལ་ནས་གྲོང་ཁྱེར་ཏུ་ཕྱིན། ཡིན་ཡང་གྲོང་ཁྱེར་ནས་ལཱ་རྫ་རོ·ཧྥུ་ལེ་ཁི་གཙོ་བྱེད་པའི་ཁོ་ཚོའི་འཁྱམ་མྱུལ་གྱི་འཚོ་བ་ཇེ་སྡུག་ཏུ་ཕྱིན། ཐ་ན་ལྟོ་རྒྱབ་ལའང་དཀའ་ངལ་བྱུང་བས་མི་རེ་འགས་རྐུན་དང་འཕྲོག་བཅོམ་བྱེད་དེ་ཁྲིམས་འོག་ལ་ལྷུང་། ལ་ལ་གཞན་གྱི་གཅར་རྡུང་འོག་ཚེ་ལས་འདས། དེ་ལྟར་གློག་བརྙན་གྱི་མཇུག་ཏུ་ཁོ་ཚོ་བྱ་ཐབས་ཟད་དེ་ཕྱིར་སྔར་གྱི་ཕ་ཡུལ་ལ་ལོག་པའི་ལམ་ཏུ་ཞུགས། སྐབས་འདིར་ཁོ་ཚོར་ཕྱིར་ལོག་པའི་གནས་མལ་ཞིག་ཀྱང་ཡོད་དཀའ་བས་ལམ་ཁ་ནས་གློག་བརྙན་ཡང་རྫོགས་སོང་།

        གཙོ་བོ་གློག་བརྙན་འདིར་སྐྱེ་ཁམས་དང་མིའི་བར་གྱི་རྒྱུན་མཐུན་འཕེལ་རྒྱས། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་ཆོས་ཉིད། མིའི་འཚོ་གནས་ཀྱི་གཏན་ཚིགས་སོགས་ཕྱོགས་མང་པོ་ནས་རྒྱས་བར་བཤད་ཡོད། སྡོད་མའི་འཚོ་གནས་ནས་དེང་རབས་ཅན་ལ་འཁྱོག་འགྱུར་བྱེད་པའི་གོ་རིམ་ཁྲོད་མིའི་འཚོ་བ་རོལ་ཕྱོགས་དང་བསམ་གཞིགས་བྱེད་སྟངས་ལ་འཕོ་འགྱུར་ངེས་ཅན་འབྱུང་ངེས་ལ། ཡིན་ཡང་དེ་དང་ཆབས་གཅིག་དེང་རབས་ཤེས་རིག་གིས་བསྐྱེད་པའི་གནད་དོན་ལ་ཡང་ཁ་གཏད་གཅོག་ཐུབ་དགོས། དེ་བས་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་གདོད་མའི་སྲོལ་རྒྱུན་རིག་གནས་དང་སྐྱེ་ཁམས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཐུབ་དགོས།  དེ་ན་གོང་གི་གློག་བརྙན་འདི་དང་འབྲེལ་ནས་སྲིད་གཞུང་གི་ལས་བྱེད་པའི་(ཀུན་བདེ་ཡིས་འཁྲབ)མཐོང་སྣེ་གླེང་ན་དེར་མཐུན་སའི་ཆ་ཅུང་མང་ལ། སྐབས་འདིར་ལས་བྱེད་པ་ནི་ཕྱོགས་གཅིག་ནས་སྲིད་ཇུས་ལག་ཏུ་བསྟར་མཁན་དང་། ཡང་ཕྱོགས་གཞན་ཞིག་ནས་སྲིད་གཞུང་དང་ས་གནས་བར་ཀྱི་སྤྲེལ་ཟམ་དུ་གྱུར་ཡོད།

640 (6)_副本.jpg

       གསའ་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབས་སྲོག་ཆགས་ཡིན་པས་བཀག་ཉར་བྱེད་ན་ཁྲིམས་འགལ་ཡིན་པ་དང་། ད་ལྟ་ངེས་པར་དུ་ཕྱིར་གཏོང་དགོས་པ་འདི་སྲིད་ཇུས་ཡིན། འདིའི་སྔུན་ནས་ས་གནས་འབྲོག་པ་མང་ཚོགས་སྦྱིན་པ་(སྦྱིན་པས་འཁྲབ)ལ་མཚོན་ན་གྱོང་གུད་ཁ་གསབ་ཞིག་རེག་ན་མ་གཏོགས་གསའ་གཏན་ནས་ཕྱིར་མི་གཏོང་བའི་ཨུ་ཚུགས་དེ་ཁོའི་འཚོ་གནས་ལ་ཕྲད་པའི་དཀའ་ཁག་རེད། སྐབས་འདིར་གནད་དོན་འདི་རྒྱུ་ནོར་གྱི་མ་གཏོགས་ཐག་གཅོད་དཀའ་བའི་གནས་སུ་གྱར་ཡོད། སྦྱིན་པ་ནི་དེང་སྐབས་ཀྱི་འབྲོག་པ་སྤྱིའི་བསྡུས་གཟུགས་ཤིག་ཡིན་ལ། ཡོད་ཚད་ད་ལྟའི་འཚོ་གནས་ཀྱིས་དེད་པའི་དངོས་པོའི་དཔལ་ཡོན་ལས་ཐར་དཀའ་བ་འབའ་ཞིག་གོ མཐའ་འཁོར་གྱི་ཡོད་ཚད་སྒོར་མོ་དང་འབྲེལ་ནས་ཡོད་པ་གློག་བརྙན་ནང་གི་ས་བརྐོའི་འཕྲུལ་འཁོར་(འདྲེ་མོ་ལག་རིང་།)གྱི་ཁ་ལོ་བས་ཡང་ལས་གའི་མང་ཉུང་ཐད་གར་སྒོར་མོའི་མང་ཉུང་གིས་ཐག་གཅོད། སྐབས་འདིར་འཕྲུལ་ཆས་ནི་ད་དུང་བཟོ་ལས་ཅན་གྱི་རིག་གནས་གཞན་ཞིག་གི་མཚོན་དོན་ལྟར། འཕྲུལ་ཆས་ཀྱིས་མདུང་རྩེ་རྩྭ་ཐང་ལ་གཏད་པ་དང་ས་གཤིན་ལ་གཏོར་སྐྱོན་བཟོས་པ་གློག་བརྙན་གྱི་བརྙན་མིག་སྐད་བརྡས་མཚོན་ཡོད།

   གོང་གི་འདི་ནི་ལས་བྱེད་པ་དང་སྦྱིན་པ་གཉིས་ཀྱི་འགལ་ཟླ་མ་ཟད་གློག་བརྙན་གྱི་ཆེས་གཞི་རྩར་གྱུར་བའི་འགལ་ཟླ་ཡང་ཡིན། ཐོང་དང་མི་གཏོང་། དེ་ལྟར་གསའ་དང་ཨ་ཁུ་གསའ་གཉིས་ཀྱི་སྔོན་བྱུང་གི་གཏམ་རྒྱུད་ཅིག་དངོས་བརྒལ་གྱི་མཚོན་ཐབས་སྤྱད་དེ་འགལ་ཟླའི་བར་གསེང་ལ་བཅུག་ཡོད། བརྙན་དུམ་དེ་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དེ་འདྲའི་རྙོག་འཛིང་ཅན་ཞིག་མ་ཡིན་པར། བྱམས་སེམས་དང་དྲིན་ལ་དྲིན་མཇལ་བ། རྒྱུ་འབྲས་ཀྱི་རྣམ་གཞག་གིས་མཚོན་པར་བྱེད་ལ། ཚོན་མདོག་ཀྱང་སྐྱ་བོ་ཡིན་པ་འདིས་ཏག་ཏག་དངོས་ཡོད་ལས་ལྡོག་སྟེ། དྭངས་གཙང་དང་ལྷད་མ་འདྲེས་པའི་ལྗོངས་རྣམ་ཞིག་མཚོན་པར་བྱེད་ལ། མི་སྣའི་གོན་པ་དང་བྱ་བྱེད་ལས་དེ་ནི་གདོད་མའི་དུས་སྐབས་ཤིག་སྟེ། མི་དང་སྲོག་ཆགས་ཀྱི་ཕན་ཚུན་ལ་དྲིན་གཟོ་དང་བཀུར་བསྟི། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན། གངས་དང་རྫ་རི་མཐོན་པོ་སོགས་གནས་ཁྱད་པར་བ་དང་བཅུད་ཀྱི་སེམས་ཅན་གསོན་ཉམས་ལྡན་པ་ཞིག་ཞིབ་བརྗོད་བྱས་ཡོད། དངོས་བརྒལ་ལས་ཕྱིར་དངོས་ཡོད་འཚོ་བར་བལྟས་ཚེ་འགལ་བ་ཉིད་སྔར་བཞིན་ཛ་དྲག་ཆེ་ལ་མཐའ་མཇུག་ཉེན་རྟོགས་པའི་ཐད་ནས་འགལ་བ་ཐག་གཅོད་དགོས་པའི་ཚད་ལ་ཐུག

640 (7)_副本.jpg

༤.གསའ་ཡི་མཐོང་སྣེ།

      གློག་བརྙན་འདིར་ད་དུང་མཚོན་དོན་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནི་གསའ་ཡི་མཐོང་སྣེ་སྤྱད་དེ་ཕྱིར་མི་ལ་བལྟ་བའི་རྣམ་པ་ཞིག་ཡོད་དེ། གསའ་ཐོག་མར་ལུག་རར་ལྡིང་འོང་བའི་དུས་སུ་མིག་མདངས་ལ་བཀྲེས་སྐོམ་དང་འདོད་རྔམ་གྱི་གདུང་བས་མནར་འདུག་ལ། གསའ་ཕྲུག་གི་དོན་དུ་ལུག་ར་ནས་འབྲོག་པའི་ལུག་དགུ་བོ་དེ་མ་ཉིད་རང་གི་ཁ་ཟས་ཅིག་ལྟར་ལྔ་ལམ་དུ་བརྫངས། ཕྱི་ཉིན་གཉིད་ལས་སད་པ་དང་ལུག་རའི་མཐའ་འཁོར་ཡོངས་སུ་མི་དག་གིས་ལག་ལ་ཅ་དངོས་སྣ་ཚོགས་བཟུང་ནས་མཐའ་རུབ་འདུག གསའ་ཡི་མཐོང་སྣེ་ན་འདི་ནི་ཅུང་ཟད་འུད་བསྒྲོག་དང་རྟོག་བཏགས་ཀྱི་གཏུམ་སྤྱོད་རྣམ་པ་ཞིག་སྟེ། མི་ནི་རི་དྭགས་ཀྱི་འཇིག་རྟེན་ལ་གཏོར་བཤིག་གཏོང་མཁན་ཞིག་ཏུ་ཆགས་འདུག དེ་དག་གི་ཁྲོད་ནས་གསའ་རང་ཉིད་དང་འབྲེལ་འདྲིས་ཟབ་པའི་ཨ་ཁུ་གསའ་གཅིག་པུར་མིག་མདངས་ཕན་ཚུན་བསྣོལ་བས་ཡིད་ཁམས་གཞན་ཞིག་གི་སྒོ་མོ་ཕྱེ། ཨ་ཁུ་གསའ་ཡི་འདོད་པ་བཞིན་ནམ་ཞིག་རང་ཉིད་ཀྱང་གསའ་ཞིག་ཏུ་འགྱུར་ན་བསམ་པའི་རེ་སྨོན་དང་མཐུན་སྦྱོར་བྱེད། མཚོན་སྟངས་འདི་ནི་འཁྲབ་ཁྲིད་པ་ཁོ་རང་གི་རིན་ཐང་ལྟ་བ་ཁྱད་པར་བ་ཞིག་ཡིན་ཏེ། སྔོན་ཀྱི་གློག་བརྙན་བརྩམས་ཆོས་མང་ཆེ་བར་ཡང་འདི་ལྟ་བུའི་ཚེ་སྲོག་འདྲ་མཉམ་དང་སྙིང་རྗེ་ཆེན་པོ་ཞིག་གིས་ཁྱབ་ཡོད་ལ། ལྷག་པར་གློག་བརྙན་འདི་ལ་རྒྱའི་གློག་བརྙན་དཔྱད་བརྗོད་པ་བང་ཞོ་ལོའུ(王小鲁)ལྟར་ན་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་གི་ལྟ་བ་ཁྱད་པར་བ་ཞིག་སྟེ། མི་དང་མིའི་ཚོགས་སྤྱིའི་འབྲེལ་བ་ནས་དེར་རི་རབ་དང་གཙང་པོ། ནགས་ཚལ་སོགས་ཀྱིས་གྲུབ་པའི་རང་བྱུང་ཁམས་ཆེན་མོ་དང་སྦྲེལ་མཐུད་དུ་ཡོད་པའི་མཉམ་གནས་ཀྱི་ལྟ་བ་ཁྱད་པར་བ་ཞིག་ལྡན།「大地伦理」 དེ་ལྟར་སོང་ན་གསའ་ནི་དོན་ངོ་མར་མཐའ་མཇུག་གི་འགལ་ཟླའི་འབྱུང་རྐྱེན་གཙོ་བོ་ཡང་མིན་ལ་འགལ་བའང་མིན་པར། “གསའ་ནི་གངས་རིའི་རྣམ་ཤེས་ཡིན”པ་ལྟར། གསའ་ཡི་མིག་ཟུང་སྤྱད་དེ་ད་ལྟའི་མི་ཡུལ་གྱི་འཚོ་གནས་ལ་བལྟ་བའི་མིག་ཟུང་ཁྱད་པར་བ་ཞིག་གོ།

        ཆེས་མཐའ་མཇུག་གློག་བརྙན་དུ་ཁ་བའི་ཟེགས་མ་འཐོར། གསའ་ནི“ཁྱི་རྒན”དང་མི་འདྲ་བར་ཐད་ཀར་ཚེ་ཐར་ལ་བཏང་སོང་། བགྲེས་པོ་དང་ཨ་ཁུ་གསའ་ལ་གུས་པའི་ཉམས་སྟོན། ཡིན་ཡང་། མི་ཉིད་སྔར་བཞིན་འཇིག་རྟེན་འཚོ་གནས་དང་འགལ་འདུ་ཡི་ཁྲོད་ན་ལུས་ཡོད། འགལ་བ་འདི་དག་སུས་ཀྱང་ཐག་གཅོད་ཐབ་མ་སོང་། སྔར་བཞིན་ལྕགས་ཚེར་དང་ཁར་གྱང་གི་འགལ་འདུའི་ཕུང་བོའི་བར་ན་ལུས་ཡོད། བརྙན་ལེན་འཕྲུལ་ཆས་དང་པར་ཆས། རི་མགོའི་བརྙན་མིག ཁ་པར་གྱི་བརྙན་མིག་སོགས་དེང་རབས་ཀྱི་བྱ་དངོས་མང་པོ་ཞིག་གིས་དུས་བརྟན་དུ་འཚོས་ནས་ཡོད། གང་དུ་ཡང་ཐར་ས་མེད་པ་ནི་སྔར་བཞིན་ང་རང་ཚོ་ལས་མ་འདས། 

         གློག་བརྙན་ཁང་གི་སྒོར་ཐོན་པ་ན་ང་ཚོའི་དངོས་ཡོད་སྔར་བཞིན་དངོས་ཡོད་རང་རེད། དེ་ནི་སུས་ཀྱང་བསྒྱུར་ཐབས་དཀའ་ལ། ཐ་ན་འཁྲིབ་ཁྲིད་པ་ཁོང་ནང་བཞིན་དེ་ལ་ཞིབ་བརྗོད་ལེགས་པོ་ཞིག་ཀྱང་འཁྱོང་དཀའ་བས་སྐྱེས་བུ་བྱས་པ་ཅན་ཁོང་ལ་གུས་འདུད་ཡང་ཡང་ཞུ།

དཔྱད་མཆན་ཡོད།