གློག་བརྙན«སྒོ་སམ»ཕབ་སྐྲུན་གོ་རིམ་ཁྲོད་ཀྱི་མྱོང་སྣང་བརྗོད་པ།

11.jpg

                                ཁངས་ཆག་ཁྲོད་ཀྱི་སྒོ་སམ།

 འཁྲབ་སྟོན་ཡུལ་དངོས་ནས་བཏུས་པའི་འཇག་སྐྱའི་ཤུ་སྒྲ།


      ཉིན་འགའི་སྔོན་ལ་གྲོགས་ཡོན་ཏན་གྱིས་ཁ་པར་བརྒྱུད་དེ་ཁོ་བས་ད་ལོ་སྒོ་སམ་ཞེས་པའི་གློག་བརྙན་ཞིག་འཁྲབ་རྩིས་ཡོད་པས་ཁྱོད་རང་འཁྲབ་སྟོན་པར་ཡོང་ཐུབ་བམ་ཞེས་དྲིས་སོང་། སྤྱིར་ད་ལོ་ང་རང་ཉིད་ཀྱང་སྒེར་དོན་ཉག་ཉོག་ལུང་བ་གང་གིས་མནན་ཡོད་སྟབས་ང་ལ་དངོས་གནས་དུས་ཚོད་ལྷག་མ་ཞིག་མི་འདུག  ཡིན་ན་ཡང་དོན་དངོས་ནས་བཤད་ན་གྲོགས་པོ་ཡོན་ཏན་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཉུང་ཉུང་ནང་གི་གཅིག་ཡིན། ལྷག་པར་ཁོང་གིས་ད་ལོ་བྲིས་པའི་སྒོ་སམ་གྱི་འཁྲབ་གཞུང་དང་མཇལ་རྗེས། ང་ལ་མི་ཁོམ་ཞེས་ངག་གྲོལ་བའི་རྒྱུ་མཚན་དང་སྤོབས་པ་ཡེ་ནས་འགག་པར་གྱུར།

      ངའི་འདུ་ཤེས་ཀྱི་གཏིང་རུམ་ན་ཁོང་ལ་ངོས་འཛིན་ནམ་ལྟ་སྟངས་ཤིག་ཆགས་ཡོད་པ་ནི། ཁོང་ནི་ང་དང་མི་འདྲ་བར་འཚོ་བ་དཔྱོད་ཤེས་ཀྱིས་རོལ་མཁན་ཞིག་དང་ཤ་ཐང་འབད་ཐང་གིས་ལས་ཀ་སོ་སོ་སྒྲུབ་ངེས་པའི་ན་གཞོན་རུས་པ་ཅན་དེ་ཡིན་པ་ལས།  ཚོར་ཤེས་ཀྱི་དབང་གིས་དུས་ཚོད་དང་གྱེས་ཏེ་རྨི་ལམ་གྱི་རྟོག་པ་སྒྱུ་མར་ཕུལ་བའི་མགྲིན་ནད་པ་རང་ལྟ་བུ་དང་གཏན་ནས་མི་འདྲ། དེ་ནི་ཁོང་གི་སྔོན་སོང་གི་བརྩམས་ཆོས་དང་ལོ་རྒྱུས་ཐ་དག་ལས་གསལ་བོར་མཐོང་ངེས་པ་ཞིག་ཡིན། དེ་བཞིན་རང་ངོས་ནས་ཀྱང་ནམ་རྒྱུན་ཁོང་དང་ཁོང་གི་བརྩམས་ཆོས་ལ་མཇལ་ཚེ་གཟབ་ནན་དང་ཨུ་ཚུགས་ཀྱིས་ཀློག་དགོས་པ་ལྟ་བུ་ཆགས་ཡོད། དེ་ནི་རང་གི་བློ་ཁ་དང་མཚམས་པའི་བརྩམས་ཆོས་ཀྱི་རིགས་སུ་གཏོགས་མིན་ལས་བྱུང་བ་རེད། 

       ཡིན་ན་ཡང་ད་ཐེངས་སྒོ་སམ་གྱི་འཁྲབ་གཞུང་ནི་དེ་དག་དང་གཏན་ནས་མི་འདྲ་བའི་སྣང་བ་ཞིག་རང་བློར་གྲུབ་ཟིན། དེ་ནི་དངོས་ཡོད་ལས་འདས་པའི་རྨི་ལམ་དང་། རྨི་ལམ་ལས་འདས་པའི་དངོས་ཡོད་དགའ་སྡུག་གི་འཚོ་བ་ཟུང་འབྲེལ་གྱིས་གྲུབ་པའི་བརྩམས་ཆོས་ཤིག་ཡིན་ལ་ལྷག་ཏུ་བརྩམས་ཆོས་ཁྲོད་ཀྱི་དགེ་རྒན་དེ་ཡི་ལས་དབང་དང་རྨི་ལམ་ནི་ཏན་ཏན་ང་རང་གི་རྨི་ལམ་གྱི་འཕྲུལ་སྦྱངས་དང་ཁ་ཐག་ཤིན་ཏུ་ཉེ་བར་སྣང་བས། མཚམས་རེར་འཁྲབ་གཞུང་ནང་གི་མི་དེ་ནི་ང་རང་ཉིད་ཡིན་སྣང་གི་འཕྲུལ་བས་བཟི་འགྲོ་ལ། འཁྲབ་ཚིག་དག་ཀྱང་རང་གིས་ཚོར་དང་མ་ཚོར་བའི་བར་ནས་ངག་ནས་ཟློ་ངེས་པ་ཞིག་དུ་གྱུར་སྟབས། ཁོ་བོས་ད་ཐེངས་ཀྱི་གཙོ་འཁྲབ་པའི་ལས་འགན་དང་དུ་བླངས་པ་ཡིན། ད་དུང་དྲན་གསོས་འོང་བ་ཞིག་ནི་གྲོགས་ཡོན་ཏན་རང་གིས་ཀྱང་ང་ལ་ཁྱོད་རང་ད་ཐེངས་ཀྱི་གཙོ་འཁྲབ་པར་ཤིན་ཏུ་འཚམས་འདུག་ཅེས་ལབ་མྱོང་བ་དེ་རེད།  ཧ་ཧ  ཡིན་ན་ཡང་ང་ནི་ཆེད་ལས་ཀྱི་འཁྲབ་སྟོན་པ་ཞིག་མིན་པ་སུ་ལའང་གསལ་ལོ།།

     སྤྱི་ཟླ་༡༡-༡༨ཉིན་ང་རང་རླངས་འཁོར་ལ་བསྡད་དེ་རྔ་བར་སོང་བ་ཡིན། རྔ་བ་ནས་ཉིན་གཉིས་ཀྱི་རིང་དུ་འཁྲབ་སྟོན་པ་གཞན་པ་དག་ལ་ངོ་ཤེས་པ་དང་འཁྲབ་ཁྲིད་པ་ཁོང་གི་བསམ་ཚུལ་སོགས་ཕན་ཚུན་གྲོས་མོལ་བགྱིས་ཏེ། མདོར་ན་གློག་བརྙན་སྒོ་སམ་གྱི་སྔོན་འགྲོའི་སྟ་གོན་ལ་གྲ་སྒྲིག་གང་འཚམས་བཟོས་རྗེས། ཞོགས་པའི་སྨུག་སྤྲིན་གྱིས་རི་བོའི་མགུལ་བ་གཡོགས་ཤིང་། ས་གཞིའི་རྒྱ་ཁྱོན་གྱིས་ཁ་བའི་གོས་ཆེན་མནབས་པའི་ཞོགས་པ་དེ་ལ། ང་ཚོའི་རེ་སྨོན་གྱི་བསང་ཆབ་སྔོན་མོ་ལས་རླུང་གི་ཀི་སྒྲ་དང་བཅས་ཏེ་འཁྲབ་སྟོན་གྱི་འགོ་བརྩམས་པ་ཡིན། དེ་ནི་ཕུགས་བསམ་གྱིས་མདུན་དུ་སྐུལ་བའི་ང་ཚོ་ལ་མཚོན་ན། སྐབས་དེ་ནི་བདེ་སྐྱིད་དང་ཆེས་ཐག་ཉེ་བའི་དུས་ཚོད་དམིགས་བསལ་བ་དེ་ག་ལ་མིན། 

    དེ་ལྟར་གློག་བརྙན་སྒོ་སམ་གྱི་ཕབ་སྐྲུན་ཚན་ཆུང་གི་ལས་མི་སོ་སོས་རང་བགོས་ཀྱི་ལས་ཀ་ཧུར་ཐག་གིས་འབད་ཀྱིན་འདུག

ངས་ཀྱང་སྒོ་སམ་རྒྱབ་དུ་འཁུར་ཏེ་འཁྲབ་ཁྲིད་པའི་བཀོད་པ་ལྟར་འཕྲུལ་རྟ་བཞོན་ཏེ་གཞུང་ལམ་ནས་རྒྱུགས། སྐབས་སྐབས་སུ་ཁ་བས་གཡོགས་པའི་སྐྲ་རྩེ་རེ་རེ་ནས་ཐུགས་པའི།  བརླན་གཤེར་གྱི་ཐུག་པ་རེ་རེ་སྐེ་དང་གོང་བ་བརྒྱུད་དེ་བྲང་ངོས་སུ་འགྲུལ་དུས། བདག་གིས་མངོན་སུམ་ལས་འདས་པའི་རྨི་ལམ་གྱི་གྲང་ངར་ཚོར་ལ། སྐབས་དང་སྐབས་སུ་འཕྲུལ་རྟའི་ཤེལ་སྒོ་ལས་མངོན་པའི་རང་གི་ངོ་གདོང་ཕྱེད་ཀ་ལས། སྐྱེས་པ་ནས་རྒ་བར་ཕྱོགས་པའི་ཡུལ་གྱར་རྨི་ལམ་པ་ཞིག་གི་སྐྱིད་སྡུག་གི་རྒས་གཉེར་མཐོང་གི་འདུག  གང་ལྟར་ཡུལ་དངོས་ཀྱི་འཁྲབ་ཚན་རེ་རེ་དང་། ཁངས་ནང་དུ་རྒྱུགས་ཤིང་འདུར་བའི་གྲོགས་པོ་ཚོའི་རྒྱབས་གཟུགས་རེ་རེ་ནི་ཅི་འདྲའི་སྙིང་དུ་སྡུག་པ་ལ། 

    བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡོར་དང།། ཐག་རིང་རྒྱང་ལ་མི་འཕུར། ལུ་ཐང་བསྐོར་ནས་སླེབས་ཡོང་།། ལུས་སྲོག་འཁྱག་གིས་བསྡམས་པའི་མི་རབས་འདི་ཡི་ཁ་ལག་གྲང་ཕྱིད་དུ་སོང་ན་ཡང་། མགྲིན་པའི་སྤོབས་པ་གདུ་བའི་རླངས་པའི་དུད་ཞགས་ཀྱི་ཀླུང་དུ། སྐྱོ་ལ་སྙི་བའི་དབྱངས་རྟ་དེ་ཉིད་ལྷོད་ཀྱིས་ལྡེམ་ཞིང་ཟོལ་གྱིས་མཆེད་པ་ཅི་འདྲ་ཅི་འདྲའི་ཤ་ཚ་མོ་ལ་ཨང་།

    ཚོང་ལས་འཛུགས་སྐྲུན་གྱི་རྦ་རླབས་ཆེན་པོས་རང་བྱུང་གི་རགས་ཁ་ཕྱི་ལ་བསྐོར་བའི་རྔ་ཆུ། གར་འགྲོའི་ཞེན་ཆགས་དང་གར་བསྡོད་དམིགས་པ་མེད་པར་ཁ་ཁུ་སུམ་པོར་བཞུར་གྱིན་འདུག  རྒྱང་རིང་རྒྱང་རིང་ཞིག་ཏུ་བཞུར་གྱིན་འདུག  དེ་ལྟར་ལོ་བརྒྱའི་ཁེར་ཧྲེང་གི་སྡུག་ཡུས་རུམ་པའི་རྔ་ཆུའི་འགྲམ་དུ་ང་རང་ཀྲོང་ངེར་འགྲེང་སྟེ་སུ་ཞིག་ལ་སྒུག་དགོས་སམ། སུ་ཞིག་ང་ཡི་རེ་སྒུག་བསམ་ཞིང་ཚུར་ལ་ཡོང་ངེས་སམ། དེ་ནི་བདག་གི་དངོས་ཡོད་ཀྱི་བསམ་གཞིགས་རེད། ཏག་ཏག་དེ་ནི་ཕྱི་དྲོ་ཞིག་ཀྱང་རེད། 

640.jpg

ཏག་ཏག་སྐབས་དེ་ཤེད་དུ་རླངས་པ་ཐོ་ལོར་ལྡིང་བའི་རྔ་ཆུའི་དཀྱིལ་དུ་བུ་མོ་ཞིག་ག་ལེར་བདག་གི་ཕྱོགས་སུ་ཐོན།  ཨ་ཙི་དེ་ནི་མངོན་སུམ་ཡིན་ནམ་དོན་དངོས་ཡིན། ཏག་ཏག་ང་དང་རྔ་ཆུ་སྐྱོ་གདུང་གིས་མནར་བའི་དུས་སུ་བུ་མོ་ཁྱོད་རང་ག་ནས་ཡོང་ངམ་གང་དུ་འགྲོ་འམ། ངག་བསྡམས་ཤིང་གདོང་བཏུམས་པའི་བུ་མོ་ཁྱོད་ཉིད་སུ་ཞིག་ཡིན་ནམ་ཀྱེ། ངས་ལག་པ་བསྲིངས་ཏེ་བུ་མོ་ཉིད་མངོན་སུམ་དུ་འབོད་དུས། འཁྲབ་ཁྲིད་པས་ཡག་སོང་། ཧ་ལས་པ་ཡག་སོང་ཟེར། ཧ་ཧ མ་གཞི་དེ་ནི་མངོན་སུམ་ལས་འདས་པའི་མངོན་སུམ་གྱི་འཁྲབ་ཚན་ཞིག་ཡིན་བཞག 

     ང་རང་རྨི་ལམ་ལས་སད་པ་ལྟར་བུ་མོ་དེའི་འགྲམ་དུ་སོང་། མོའི་མིང་ལ་ཤེལ་དཀར་ཟེར། མོ་ནི་ད་ཐེངས་སྒོ་སམ་གྱི་ནང་གི་གཙོ་འཁྲབ་པ་ཡིན་ལ་འཁྲབ་གཞུང་ནང་གི་དགེ་རྒན་དེ་ཡི་རྨི་ལམ་གྱི་བུ་མོ་དེ་ཡང་ཡིན། ངེད་གཉིས་ཕན་ཚུན་གྱི་མིང་ཤེས་པ་ཙམ་ནས་འཁྲབ་སྟོན་ལ་ཞུགས་ཤིང་ཁངས་ཆག་ཁྲོད་ཀྱི་སྒོ་སམ་གྱི་སྐྱིད་སྡུག་མཉམ་འཁུར་བྱས་པ་ཡིན། ཡིན་ན་ཡང་ངས་ད་རུང་ཁོ་མོའི་ནང་སེམས་དང་ངོ་གདོང་ཧྲིལ་བོ་མཐོང་མ་མྱོང་། དེ་ནི་བདག་གི་རྨི་ལམ་གྱི་བུ་མོ་དང་ངེད་གཉིས་བར་གྱི་འབྲེལ་བ་དང་ཅི་འདྲའི་མཚུངས་ཨང་། ཁོ་མོའི་མི་གཞན་དང་ཁ་བརྡ་བྱེད་དུས་ང་རང་ཏག་ཏག་ཁོ་མོའི་རྒྱབ་ཕྱོགས་སུ་འགྲེང་ཡོད། མཚམས་རེར་ཁོ་མོ་ང་དང་གདོང་གཏད་དེ་ཡོང་སྐབས་ངས་ནམ་རྒྱུན་ཁོ་མོའི་མིག་ཟུང་ལས་མཐོང་ཐུབ་ཀི་མེད། ཡིན་ན་ཡང་ངས་ཁོ་མོའི་མིག་ལམ་ནས་ཁོ་མོའི་རྨི་ལམ་ནང་གི་སྐྱེས་པ་དེ་ཡི་ལང་ཚོ་དང་སྐད་ངག་ཐོས་ཀྱིན་ཡོད།  དེ་ནི་སྒོ་སམ་གཞན་ཞིག་གི་སྐྱིད་སྡུག་དང་ཧ་ཅང་འདྲ་བོ་འདུག

      སྒོ་སམ་རྐུ་ལ་ཤོར་ཉིན་ནས་ང་རང་རྐང་ནག་ཐང་ལ་བབས་པ་ཡིན། རི་སྐེད་ཀྱི་ལམ་ཕྲན་རེ་རེ་རྡོག་པས་མཇལ་བ་ཡིན། ལམ་ཀྱི་ཉི་འོད་ཀྱི་ལྡ་ལྡི་བྱིས་པ་ཚོའི་རྨི་ལམ་ནང་བཏུས་པ་ཡིན། ཁྱོད་ཀྱིས་ཐག་རིང་ནས་ང་དང་བྱིས་པ་ཚོའི་མ་འོངས་པའི་རྐང་ལམ་ཕྲ་མོ་དེ་མཐོང་སོང་ངམ། འཁྲབ་ཁྲིད་པས་ཡིན་ཟེར་དུས་ང་དང་བྱིས་པ་ཚོ་གཞི་ནས་སྒང་ཁར་ཐོན་ཏེ་ཨ་མྱེས་སྨུག་ལྡོང་ཞེས་པའི་རི་བོ་ཞིག་གི་བརྗིད་ཆགས་ལ་འཕྲེང་ནས་ཡོད།  རི་མགོ་ཁང་གིས་གཡོགས་པའི་རི་རྒྱལ་དེ་ཡི་དབུ་རྩེ་ལ་འཕྲེང་ནས་ཡོད། བྱ་རྒྱལ་གྱི་གཤོག་པས་བྲབས་པའི་གནམ་གྱི་དགུ་ཚུགས་ཀྱི་འོག་དུ་ང་དང་བྱིས་པ་ཚོ་ཅི་འདྲའི་ཆུང་ཨང་། རྩྭ་ལྡུམ་གྱི་ཤུ་སྒྲས་གཡོ་བའི་གྱང་ཆག་གི་ལྡེབས་སུ་ཉི་མར་ལྡེ་བའི་ང་དང་བྱིས་པ་ཚོའི་རྨི་ལམ་ཅི་འདྲའི་འཁྱག་ཨང་། 

          བྱ་ཁྱུང་ཆེན་གཅིག་གི་གཤོག་སྣེ་ན།།         དགུང་ཁ་ཞེང་ཆེ་བས་སྡུག་ཅིག་ཡོད།། 

          རླུང་ཙག་བསེར་རྒོད་པས་སྡུག་ཅིག་ཡོད།། སྡུག་ཡོད་ཀྱང་ང་ཚོའི་ལས་དབང་ཡིན།།  དགོང་ཕྱི་དྲོའི་གྲིབ་ཆེན་བཀུག་སོང་། གློག་བརྙན་སྒོ་སམ་གྱི་ཕབ་སྐྲུན་ཡང་རྫོགས་སོང་། གྲོགས་ཡོན་ཏན་ངེད་གཉིས་ཀྱིས་མགྲིན་མཉམ་པོས་རང་སྣང་གི་གཞས་རེ་གཏོང་གིན་གྱང་ཆག་གི་ལྡེབས་སུ་འཁྱིལ་བའི་བྱིས་པ་ཚོའི་ངོ་གདོང་དང་། དེ་དག་གི་འོད་ཟེར་ལས་འཕྲོས་པའི་སྐྱིད་སྡུག་གི་གཏམ་རྒྱུད་ཡོངས་རྫོགས་ཡིད་ལ་བཅགས་ཏེ་གྲོང་ཁྱེར་གྱི་ཕྱོགས་སུ་འཐེན་པའི་རྐང་ལམ་བརྒྱུད་དེ་ག་ལེར་ཡོང་། དགོད་ཀྱིན་དགོད་ཀྱིན་ངུ་སྙིང་སྐྱེས་བཞིན་ག་ལེར་ཡོང་། ཕྱིར་མིག་སྒང་ལ་བཞག་ནས་ཡོང་། སྒང་གི་གཏམ་རྒྱུད་དེ་ཡི་ལས་འཕྲོ་བསམ་ནས་ཡོང་། དལ་བ་དལ་བུར་ཡོང་། ཡོང་གིན་ཡོང་གིན་ས་ཡང་རུབ་ནས་ཡོང་། 

2017-12-1ཉིན་མཛོད་དགེ་ནས་སྦྱར་རོ།།།



1512394497308107.jpgམགར་དམག

   ཕ་ཡུལ་མདོ་སྨད་མཛོད་སྒེ། བོད་ཀྱི་ན་གཞོན་སྙན་ངག་པ།  བརྩམས་ཆོས་ལ་《དམྱལ་བའི་ཕུགས》སོགས་ཡོད།  གློག་བརྙན་《 སྒོ་སམ་》གྱི་གཙོ་འཁྲབ་པ། ད་ལྟ་གློག་བརྙན་སྒྱུ་རྩལ་ཕྱོགས་ལ་འཇུག་བཞིན་པའི་ན་གཞོན་དཔའ་ངར་གྱི་གདེང་དང་ལྡན་པ་ཞིག


▕ «སྒོ་སམ»ཞེས་པའི་གློག་བརྙན་ཞིག་རྔ་བ་རུ་ཕབ་སྐྲུན་མཇུག་རྫོགས་པ། http://www.filmtbt.com/news/nyan/2017-12-04/787.html

དཔྱད་མཆན་ཡོད།